ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཐེངས་བཞི་བའི་༼གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་༽ཀྱི་ཚོགས་འདུ་འཚོགས་པ།
ཐེངས་བཞི་བའི་༼གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་༽ཀྱི་ཚོགས་འདུ་འཚོགས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 11-06-17] [ཀློག་གྲངས། ]

 

བོད་ལྕགས་ཡོས་ལོའི་ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་ཐེངས་བཞི་བའི་༼གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་༽ཀྱི་ཚོགས་འདུ་སྟེ་རྒྱུན་ལས་ཀྱི་ཚུལ་དུ་ཟིང་ཆུ་བྱང་བྱ་དུར་དགའ་མལ་དགོན་ཆེན་ནམ་ཟིང་ཆུ་དགོན་ལག་བཅུ་གསུམ་གྱི་དགོན་ཆེན་དུ་འཚོགས་པ་རེད།

རྒྱུན་ལས་ཚོགས་བཞུགས་པ་ཚང་མ།

ཚོགས་གཙོ་ཆེན་མོ་༧ ཟིང་ཆུ་དགོན་ལག་བཅུ་གསུམ་གྱི་མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་ལགས་ནས་གསུང་བཤད་གནང་བཞིན་པ།

ཚོགས་གཙོ་གཞོན་པ་དཔོན་སློབ་ཤེས་རབ་མཐར་ཕྱིན་ལགས་ནས་གསུང་བཤད་གནང་བཞིན་པ།

ཚོགས་གཞོན་སྣང་སྤྲུལ་སྐུ་ཤེས་རབ་འོད་ཟེར་རྒྱལ་མཚན་ནས་གསུང་བཤད་གནང་བཞིན་པ།

རིན་སྤུངས་དཔོན་སློབ་ལྷུན་གྲུབ་བསྟན་འཛིན་ནས་གསུང་བཤད་གནང་བཞིན་པ།

དམུ་དགེ་ཁོག་གཉན་ཡུལ་སྤྲུལ་སྐུ་ཚུལ་ཁྲིམས་དབང་རྒྱལ་དང་མཛོད་དགེའི་ཨ་སྐྱིད་སྐྱང་ཚང་གི་སྐུ་ཚབ་བཤད་སྒྲུབ་རྣམ་གཉིས་གསུང་བཤད་གནང་བཞིན་པ།

ཉང་ཧྲན་(凉山)བོན་འཛིན་གཡུང་དྲུང་གླིང་གི་དགོན་བདག་སྐལ་བཟང་དང་གཟི་ཚའི་དར་རྒྱས་དགོན་པའི་སྤྲུལ་སྐུ་དབང་རྒྱལ་ཚེ་རིང་རྣམ་གཉིས་ནས་གསུང་བཤད་གནང་བཞིན་པ།

ཞང་ངུ་གསེར་གླིང་དགོན་པའི་དཔོན་སློབ་ལྷན་ཚོགས་ཀྱི་དྲུང་ཡིག་པ་མཁས་གྲུབ་རྒྱ་མཚོ་དང་དགའ་མལ་དགོན་ཆེན་གྱི་ཀྲུའུ་རེན་གནམ་གནམ་རྣམ་གཉིས་ནས་གསུང་བཤད་གནང་བཞིན་པ།


ཚོགས་རའི་ཟུར་གཅིག

རིན་སྤུངས་ཀྲུའུ་རེན་དང་གཙོ་ཁམས་ཆེན་ནས་གཏམ་བཤད་གནང་བཞིན་པ།

ལྷན་ཚོགས་ཀྱི་སྤྱིར་གཉེར་བ་དྲན་པ་ཚེ་རིང་དང་དྲུང་ཡིག་པ་ཚེ་དབང་ཕུན་ཚོགས་ནས་གཏམ་བཤད་སྤེལ་བཞིན་པ།

ལྷན་ཚོགས་ཀྱི་དྲུང་ཆེ་བ་རིན་སྤུངས་ཚུལ་བསྟན་ནས་གཏམ་བཤད་སྤེལ་བཞིན་པ།
ཐེངས་བཞི་བའི་༼གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་༽ཀྱི་ཚོགས་འདུའི་ནང་དོན་གནད་བསྡུས།

དེ་ཡང་གཞུང་སྒེར་གང་གིས་ཚོགས་པ་ཆེ་ཆུང་གི་ཚོགས་འདུ་དང་བགྲོ་གླེང་སོགས་གང་དང་གང་འདྲ་འཚོགས་པ་ལ་ཡང་མེད་དུ་མི་རུང་བ་ནི། ཚོགས་འདུ་དང་བགྲོ་གླེང་དེའི་དམིགས་ཡུལ་དང་། དེའི་དགོས་པ། ཚོགས་བཞུགས་པའི་འོས་འགན། དེ་བཞིན་དུས་དང་བསྟུན་པའི་ལས་དོན་སྟེ། ཁ་ཚ་དགོས་གཏུགས་ཀྱི་བསྒྲུབ་དགོས་པའི་དོན་དག་སོགས་ངེས་པར་དུ་ལྡན་དགོས་པ་བཞིན་དུ་ང་ཚོའི་ཚོགས་པ་སྟེ། ༼གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས༽ལ་ཡང་དེ་དག་གི་དོན་ཚན་རྣམས་ལྡན་དགོས་པ་མ་ཟད། ལོ་རེའི་ཚོགས་ཆེན་དང་རྒྱུན་ལས་གང་རུང་འཚོགས་ཐེངས་རེའམ་ཚོགས་འདུ་ཆེ་ཆུང་གང་གི་བར་ལ་ཡང་གྲུབ་འབྲས་མི་དམན་པ་རེ་དང་ངེས་པར་དུ་སྒྲུབ་དགོས་པའི་འོས་འགན་ནམ་གལ་ཆེ་བའི་བསྟན་དོན་ཞིག་ཡོད་དགོས་པ་ལྟར། ཐེངས་བཞི་བའི་༼གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་༽འདིའི་ཚོགས་འདུ་འདི་ལ་སྐབས་སུ་འབབ་པའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་འགའ་ཞིག་བསྒྲུབ་དགོས་པ་སྟེ།

གཅིག ཐེངས་སྔོན་མའི་གྲོས་ཆོད་དག་ལ་ཞིབ་བཤེར་བྱེད་པ།

ཚོགས་ཐེངས་སྔོན་མའི་སྐབས་སུ་སྐོས་བཞག་བྱས་པའི་དོན་ཚན་དག་འགྲུབ་ཡོད་མེད་དང་། འགྲུབ་ཡོད་པ་རྣམས་ལ་བཀའ་དྲིན་ཞུ་བ་དང་། གལ་ཏེ་ལས་འགོ་སོགས་ཀྱང་མ་བཟུང་བ་རྣམས་ལ་ཆེད་དུ་ཚང་མས་ཁོང་ཚོ་ལ་ངེས་པར་དུ་བསྒྲུབ་དགོས་པའི་སྐུལ་མ་གནང་དགོས།

གཉིས། ༼གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་༽ལ་རྒྱབ་སྐྱོར་བྱེད་དགོས།

དགའ་མལ་དགོན་ཆེན་ནམ་ཟིང་ཆུ་དགོན་ལག་བཅུ་གསུམ་གྱི་༼གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་༽ལ་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་དང་ཞོགས་འདེགས་བྱེད་དགོས་པ་དང་། ཁྱད་པར་དུ་ཕྱོགས་སོ་སོ་ནས་སློབ་མ་བསྡུ་རུབ་བྱེད་རྒྱུའི་ཐད་ལ་ཚོགས་བཞུགས་པ་ཚང་མས་ཤུགས་རྒྱག་དགོས་པ་དང་དེ་ནི་ཚོགས་བཞུགས་པ་ཚང་མའི་འོས་འགན་ནང་ནས་འོས་འགན་དེ་ཡང་ཡིན་ལ། དེ་བཞིན་གདན་ས་སྨན་རི་གླིང་ནས་དང་སྣང་ཞིག་དགོན་ཆེན་སོགས་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་བཞེས་པའི་ཟིང་ཆུ་དགོན་ལག་བཅུ་གསུམ་གྱི་དགེ་བཤེས་སོགས་ཤེས་ཡོན་པ་དག་ངེས་པར་དུ་ང་ཚོའི་༼གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་༽ལ་བཞུགས་ཏེ་དཔོན་སློབ་རིན་པོ་ཆེ་དང་དགེ་རྒན་ནོར་བུ་རྣམ་གཉིས་ལ་རོགས་འདེགས་ཏེ་ཁོང་ཅག་གིས་ཐུབ་ཚོད་དང་བསྟུན་ནས་དགེ་རྒན་གྱི་འགན་བཞེས་རྒྱུ་དང་རྗེས་ཕྱོགས་སུ་ཟིང་ཆུ་དགོན་ལག་བཅུ་གསུམ་གྱི་དགེ་བཤེས་ཤིག་ཡིན་ཚེ་ངེས་པར་དུ་༼གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་༽ལོ་གསུམ་བཞིའམ་སོ་སོའི་ཐུབ་ཚོད་བསྟུན་ནས་དགེ་རྒན་གྱི་འགན་བཞེས་དགོས་པའི་ལམ་ལུགས་ཤིག་ཡོད་པ་ཞིག་བྱེད་དགོས།

གསུམ། དམངས་སྲོལ་རིག་གནས་ལ་དོ་སྣང་དང་བརྩི་མཐོང་བྱེད་དགོས།

ཟིང་ཆུ་རྫོང་དང་གཟི་ཚ་སྡེ་དགུ་རྫོང་གཉིས་ནི་བརྒྱ་ཆ་ཕལ་ཆེར་གཡུང་དྲུང་བོན་ལ་དད་པ་བྱེད་མཁན་ཡིན་པ་མ་ཟད། བོད་མདོ་ཁམས་གསུམ་སོགས་གང་ཕྱོགས་ནས་བལྟས་ཀྱང་ཡུལ་ལུང་འདི་གཉིས་ནི་གཡུང་དྲུང་བོན་བསྟན་དར་བའི་ཡུལ་ལམ་བོན་པོ་ཆེས་མང་བའི་གནས་ཤིག་ཡིན་ལ། དེ་ཡིན་པ་བཞིན་དུ་ཡུལ་ལུང་འདི་གཉིས་ཀྱི་དམངས་སྲོལ་རིག་གནས་ཚང་མ་གཡུང་དྲུང་བོན་དང་འབྲེལ་བའི་དམངས་སྲོལ་རིག་གནས་ཤིག་ཡིན་པ་དང་། དེའི་ཕྱིར་དེང་སྐབས་ང་ཚོས་ཀྱང་བོན་གྱི་ལ་རྒྱའམ་དེའི་ཐད་ལ་དོ་སྣང་སོགས་བྱས་ཏེ་གཞུང་སྒེར་གང་རུང་གིས་མཆོད་རྟེན་བཞེངས་པ་དང་འཁོར་ལོ་བཞེངས་པ། ཐ་ན་རི་མོ་སོགས་བཞེངས་པ་ཡང་གཡུང་དྲུང་བོན་དང་འབྲེལ་བའི་རྟེན་བཞེངས་དགོས་པས་དེ་ནི་ང་ཚོ་བོན་པོ་ཞིག་ཡིན་ཚད་ཀྱི་འོས་འགན་དུ་ཡོད་པ་ངེས་དགོས་པ་དང་། དེའི་ཕྱོགས་ལ་ཚོགས་བཞུགས་པ་ཚང་མས་རང་རང་ནུས་ཚོད་བསྟུན་ནས་ཁྱབ་བསྒྲགས་དང་ལས་དོན་བསྒྲུབ་དགོས།

བཞི། དགོན་སྡེ་ལྷ་ཁང་དང་སྐྱེས་ཆེན་འཁྲུངས་ཡུལ་སྐོར་ལ་དོ་སྣང་བྱེད་དགོས།

ཟིང་ཆུ་རྫོང་དང་གཟི་ཚ་སྡེ་དགུ་རྫོང་སོགས་ལ་ང་ཚོས་ཞིབ་བཤེར་ཞིག་བྱས་ཚེ་ཟིང་ཆུ་དགོན་ལག་བཅུ་གསུམ་མམ་དགོན་པ་ལྷ་ཁང་ཉི་ཤུ་ལྷག་ཡོད་ཅིང་། དེ་དག་ལས་ཁ་ཤས་ཕྱིའི་འཛུགས་བསྐྲུན་ཐད་དང་ནང་བཤད་སྒྲུབ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ་ཕྱོགས་ཀྱི་ཐད་ལ་འཕེལ་རྒྱས་འགྲོ་དང་འགྲོ་བཞིན་པའི་སྒང་རེད་ལ། འོན་ཀྱང་ཁ་ཤས་ཕྱི་ནང་གང་གི་ཐད་ལ་ཡང་དཀའ་ཁག་གི་འཕྲང་ལས་བརྒལ་མ་ཐུབ་པའི་གནས་ལ་ཆགས་འདུག་པས། དེའི་ཕྱིར་དགའ་མལ་དགོན་ཆེན་གཙོས་བྱས་པའི་ཆ་རྐྱེན་ལྡན་པའི་དགོན་སྡེ་ཁག་གིས་ཉག་ཕྲ་བའི་དགོན་པ་ལྷ་ཁང་ཁག་ལ་ཕྱི་ནང་གང་ལ་ཡང་རོགས་རམ་རྒྱབ་སྐྱོར་གནང་དགོས། དེ་བཞིན་ང་ཚོའི་ཡུལ་ལུང་ཁག་ལ་མཚོན་ན་གནའ་ནས་ད་བར་དུ་མཁས་གྲུབ་སྐྱེས་ཆེན་གསེར་རི་ཕྲེང་བ་ལྟ་བུ་དུ་མ་ཞིག་ཕྱིན་ཡོད་ལ། དེ་དག་གི་འཁྲུངས་གནས་དག་ལ་རྗེས་དྲན་གྱི་རྟེན་སོགས་བཞེངས་དགོས་ལ། དཔེར་ན་སྐྱབས་མགོན་ཟླ་བ་རྒྱལ་མཚན་མཆོག་གི་འཁྲུངས་གནས་དེ་སྣང་ཞིག་དགོན་ནས་འགན་བཞེས་གནང་ནས་མཆོད་རྟེན་དང་མཆོད་ཁང་གང་རུང་སོགས་བཞེང་ས་རྒྱུ་དང་། དེ་བཞིན་ལྷ་ཁང་ཐད་ལ་ཡང་ཤར་དུང་རི་གསེར་མཚོའི་ལྷ་ཁང་བར་བ་དེ་སྔོན་རིན་སྤུངས་ཨ་ལགས་ཚང་སོགས་དེར་བཞུགས་ཏེ་མཚམས་བསྙེན་སྒྲུབ་སོགས་གནང་བ་དང་། ཁྱད་པར་དུ་སློབ་དཔོན་རིན་པོ་ཆེ་བསྐལ་བཟང་དར་རྒྱས་མཆོག་སྐུ་བཞུགས་དུས་སུ་ལྷ་ཁང་དེར་ཕེབས་ནས་རྣམ་པར་རྒྱལ་བ་དང་ཚོགས་མཆོད་སོགས་འབུལ་བ་དང་། དེ་ནས་ལོ་ངོ་དུ་མའི་རིང་ལ་རིན་སྤུངས་དགོན་པའི་བླ་སྤྲུལ་གྲྭ་མང་རྣམས་དུས་ལྟར་སྟག་ཟླ་ཚེས་བཅུ་བཞི་དང་བཅོ་ལྔ་ལ་དེར་ཕེབས་ནས་རྣམ་རྒྱལ་དང་ཚོགས་མཆོད་སོགས་འབུལ་མྱོང་བ་དང་། དེང་ལོ་འགའ་ལ་གསེར་མཚོ་དོ་དམ་ལས་ཁུངས་སོགས་ནས་དགག་སྟེ་ལམ་ལུགས་ཉམས་དམས་སུ་འགྲོ་འདུག་པས། དེ་ངེས་པར་དུ་སླར་གསོ་གནང་དགོས་ཏེ། རིན་སྤུངས་དགོན་པ་ནས་འགན་བཞེས་གནང་ནས་དེ་ངེས་པར་སླར་གསོའི་ཐད་ལ་ཤུགས་སྣོན་བྱེད་དགོས་པ་དང་། དེའི་ཐད་ལ་དགའ་མལ་དགོན་ཆེན་ནས་ཕྱོགས་ཐད་ནས་ཀྱང་རྒྱབ་སྐྱོར་སོགས་བྱེད་དགོས། དེ་དང་དེ་འདྲ་བ་ཡོད་རིགས་དག་ལ་དགོན་ཆེན་དང་དགོན་ལག་ཚང་མས་དེ་ཕྱོགས་ལ་ཤུགས་སྣོན་སོགས་བྱེད་དགོས།

ལྔ། མཐུན་སྒྲིལ་ལ་ཤུགས་སྣོན་དགོས་པའི་སྐོར།

སྤྱིར་བྱ་བ་ཆེ་ཕྲའི་རིགས་གང་དང་གང་ཞིག་ཡིན་རུང་དེ་སྒྲུབ་པ་ལ་མཐུན་སྒྲིལ་དེ་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་པ་སྨྲོས་མ་དགོས་པ་ལྟར་རེད། ང་ཚོ་ཡང་བསྟན་པའི་བྱ་བ་གང་དང་གང་ཞིག་སྒྲུབ་པ་ལ་ཡང་ཆེས་གལ་ཆེ་བ་དང་མེད་དུ་མི་རུང་བ་ནི། དོན་དངོས་ཀྱི་སྤྱིར་སེམས་དང་མཐུན་སྒྲིལ། གུས་བཀུར་བཅས་ཡིན་ལ། དོན་དངོས་ཀྱི་སྤྱིར་སེམས་དང་མཐུན་སྒྲིལ། གུས་བཀུར་མེད་ན་ཁ་ནས་སྤྱིར་སེམས་སོགས་གང་བྱུང་བྱུང་ལབ་ན་ཡང་དེས་ཕན་འབྲས་གང་ཡང་ཐོན་མི་སྲིད་ལ། ང་ཚོ་ལ་མཚོན་ན་སྤྱིར་མཁན་སློབ་རྣམ་གཉིས་ནས་དབུ་བཟུང་སྟེ་བླ་མ་དང་བླ་མའི་བར། མཁན་པོ་དང་མཁན་པོའི་བར། དགོན་པ་དང་དགོན་པའི་བར། གྲྭ་བ་དང་གྲྭ་བའི་བར་ལ་དོན་དངོས་ཀྱི་སྤྱིར་སེམས་དང་མཐུན་སྒྲིལ་སོགས་མེད་ན་ང་ཚོའི་བསྟན་པ་འདི་ཉིད་ཉམས་དམས་སུ་འགྲོ་བ་ལས་འཕེལ་རྒྱས་འགྲོ་བའི་དུས་ཤིག་ཡོད་མི་སྲིད་པས། དེར་ཕྱིར་ང་ཚོ་ཚང་མས་དེའི་ཐད་ལ་དོ་སྣང་དང་བརྩི་མཐོང་སོགས་བྱེད་དགོས།

དྲུག  ལོ་དེབ་དང་དཔེ་དེབ་པར་བསྐྲུན་དགོས་པའི་སྐོར།

སྤྱིར་དེང་གི་ཆ་ལ་བོད་མདོ་ཁམས་གསུམ་སོགས་རྒྱལ་ཕྱི་ནང་གི་དགོན་སྡེ་ཁག་དང་སློབ་གླིང་ཕལ་ཆེར་བ་རྣམས་ལ་ལོ་དེབ་དང་ཚགས་པར། དཔེ་ཚོགས་སོགས་ཡོད་པ་མ་ཟད། དེའི་སྐོར་ལ་འཕེལ་རྒྱས་བྱུང་ནས་ཀྱང་ལོ་ངོ་བཅུ་ཕྲག་ལྷག་ཕྱིན་ཡོད་ཅིང་། ང་ཚོ་ཡུལ་ལུང་འདི་ཕྱོགས་དགོན་སྡེ་ཁག་ལ་དེའི་ཐད་ཀྱི་རིག་གནས་སམ་པར་སྐྲུན་གྱི་སྐོར་ལ་རྒྱང་ཐག་རིང་འདུག་པས། དགའ་མལ་དགོན་ཆེན་ལྟ་བུ་དགོན་ཆེན་འདི་འདྲ་ལ་ལོ་དེབ་སོགས་བསྒྲིགས་རྒྱུ་དེ་དཔེར་འཕྱིས་དྲག་པས་ད་ང་ཚོས་ངེས་པར་དུ་བསྒྲིགས་དགོས་པའི་གནས་ཚུལ་ཞིག་ཀྱང་རེད། གཙོ་བོ་མཁན་སློབ་རྣམ་གཉིས་ཀྱིས་བཀའ་སློབ་འོག་རྩོམ་སྒྲིག་ཚོགས་པ་ཞིག་བཀོད་བསྒྲིགས་གནང་ནས་ལོ་ལྟར་ལོ་དེབ་དང་དཔེ་དེབ་འགའ་རེ་པར་བསྐྲུན་གནང་སྟེ་དེའི་སྐོར་གྱི་སྟོང་ཆ་དེ་ཁ་སྐོང་དགོས་འདུག་པས། དེའི་ཕྱིར་ལོ་དེབ་སོགས་ཀྱི་ནང་དོན་བསྒྲིགས་སྟངས་ཐད་དང་ལོ་དེབ་ཀྱི་མིང་། ལེ་ཚན། པར་གཞི། ལོ་དེབ་ཀྱི་ཁ་ཕྱོགས་གཙོ་བོ་དེ་གང་འདྲ་ཞིག་ལ་བཟུང་དགོས་ཕྱོགས་ཐད་ལ་བགྲོ་གླེང་གནང་སྟེ། ལོ་དེབ་དེ་ངེས་པར་དུ་བསྒྲུབ་དགོས་པ་བཞིན་དུ་ལོ་དེབ་དེ་ཡང་ལོ་དེབ་ཏུ་ཆགས་ཐུབ་པ་ཞིག་བྱེད་དགོས།
མདོར་ན། ཐེངས་བཞི་བའི་༼གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་༽འདི་འཚོགས་པ་ལ་བརྟེན་ནས་སྤྱིར་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དང་སྒོས་སུ་ཡུལ་ལུང་འདི་ཕྱོགས་སོགས་སུ་བཤད་སྒྲུབ་བསྟན་པའི་དར་ཆེན་ཕྱོགས་ཡོངས་སུ་བསྒྲེངས་པའི་ནུས་པ་ཞིག་ཐོན་དགོས་པ་མ་ཟད། ཁྱད་པར་དུ་༼གཡུང་དྲུང་བོན་གྱི་བཤད་སྒྲུབ་སློབ་གླིང་༽ལ་ནང་སློབ་མ་བསྡུ་རུབ་དང་དགེ་རྒན་དང་། ཕྱི་འཚོ་བའི་ཆ་རྐྱེན་སོགས་གང་ཐད་ལ་རོགས་རམ་དང་རྒྱབ་སྐྱོར་གནང་རྒྱུ་ནི་ང་ཚོ་ཚོགས་བཞུགས་པ་ཚང་མའི་འོས་འགན་དང་འགན་འཁྲི་རུ་ཡིན་པ་ལ་ཡིན་པ་ཡང་ངོས་འཛིན་གནང་སྟེ་ཚོགས་འདུ་འདི་ཚོགས་འདུའི་ནང་དོན་དང་ལྡན་པ་ཞིག་བྱེད་དགོས་པ་དང་། ཚོགས་འདུའི་གྲོས་ཆོད་དེ་ངེས་པར་དུ་ཡོད་དགོས་པ་དང་གྲོས་ཆོད་དེ་དག་འགན་ཁུར་བྱེད་མཁན་དག་གིས་ཀྱང་རང་ཉིད་ཀྱིས་ཁས་ལེན་པ་ལྟར་དུ་འགྲུབ་ཐུབ་པར་བྱེད་དགོས།
མཐར་ཚོགས་བཞུགས་པའི་ཚང་མའི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་ཤིང་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་་བཀྲ་ཤིས་བདེ་ལེགས་ཀྱི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། །

ཞེས་ངེས་པར་དུ་དགོས་མཁོ་ཡོད་པ་ལ་དམིགས་ཏེ་དྲུང་ཡིག་མིང་འཛིན་པ་རིན་སྤུངས་ཚུལ་བསྟན་ནས་༢༠༡༡་༦་༡༣་ཉིན་བྲིས་པའོ། །
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག