ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> སྟོན་པ་གཤེན་རབ་ཀྱི་འཁྲུངས་མཆོད་ཆེན་མོ་སྲུང་བརྩི་ཞུས་པ།
སྟོན་པ་གཤེན་རབ་ཀྱི་འཁྲུངས་མཆོད་ཆེན་མོ་སྲུང་བརྩི་ཞུས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བསྟན་འཛིན་སྦྱིན་པ།] [ཟླ་ཚེས། 11-02-25] [ཀློག་གྲངས། ]

འབྱུང་ལྡན་༣༠༡པའི་བོད་ལྕགས་སྟག་ལོའི་ཟླ་༡༢པའི་ཚེས་༡༥ཕྱི་ལོ་༢༠༡༡ཟླ་༢ཚེས་༡༨ཉིན་བདག་ཅག་གི་སྟོན་པ་སངས་རྒྱས་རྣམ་འདྲེན་བརྒྱད་པ་༧རྒྱལ་བ་གཤེན་རབ་མི་བོ་ཆེ་མཆོག་འགྲོ་བ་གཞན་དོན་དུ་མི་འཇེད་འཇིག་རྟེན་ཞིང་འདིར་སྐུ་མཆོག་མངོན་པར་བལྟམས་ནས་ད་བར་མི་ལོ་༡༨༠༢༨འཁོར་བའི་དུས་མཆོད་ཁྱད་པར་ཅན་འདི་ཉིད་བལ་ཡུལ་བོན་གྱི་ཆེས་མཐོའི་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བལ་ཡུལ་བོན་གྱི་ཚོགས་སྡེ་ཁག་བརྒྱད་དང་། དེ་བཞིན་བལ་པོའི་ནང་ལོགས་སུ་ཡོད་པའི་བོན་གྱི་དགོན་སྡེ་རི་ཁྲོད་༣༣ཙམ་གྱི་འཐུས་མི་ལྷན་འཛོམས་གནང་ནས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་རུ་བདག་ཅག་གི་སྟོན་པ་སངས་རྒྱས་ཀྱི་འཁྲུངས་མཆོད་ཆེན་མོ་སྲུང་བརྩི་ཞུས་པ་ཞིག་ཡིན་པ་རེད།
མཛད་རིམ་ཁག་གཤམ་གསལ།
༡༽གོང་ཚེས་ཉིན་སྔ་དྲོའི་ཕྱག་ཚོད་༠༩།༣༠ཐོག་མི་ཚོགས་འདུ་འཛོམས་དང་སེར་ཕྲེང་ཆེན་མོར་མཉམ་ཞུགས་གནང་།
༢༽དེ་རྗེས་༧སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གདན་འདྲེན་ཞུས་ཤིང་སྐྱ་སེར་འདུས་པ་ཀུན་ཚོགས་ཁང་ཆེན་མོར་ཚོགས་ཞུགས་གནང་རྗེས་ལྷན་ཚོགས་ཀྱི་དྲུང་ཆེ་ཏྲེ་སྟོན་དགེ་བཤེས་བློ་གྲོས་མཆོག་ལེགས་ཀྱིས་མཛད་རིམ་སྙན་སྒྲོན་ཞུས།
༣༽༧སྐྱབས་རྗེ་སྨྲ་བའི་དབང་པོ་མཆོག་གིས་སྣང་གསལ་སྒྲོན་མེ་སྤར་ཞིང་སྐྱ་སེར་འདུས་པ་ཀུན་གྱིས་”སྟོན་པའི་རྒྱལ་པོ་འགྲོ་བ་འདྲེན་པའི་དཔལ”ཞེས་པའི་གསོལ་འདེབས་དབྱངས་སུ་གྱེར་བཞིན་མཛད་སྒོ་དབུ་འབྱེད་གནང་།
༤༽ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་གིས་མཛད་སྒོ་ངོ་སྤྲོད་གནང་།
༥༽༧སྐྱབས་རྗེ་སྨྲ་བའི་དབང་པོ་མཆོག་གིས་དགེ་སྡིག་སྤང་བླངས་ཀྱི་བཀའ་སློབ་བཀའ་དྲིན་བསྩལ།
༦༽ལྷན་ཚོགས་ཀྱི་དྲུང་གཞོན་བསམ་འགྲུབ་ཚེ་རིང་གིས་སྟོན་པའི་མཛད་རྣམ་མདོར་བསྡུས་བལ་སྐད་ཐོག་སྒྲོགས་སྦྱང་ཞུས།
༧༽གལ་ཆེའི་སྐུ་མགྲོན་རྣམས་ཀྱིས་གསུང་བཤད་གནང་གྲུབ་མཚམས་ཚོགས་གཞོན་དགེ་བཤེས་ཉི་མ་ཀུན་ཁྱབ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་།
༨༽སྐྱ་སེར་འདུས་པ་ཀུན་གྱིས་ཉིན་གུང་གསོལ་ཚིགས་ལྷན་དུ་རོལ།
༩༽ཉིན་རྒྱབ་ཕྱག་ཚོད་༠༢པའི་ཐོག་སླར་ཡང་མི་མང་རྣམས་ཚོགས་ཁང་དུ་འདུ་འཛོམས་གནང་།
༡༠༽ལྷན་ཚོགས་ཀྱི་དྲུང་གཞོན་མཆོག་ནས་ཕྱི་དྲོའི་མཛད་རིམ་སྙན་སྒྲོན་ཞུས།
༡༡༽སྟོན་པའི་མཛད་རྣམ་སྒྲོགས་སྦྱང་ཞུས།
༡༢༽དཔོན་སློབ་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་གིས་མི་མང་རྣམས་ལ་སྐྱབས་འགྲོ་སེམས་བསྐྱེད་དང་སྙིང་པོ་རྣམ་གསུམ་གྱི་ཁྲིད་ལུང་བཀའ་དྲིན་བསྩལ་ཞིང་མི་མང་རྣམས་ཀྱིས་གསོག་སྦྱོང་ཞུས།
༡༣༽ཚོགས་ཞུགས་མང་ཚོགས་ཀྱིས་བསྟན་རྒྱས་སྨོན་ལམ་མཉམ་དུ་གྱེར་བ་དང་། སྟོན་པའི་སྐུ་མདུན་དུ་མཇལ་དར་འབུལ་ཞུས་གནང་གྲུབ་མཚམས་སྟབས་བདེའི་མཛད་སྒོ་ཐེངས་གཉིས་པའི་མཇུག་ལེགས་གྲུབ་པའོ། །

ད་རེས་ཀྱི་གནས་ཚུལ་འདི་ཉིད་བལ་ཡུལ་གྱི་གསར་གནས་བརྒྱུད་ལམ་ཁག་མི་འདྲ་བ་བཅུ་གྲངས་ནས་ཐོན་འདུག་པ་བཅས་བསྟན་འཛིན་སྦྱིན་པ་ནས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག