ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ༧གདན་ས་ཁག་གི་དགུ་གཏོར་ཆེན་མོ།
༧གདན་ས་ཁག་གི་དགུ་གཏོར་ཆེན་མོ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཨ་ དཔལ་བཟང་དང་ཁྱུང་སྨོན་ལམ།] [ཟླ་ཚེས། 11-03-04] [ཀློག་གྲངས། ]

༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་དགུ་གཏོར་ཆེན་མོ།

ཁྱུངཿསྨོན་ལམ།


གཡུང་དྲུང་དགའ་འཁྱིལ།


༄༅། །གྲུབ་མཐའི་རྒྱལ་པོ་འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་འབྱེད་རྣམ་འདྲེན་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རིང་ལུགས་འཁྲུལ་བ་མེད་པ་གཞིར་བཟུང་ལོ་བསྟར་རེ་བཞིན་བོད་ཕྱི་ནང་གི་གཡུང་དྲུང་བོན་གྱི་དགོན་སྡེ་ཁག་གང་སར་ཁྲོ་ཕུར་དགུ་གཏོར་ཆེན་མོ་ཚོགས་སྲོལ་ཡོད་པ་ལྟར།

འདི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡ ནས་ ༣ བར་ཏེ་བོད་ལྕགས་སྟག་ལོའི་བོད་ཟླ་བཅུ་གཅིག་ཚེས་ཉེར་བདུན་ནས་ཉེར་དགུ་བར་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་ཚོགས་ཁང་ཆེན་མོར་ཡི་དམ་ཁྲོ་བོ་ངོ་མཚར་རྒྱས་པ་དང་། དབལ་ཕུར་དྲག་པོ་གཏིང་རྫོགས་སྤྱི་དོན་ཉི་ཤུ་རྩ་ལྔ་གཉིས་ཀྱི་གཞུང་བསྲང་ནས་ཁྲོ་ཕུར་གྱི་གདངས་དབྱངས་འབྲུག་མོ་ལྡིར་བའི་སྒྲ་དབྱངས་ལ་དྲངས་ཏེ་སྔོན་དངོས་རྗེས་གསུམ་གྱི་བྱ་བཞག་ཁག་དང་། ཕྱི་ནང་གསང་གསུམ་གྱི་མཚམས་བཅད་སྐབས་ཀྱི་སྟག་འགྲོས་སེང་སྟབས། གཡུང་དྲུང་ལུ་གུ་རྒྱུད་ཀྱི་འགྱིང་འགྲོས། ཉིན་སོ་སོར་ཕུར་སྒྲིལ་སོགས་འཆམ་གནང་བ་དང། སྒྲུབ་ཁང་དབང་དྲག་ཕོ་བྲང་དུ་དབར་ཕུར་དྲག་པོ་གཏིང་རྫོགས་ཀྱི་སྲུང་ཟློག་གཞུང་བསྲང་། བོད་ཚེས་ཉེར་དགུ་ཉིན་རྒྱབ་ཡངས་པའི་རྒྱལ་ཁམས་ཀུན་ཏུ་གནས་པའི་སྐྱེ་འགྲོ་ཡོངས་ལ་འཚེ་བར་བྱེད་པ། ཕྱི་ལས་ལ་གྱུར་པའི་དགྲ། ནང་རྣམ་རྟོག་ལ་གྱུར་པའི་བགེགས། གསང་བ་མ་རིག་པ་ལ་གྱུར་པའི་བདུད་ཚོགས་རྣམས་བསྒྲལ་ནས་བླ་མ་ཡི་དམ་མཁའ་འགྲོ་བོན་སྐྱོང་དང་བཅས་པ་རྣམས་ཀྱི་ཐུགས་ཀློང་དུ་བསྟིམ་པའི་བརྡ་མཚོན་དབལ་ཕུར་བསྒྲལ་བསྟབ་ཀྱི་གར་འཆམ་དང། གཤེན་རབ་དགུ་འཆམ། གཏོར་རྒྱག་གི་འཆམ་སོགས་འཁྲབ་གནང་བ་མ་ཟད། ༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་སེར་སྐྱ་མི་མང་ལ་ཟློག་དབང་བསྩལ་གནང་བ་དང། ༸སྐྱབས་རྗེ་སྨན་རིའི་དཔོན་སློབ་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་གིས་ཁྲུལ་གསོལ་དང་གཏོར་རྒྱག་གི་དབུ་བཞུགས་གནང་། གཏོར་རྒྱག་གྲུབ་ནས་མེ་རིའི་གར་འཆམ་དང་གཡུང་དྲུང་དགའ་འཁྱིལ་བསྐོར་གྲུབ་མཚམས་ཀི་བསྭོ་ལྷ་རྒྱལ་འཐེན་གནང་མཛད། བོད་ཚེས་སུམ་ཅུའི་ཐོ་རེངས་གཤེན་གྱི་དགེ་སྤྱོད་འདུལ་བའི་གསོ་སྦྱོང་ཚོགས་གནང་བ་དང་རྣམ་འདྲེན་རྒྱལ་བ་གཉིས་པའི་བླ་སྒྲུབ་ཀྱི་ཚོགས་འཁོར་བསྐོར་གནང་མཛད་ཡོད་པ་རེད། ཐ་ཚན་མུ་ཙུག་སྨར་རོ།།

༧གདན་ས་རབ་ལེགས་གཡུང་དྲུང་གླིང་གི་དགུ་གཏོར་ཆེན་མོ།
ཨ་ དཔལ་བཟང་།

སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་སྤྱི་ཡི་གྲྭ་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་གི་ལོ་འཇུག་གི་དགུ་གཏོར་ཆེན་པོ་བོད་ཟླ་བཅུ་གཉིས་པའི་༼༢༦༽ནས་༼༢༨༽པར་གྲྭ་མང་ཀུན་གྱིས་ཁྲོ་ཕུར་གྱེར་ལེན་བྱེད་ཅིང་འཚོགས། ༼༢༩༽ཉིན་དགུ་གཏོར་ཆེན་མོ་སྔོན་གྱི་ལམ་ལུགས་ལྟར་ལོ་རེ་བཞིན་འཆམ་སྣ་དག་རིམ་བཞིན་དང་པོ་སྒྲ་བསྟབ་སྲུང་མ་སྲིད་རྒྱལ་འབག་ནས་གྲགས་སེང་བར་སྲུང་མ་བཅུ་གསུམ་དང་།


དེ་ནས་རྣམ་བརྒྱད། དུར་ཁྲོད། སྟག་འཆམ་རྣམས་འཆོམས་ཚར་རྗེས། དེ་ནས་མཁན་སློབ་རྣམ་གཉིས་གཙོར་བྱས་གྲྭ་མང་རྣམས་གསེར་འཕྲེང་བསྒྲིགས་ནས་གཤེན་རབ་དགུ་འཆམ་འཆོམས་ནས་ཟློག་གཏོར་བསྐྱལ།


དེ་ནས་ཡར་འཆམ་ར་ནས་བྲོ་བརྡུང་མེ་རི་ལྷ་རྒྱལ་སོགས་ཁ་དགེ་བཀྲ་ཤིས་ཅི་རིགས་བརྗོད་རྗེས་གྲྭ་མང་རྣམས་ནོར་བུ་དགའ་འཁྱིལ་དང་གཤེན་རབ་མཆོད་རྔ་བརྡུང་ཅིང་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་ལམ་འདེབས་པའི་ལྷ་རྒྱལ་ཕྱེ་མར་གཏོར། ཕྱི་ཉིན་༼༣༠༽པའི་སྔ་དྲོ་མཁན་སློབ་གཙོས་བྱས་ནས་གྲྭ་མང་ཀུན་ གསོ་སྦྱོང་གནང་། དེ་རྗེས་བསྟན་པ་རྒྱས་པའི་བཀྲ་ཤིས་སྨོན་འདེབས་ངང་ནས་འཚོགས་གྲོལ་ནས་རང་རང་སོ་སོའི་ལོ་གསར་གྱི་གྲལ་བསྒྲིག་ལ་རེམས། ཅེས་བོད་མི་ཡོངས་ལ་བོད་ཀྱི་ལོ་སར་ལ་བཀྲ་ཤིས་བདེ་ལེགས་དང་མ་འོང་པ་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཡང་ནས་ཡང་དུ་ཤ་རུས་གཅིག་པའི་སྤུན་ཟླ་ཚོ་ལ་ཞུ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག