གསོན་ཉམས་ཀྱིས་ཕྱུག་པའི་རི་དྭགས་ཀྱི་གཟུགས་བརྙན།
ཡུལ་མི་རྣམས་ཀྱིས་རྡོ་བརྐོས་རི་མོ་ལ་ཁ་བཏགས་འཐེན་ནས་དད་སེམས་མཚོན་པ།
རྡོ་བརྐོས་རི་མོ་ནི་རྡོ་བརྐོས་རིག་གནས་ཀྱི་རིགས་ཤིག་ཡིན་ལ། བོད་ལྗོངས་ནི་རང་རྒྱལ་གྱི་རྡོ་བརྐོས་རི་མོའི་ཁྱབ་ཚུལ་ཆེས་སྟུག་པོའི་ས་ཁུལ་ཞིག་ཡིན། 1996ལོར་བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་སྲུང་སྐྱོབ་སྡེ་ཁག་ཏུ་འདེམས་པའི་རུ་ཐོག་རྡོ་བརྐོས་རི་མོ་དེ་ནི་བོད་ལྗོངས་ས་ཆའི་ཆེས་ཚབ་མཚོན་རང་བཞིན་ལྡན་པའི་རྡོ་བརྐོས་རི་མོ་ཞིག་ཡིན་པར་མ་ཟད། སྒྱུ་རྩལ་གྱི་རིན་ཐང་ཡང་ཧ་ཅང་མཐོ།
རུ་ཐོག་རྡོ་བརྐོས་རི་མོ་དེ་དག་ནི་མཁྲེགས་རྡོ་སོགས་ཀྱིས་བྲག་ངོས་སུ་བརྐོས་ནས་གྲུབ་པ་ཞིག་ཡིན་ལ་ཐིག་རིས་བབ་ཆགས་པར་སྣང་བ་དང་། ལོ་ཟླ་གང་མང་ཞིག་འགོར་ཟིན་ན་ཡང་རི་མོ་རྣམས་གསལ་བོར་མཐོང་ཐུབ་ཅིང་གསོན་ཉམས་ཀྱིས་ཕྱུག་འདུག་པ་ཞིག་ཡིན། རྡོ་བརྐོས་རི་མོ་དེ་དག་གིས་གཙོ་བོ་མཐོ་སྒང་གི་གནའ་རབས་སྤྱི་ཚོགས་ཀྱི་འཚོ་བའི་རྣམ་པ་མཚོན་ཀྱིན་ཡོད་པ་སྟེ། དཔེར་ན་རི་དྭགས་རྔོན་པ་དང་། ཆོས་ལུགས་ཀྱི་ཆོ་ག་སྤེལ་བ། སྐྱ་རྩལ་ངོམས་པ། ཕྱུགས་འཚོ་བ། ཞིང་རྨོ་བ། ཉི་ཟླ་སྐར་གསུམ། རྟ་ནོར་ལུག་གསུམ། ཁང་ཁྱིམ་དང་མི་སྣ་སོགས་ཀྱི་སྣང་བརྙན་ཡིན།
རུ་ཐོག་རྡོ་བརྐོས་རི་མོ་ལ་ས་འདི་བརྒྱུད་ནས་འགྲོ་བའི་ཀྲུང་དབྱང་འཕྲིན་སྦྱོར་ལས་ཁུངས་ཀྱི་ཐུགས་ཁུར་ཐོབ་པ།
བྲག་ངོས་སུ་བརྐོས་པའི་སྲོག་ཆགས་སྣ་ཚོགས་དང་མིའི་གཟུགས་རིས།
ཚོད་དཔག་བྱས་པ་ལྟར་ན། རུ་ཐོག་ས་ཆའི་རྡོ་བརྐོས་རི་མོ་འདི་རྣམས་ཕལ་ཆེར་སྤྱི་ལོ་སྔོན་ཀྱི་དུས་རབས་དྲུག་པ་ནས་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་ནང་དུ་བརྐོས་ཤིང་། རི་མོའི་ནང་དོན་གྱི་ཆ་ནས་ངོ་མཚར་ཆེ་བའི་དོན་མཚོན་རི་མོ་ཡང་ཧ་ཅང་མང་བས། ཞིབ་འཇུག་པ་རྣམས་ཀྱིས་ད་ལྟ་ཡིན་ཡང་དེའི་ནང་དོན་རྟོགས་ཐུབ་ཀྱི་མེད་ཟེར།
དུས་ཡུན་རིང་བོར་འདིའི་ཕྱོགས་ལ་ཞིབ་འཇུག་མཛད་མྱོང་བའི་ཆེད་མཁས་དག་གིས་བཤད་ན། རུ་ཐོག་རྡོ་བརྐོས་རི་མོ་འདིས་བོད་ལྗོངས་ཀྱི་གནའ་བོའི་མི་རིགས་ཀྱི་ལོ་རྒྱུས་དང་། ཆོས་ལུགས། སྒྱུ་རྩལ། དམངས་སྲོལ་ལ་སོགས་པའི་ཞིབ་འཇུག་ལ་རིན་ཐང་བྲལ་བའི་དངོས་རྫས་རྒྱུ་ཆ་ཕུན་སུམ་ཚོགས་པ་ཞིག་འདོན་སྤྲོད་བྱས་ཡོད་པ་དང་། གནའ་བོའི་སྟབས་བདེ་ཞིང་བབ་ཆགས་པའི་རི་མོ་འདི་དག་ནི་ཞང་ཞུང་གི་གནའ་བོའི་མི་རིགས་ཀྱི་དཔལ་འབྱོར་འཚོ་བ་དང་། སྤྱི་ཚོགས་བྱ་འགུལ། ཆོས་ལུགས་དད་མོས་སོགས་ཟིན་ཐོར་བཀོད་པ་ལྟ་བུ་ཞིག་ཡིན་ཞིང་། རི་མོ་རྐོ་མཁན་གྱིས་རང་བྱུང་གི་སྣང་ཚུལ་སྣ་ཚོགས་ལ་རང་གི་གོ་བ་ལེན་སྟངས་ལྟར་གསར་བསྐྲུན་མཛད་པའི་ཐུན་མིན་གྱི་བརྩམས་ཆོས་ཤིག་ཡིན་ལ། དེའི་ཁྲོད་དུ་གདོད་མའི་མཛེས་རྟོག་གི་ལྟ་ཚུལ་དང་ཡ་མཚར་བའི་གནའ་མིའི་བསམ་ཡན་གྱི་འཆར་སྒོ་ཡང་མི་ཉུང་བ་ཞིག་མཐོང་ཐུབ་ཟེར། རྩོམ་རིག་ཆེད་མཁས་ལ་ལས། རྡོ་བརྐོས་རི་མོ་འདི་ནི་གནའ་རབས་པ་རྣམས་ཀྱིས་བྲག་རྡོའི་སྟེང་དུ་བཀོད་པའི་གཟུགས་བརྙན་རང་བཞིན་གྱི་ལོ་རྒྱུས་དེབ་ཐེར་ལྟ་བུ་ཞིག་ཡིན་པས། བོད་ལྗོངས་ཀྱི་མི་རིགས་ལོ་རྒྱུས་དང་། མི་རིགས་རིག་པ། དམངས་སྲོལ་རིག་པ། གནའ་རབས་ཀྱི་ཆོས་ལུགས་ལོ་རྒྱུས། གནའ་རབས་སྐྱེ་ཁམས་རིག་པ། གནའ་བོའི་འགྲིམ་འགྲུལ་དང་སྒྱུ་རྩལ་སོགས་ལ་ཞིབ་འཇུག་བྱེད་སྐབས་ཀྱང་དེ་བཞིན་དུ་ཟུར་ལྟའི་རིན་ཐང་ཆེན་པོ་ཡོད་ཅེས་གསུངས་བཞིན་འདུག
མི་རབས་རྗེས་མས་རྡོ་བརྐོས་རི་མོའི་མཐར་སྐོར་དུ་བརྐོས་པའི་མ་ཎི་ཡིག་དྲུག
ནང་དོན་རྟོགས་དཀའ་བའི་དོན་མཚོན་རི་མོ།
ལྷ་འབྲུག་རྒྱལ་གྱིས་སྒྲིག་བསྒྱུར་བྱས།