ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> གངས་ཏི་སེ་བོན་གཞུང་དཔེ་ཚོགས་པེ་ཅིང་དུ་འགྲེམ་སྤེལ་བྱས་པ།
གངས་ཏི་སེ་བོན་གཞུང་དཔེ་ཚོགས་པེ་ཅིང་དུ་འགྲེམ་སྤེལ་བྱས་པ།
[རྩོམ་གྱི་ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།] [རྩོམ་པ་པོ། བཀྲ་འདུལ་གྱིས་བསྒྱུར།] [ཟླ་ཚེས། 11-06-12] [ཀློག་གྲངས། ]

༼གངས་ཏི་སེ་གཡུང་དྲུང་བོན་གཞུང་རིག་མཛོད༽དཔེ་ཚོགས་འགྲེམ་སྤེལ་བཞུགས་མོལ་ཚོགས་འདུར་ཞུགས་པའི་ཆེད་མཁས་ལྷན་རྒྱས། 

      ཟླ་༦ཚེས་༡༡ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་གངས་ཏི་སེ་གཡུང་དྲུང་བོན་གཞུང་རིག་མཛོད་དཔེ་ཚོགས་འགྲེམ་སྤེལ་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། དཔེ་ཚོགས་ཆེན་མོ་འདི་དངོས་སུ་འགྲེམ་སྤེལ་བྱས་པ་རེད། འགྲེམ་སྤེལ་བཞུགས་མོལ་ཚོགས་འདུའི་སྟེང་དཔེ་ཚོགས་འདིའི་སྤྱི་ཁྱབ་འགན་འཛིན་པ་སྤྲུལ་སྐུ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་ལགས་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་དང་དཔེ་ཚོགས་འདིའི་གཙོ་སྒྲིག་པ་སྟོང་སྐོར་ཚེ་རིང་ཐར་ལགས། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་དོན་གྲུབ་དབང་འབུམ་ལགས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་བློ་བཟང་ལྷུན་གྲུབ་རྡོ་རྗེ་ལགས་སོགས་པེ་ཅིང་དུ་བཞུགས་པའི་བོད་རིག་པའི་མཁས་པ་དང་། དཔེ་ཚོགས་འདིར་མ་རྩས་ཞལ་འདེབས་གནང་མཁན་ལི་ཉིང་(李宁)ཀུང་སིའི་ལས་འཛིན་ཅུས་ཀྱི་ཀྲུའུ་ཞི་ལི་ཉིང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་འབྲེལ་ཡོད་དགེ་སློབ་སོགས་ཚོགས་ཐོག་ཏུ་ཕེབས་ནས་དཔེ་ཚོགས་འདི་པར་དུ་བསྐྲུན་པར་རྟེན་འབྲེལ་ཞུས་པ་རེད།

      རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་དོན་གྲུབ་དབང་འབུམ་ལགས་ཀྱིས་ཚོགས་ཐོག་ཏུ་འདི་ལྟར། གངས་ཏི་སེ་གཡུང་དྲུང་བོན་གཞུང་རིག་མཛོད་དཔེ་ཚོགས་འདི་པར་དུ་བསྐྲུན་པ་ནི་བོད་རིག་པའི་ལས་རིགས་ཀྱི་དོན་ཆེན་ཞིག་དང་། བོད་རིག་གནས་དར་སྤེལ་གྱི་དོན་ཆེན་ཞིག་རེད་ཅེས་དང་། བོན་རིག་གནས་ཀྱིས་མཚོ་བོད་མཐོ་སྒང་ལ་བྱས་རྗེས་རླབས་པོ་ཆེ་བཞག་ཡོད་ཅིང་། བོན་ཆོས་ཀྱིས་བོད་མིའི་སྔ་དུས་ཀྱི་བསམ་པའི་འདུ་ཤེས་གཅིག་གྱུར་བྱས་ཡོད་པས་བོན་ཆོས་དཔེ་ཚོགས་འདིའི་རིན་ཐང་ངོས་ཟིན་དགོས་ལ། དཔེ་ཚོགས་འདིར་བོད་རིག་གནས་ཞིབ་འཇུག་ཐད་དོན་སྙིང་ཆེན་པོ་ལྡན་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་རིག་གནས་ནི་ཀྲུང་ཧྭ་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། གྲངས་ཉུང་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱས་པ་ཡིན་ཞེས་བསྟན།

      ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལས་འཛིན་གཞོན་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་དང་《གངས་ཏི་སེ་བོན་གཞུང་རིག་མཛོད་》དཔེ་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་པ་རྩེ་ཞིག་ཚང་༧ཤེས་རབ་བསྟན་པའི་ཟླ་བ། དཔེ་ཚོགས་ཀྱི་གཙོ་སྒྲིག་པ་སྟོང་སྐོར་ཚེ་རིང་ཐར། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཁྲིན་ཆིན་དབྱིན། ཀྲུང་གོའི་བོད་ལྗོངས་དྲ་བའི་སྤྱི་ཁྱབ་གཙོ་སྒྲིག་པ་ཀྲང་ཞའོ་ཕིང་། ཀྲུང་གོའི་མི་དམངས་སློབ་ཆེན་ཀྲུང་གོའི་གནའ་བོའི་རིག་གནས་སློབ་གླིང་གི་གླིང་གཙོ་གཞོན་པ་ཧྲེན་ཝེ་རུང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་འཛམ་གླིང་ཆོས་ལུགས་ཞིབ་འཇུག་སྡེ་ཚན་གྱི་ཞིབ་འཇུག་པ་སྐལ་བཟང་རྒྱལ། མི་རིགས་དཔེ་སྐྲུན་ཁང་བོད་ཡིག་ཚན་ཁག་གི་རྩོམ་སྒྲིག་ཞུ་ཆེན་དང་དཔེ་ཚོགས་ཀྱི་རྩོམ་སྒྲིག་པ་གཞོན་པ་སྒྲོལ་མ་སྐྱབས་སོགས་ཀྱིས་སྔ་ཕྱིར་ཚོགས་ཐོག་ནས་གསུངས་བཤད་གནང་ཞིང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དཔལ་འབར་རྡོ་རྗེས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་།

       《གངས་ཏི་སེ་བོན་གཞུང་རིག་མཛོད་》དཔེ་ཚོགས་ནི་བོད་ཀྱི་རིག་གནས་བསྟན་བཅོས་གལ་ཆེན་ཞིག་ཡིན་ལ། རིན་ཐང་ཆེ་བའི་བོན་ཆོས་བྲིས་མ་དང་ཤིང་བརྐོས་པར་མ་གང་མང་ཕྱོགས་བསྡུས་བྱས་པ་ཞིག་ཀྱང་ཡིན། དེར་བོད་མི་རིགས་ཀྱི་བསམ་བློ་དང་ལོ་རྒྱུས། ཆོས་ལུགས། གནམ་དཔྱད། སྐར་རྩིས། ས་ཁམས། སྨན་དང་སྨན་བཅོས། རྩོམ་རིག སྒྱུ་རྩལ་སོགས་ཀྱི་ནང་དོན་འདུ་ཞིང་རིག་གནས་རིན་ཐང་དང་རིག་གཞུང་རིན་ཐང་གཞལ་དུ་མེད་པ་ཡོད་པ་རེད། དཔེ་ཚོགས་དེ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་དང་བོད་རིག་པའི་མཁས་ཆེན་ཚེ་རིང་ཐར་ལགས་ཀྱིས་གཙོ་སྒྲིག་གནང་ཞིང་མི་རིགས་དཔེ་སྐྲུན་ཁང་གིས་པར་ཏུ་བསྐྲུན་པ་རེད།

      བོན་ཆོས་ནི་མཚོ་བོད་མཐོ་སྒང་རང་ས་ནས་བརྡོལ་བའི་སྲོལ་རྒྱུན་རིག་གནས་ཡིན་པ་མ་ཟད་བོད་པའི་རིག་གནས་ཀྱི་འབྱུང་ཁུངས་ཀྱང་ཡིན་ཞིང་། དེའི་སྔ་དུས་ཀྱི་དད་པ་བྱེད་སྟངས་དང་ཆོ་ག་ཕྱག་ལེན་སོགས་ཀྱིས་བོད་མི་རིགས་ཀྱིས་འཇིག་རྟེན་ཁམས་ཀྱི་འབྱུང་ཁུངས་ངོས་འཛིན་ཚུལ་དང་། ཉི་ཟླ་གཟའ་སྐར་གྱི་རྒྱུ་ལུགས། རང་བྱུང་ཁམས་ཆེན་མོའི་ཆགས་སྟངས། ཚེ་སྲོག་གི་བྱུང་བ། མིའི་རིགས་ཀྱི་སྐྱེ་འཕེལ། རང་བྱུང་ཁམས་དང་བྱ་དངོས་གཞན་བར་གྱི་འབྲེལ་བ་སོགས་མཚོན་ཡོད། དཔེ་ཚོགས་གཙོ་སྒྲིག་ཚན་ཆུང་གི་དགོངས་ཚུལ་ལྟར་ན། བོན་ཆོས་ཀྱི་མི་ཚུལ་གཟིགས་སྐྱོང་སོགས་མིའི་རིགས་ཀྱི་གནའ་བོའི་ཤེས་རིག་གི་གླེང་གཞི་གལ་ཆེན་རྣམས་ནི་བོད་མི་རིགས་ཀྱི་གནའ་རབས་རིག་གནས་ཀྱི་འབྱུང་ཁུངས་དང་ཡོད་ཚད་ཡིན་ལ། བོན་ཆོས་ཤེས་རིག་གིས་བོད་མི་རིགས་ཀྱི་སེམས་རྒྱུད་དང་རིག་གནས་སེམས་ཁམས། བྱ་བ་སྤྱོད་པ་སོགས་ལ་ཤུགས་རྐྱེན་གཏིང་ཟབ་མོ་བཞག་ཡོད་ལ། དེ་དང་དུས་མཚུངས་སུ་བོན་ཆོས་ཤེས་རིག་ནི་ཀྲུང་ཧྭའི་ཤེས་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དཔེ་གཞུང་དུ་བོད་མི་རིགས་དང་མཐའ་མཚམས་མི་རིགས་ཁག་བར་གྱི་ཆབ་སྲིད་དང་ཆོས་ལུགས། རིག་གནས། དཔལ་འབྱོར་སོགས་ཀྱི་ཕྱོགས་ནས་ལོ་རྒྱུས་ཀྱི་འགྲོ་འོང་དང་སྲོལ་རྒྱུན་གྱི་མཛའ་བརྩེའི་འབྲེལ་བ་ཡོད་པའང་མཚོན་ཡོད།

      གནས་ཚུལ་ཤེས་གསལ་བྱུང་བ་ལྟར་ན། དཔེ་ཚོགས་རྩོམ་སྒྲིག་དང་པར་སྐྲུན། འགྲེམ་སྤེལ་བཅས་བྱེད་པར་ལི་ཉིང་ཐེབས་རྩ་ཚོགས་པས་ཐུགས་ཡངས་པོས་རྒྱབ་སྐྱོར་དང་རོགས་རམ་གནང་བ་རེད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག