སྔར་གྱི་གོ་ཐོས་དུ་མ་དང་ཧི་མ་ལ་ཡའི་བོན་དྲྭ་ཚིགས་ལས་སྒྲུབ་པས་མངག་གཞུག་ལྟར་སྤྱི་ལོ་ཉིས་སྟོང་དགུ་བར་ཁོ་བོ་བྱང་རྫ་ཆུ་ཁའི་རྫ་ཉིན་བོན་དགོན་དམར་རིལ་ཆགས་ཡུལ་གཤེན་ལྷ་འོད་དཀར་གྱི་གནས་རི་དང་ཆུ་རྨ་ལེབ་ཀྱི་འབྲི་མོ་གདོང་བཟོ་ན་ཆགས་ཤུལ་ལུས་པའི་སྒྱོགས་ཆེན་དགོན་གནས། ཁྲི་འདུའི་སྒྱོགས་ཆེན་ལྡོང་ར་ལ་དར་མྱོང་བའི་བོན་གྱི་ལྷ་འབངས་མི་སྡེ། སྔར་བོན་དགོན་དུ་གྲགས་པའི་རག་ཤུལ་ཀླུང་ཤོད་དགོན། སྒྱི་བ་ལུང་བའི་གནས་གཡུ་བྲག་གི་གཡོན་ཟུར་སྟག་ལ་སྒྲུབ་ཕུག སྒ་སྐྱེ་དགུ་མདོའི་བྱ་ཆུ་ཁོག་གི་གནས་རི་བོན་ཆེན་སྟག་མོ་ཁ་ལྡང༌། ལབ་འོབས་ཁེད་གྲོང་གི་ལྷོ་ཕྱོགས་དང་ཉེ་བའི་བདེ་ཆེན་སྒྲུབ་ཕུག་གི་ཨ་དཀར་གསལ་བ་དགུ་འཛབ་དང་ཨ་ཡིག་རང་བྱོན། ཁྱད་པར་དུ་ཡུལ་ཤུལ་ཁྲི་འདུ་རྫོང་ལབ་ཡུལ་ཚོ་ལྷ་ས་གཡུང་དྲུང་ཐང་སྡེ་བའི་རྫ་མཁན་དགོན་ནམ་ལབ་དགོན་ན་བཞུགས་པའི་བོན་གྱི་མཚམས་ཁང་དཀར་རིལ། ལབ་དགོན་གྱི་རྒྱབ་རི་བཀྲ་ཤིས་ལྷ་རྩེའི་རི་གདོང་འོག་མའི་བོན་གྱི་གསས་ཁང་དང་ཕྱིས་སུ་བླ་མ་ཨ་དཀར་བོན་ཆུང་གིས་བོན་གྱི་འཁོར་ལོ་བསྐོར་ས་སོགས་གཡུང་དྲུང་བོན་གྱི་དེབ་ཐེར་ཁག་ཏུ་བྲི་བཀོད་གསལ་ཁ་མེད་པ་དག་ལ་ཞིབ་དཔྱོད་ཐོས་མཇལ་ལ་འཇུག་པར་བརྩམས་པ་དང༌། ཉིས་སྟོང་བཅུ་གཅིག་པའི་བོད་ཟླ་བཞི་བར་ལབ་དགོན་པའི་ཤར་ཕྱོགས་ལེ་བར་བདུན་བརྒྱད་མཚམས་ཀྱི་སྨུ་གུ་སྒང་དང་ཁ་ཡེ་སྒང་གི་ཉིན་ཁ། དུང་ཡེ་སྤུན་གསུམ་གྱི་འདབས་རོལ་ན་བོན་གྱི་དགོན་ཤུལ་ཆགས་ས་ཞིག་གི་རྡོ་འབུམ་དང་མཇལ་སྐལ་བྱུང༌།
ལབ་ལུང་འོབས་ཁེད་སྡེ་བའི་ཡུལ་མི་རྒན་པ་པད་མ་དབང་འདུས་དང་གཞོན་ནུ་ཉི་མ་ཚེ་རིང་གཉིས་ཀྱིས་བཤད་པ་ལྟར་ན། སྟོང་ལོ་བདུན་པར་སྨད་རྒྱ་ནག་གི་ཞིབ་འཇུག་པས་བརྟག་དཔྱད་ཀྱི་འབྲས་བུ་ལ་སྙིང་བོ་རྣམ་གསུམ་གྱི་རྡོ་འབུམ་དེ་ནི་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་པར་ར་འཕྲོག་བྱས་ཟེར། ཨ་མྱེས་པད་མ་དབང་འདུས་(ལོ་བདུན་ཅུ)ཚང་གི་མི་རབས་གོང་མ་དགའ་ཡག་སོགས་ཁྱིམ་བརྒྱུད་སྔ་མ་མང་པོ་ནས་གབ་སྦས་སུ་ཡོད་པའི་བོན་གྱི་རྡོ་འབུམ་རྙིང་བའི་ནང་དོན་ནི་བཟླས་ཆོག་རིན་ཆེན་སྒྲོན་མའི་སྙིང་བོ་མ་ཏྲི་དང༌། འཁོར་བ་ངན་སོང་དོང་སྤྲུགས་ཀྱི་བསྒོམ་བཟླས་དུ་ཏྲི་སུ། ཨ་དཀར་གསལ་བ་དགུ་འཛབ་སལེ་འོད་བཅས་གསུམ་སྟེ། སྒྲིབ་སྦྱོང་སྐོར་བཞིའི་ནང་གི་ཡིག་བརྒྱ་མ་གཏོགས་པའི་སྙིང་བོ་རྣམ་གསུམ་དེ་ཡིན། བོན་ལུགས་པའི་བཀའ་བརྟེན་འགྱུར་གྱི་རྡོ་འབུམ་ཁྲོད་ནས་འདི་ལ་ཡོངས་གྲགས་སུ་སྙིང་བོ་རྣམ་གསུམ་གྱི་རྡོ་འབུམ་ཞེས་འབོད་སྲོལ་དར་ཆེ་བར་མངོན།
སྙིང་བོ་རྣམ་གསུམ་གྱི་རྡོ་འབུམ་བཞུགས་ཡུལ་གྱི་ཁོར་ཡུག་རྒྱ་ཁྱོན་ལ་མུའུ་ཉི་ཤུ་ཙམ་དང༌། ཞིང་མཐའི་རྡོ་བརྩིགས་རིང་མོའི་ཚུལ་དུ་སོང་བའི་རྡོ་ལེབ་བརྩེགས་མའི་རིང་ཚད་ལ་སྤྱི་ཁྲི་དྲུག་ཅུ་དང་དེ་ལས་སྤྱི་ཁྲི་བཅུ་ནི་སྙིང་བོ་རྣམ་གསུམ་གྱི་རྡོ་འབུམ་ཡིན་ཏེ། མཐོ་ཤོས་ལ་སྤྱི་ཁྲི་དོ་ཙམ་དང་དམའ་ཤོས་རྣམས་སྤྱི་ཁྲི་ཕྱེད་ཀ་ཙམ་མ་གཏོགས་མེད། བརྩིགས་རྒྱ་ཁྲི་ཙི་དོ་ཙམ་དུ་འདུག
འདིའི་སྐོར་གྱི་ཞིབ་འཇུག་གི་ནང་དོན་འཕྲོས་བཤད་ནི་བདག་གིས་འབྲི་མུས་ཀྱི《བོན་གྱི་རྡོ་འབུམ་དང་འབྲེལ་བའི་ཡུལ་ཤུལ་གྱི་ཞང་ཞུང་རིག་གནས》ཞེས་པར་གསལ་བ་རྗེས་སོར་ཀུན་ལ་ཐུགས་དགོངས་འཁྲོལ་བར་ངེས་པས་རེ་ཞིག་ཡིད་འཇགས་མཛོད་ཅེས་གཤམ་གྱི་རིས་འགྲེལ་ལ་ཞུགས་པར་བྱ།
བཟླས་ཆོག་རིན་ཆེན་སྒྲོན་མའི་སྙིང་བོ་མ་ཏྲི་ཡི་གོ་དོན་ནི། ཨཱོྃ་ནི་སྟོན་པའི་གཙོ་བོའི་ས་བོན་སྐུ་ལྔ་ཡེ་ཤེས་ལྔའི་དོན་ཚང་བ་སྟེ། ཨ་ནི་བོན་སྐུ་དང་སྟོང་ཉིད་ཡེ་ཤེས། ན་རོ་ནི་ལོངས་སྐུ་དང་མེ་ལོང་ཡེ་ཤེས། ཟླ་ཚེས་ནི་སྤྲུལ་སྐུ་དང་སོར་རྟོག་ཡེ་ཤེས། མ་ནི་ངོ་བོ་ཉིད་སྐུ་དང་མཉམ་ཉིད་ཡེ་ཤེས། འ་ཆུང་ནི་མངོན་པར་བྱང་ཆུབ་པའི་སྐུ་དང་བྱ་གྲུབ་ཡེ་ཤེས་སོ།། མ་ནི་ཐུགས་རྗེ་བྱམས་མའི་ས་བོན། ཏྲི་ནི་དམྱལ་བའི་ཐུབ་པ་གསང་བ་ངང་རིང༌། མུ་ནི་ཡི་དྭགས་ཐུབ་པ་མུ་ཆོ་ལྡེམ་དྲུག ཡེ་ནི་བྱོལ་སོང་གི་ཐུབ་པ་ཏི་སངས་རང་ཞི། ས་ནི་མིའི་ཐུབ་པ་གསང་བ་འདུས་པ། ལེ་ནི་ལྷ་མིན་གྱི་ཐུབ་པ་ལྕེ་རྒྱལ་བར་ཏི། འདུ་ནི་ལྷའི་ཐུབ་པ་ཡེ་གཤེན་གཙུག་ཕུད་ཀྱི་སྙིང་བོ་སྟེ་ལྷ་ཚོགས་དེ་དག་གི་ཐུགས་རྒྱུད་སྙིང་བོས་བསྐུལ་ནས་གསོལ་བ་བཏབ་པས་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་བདེ་བླག་ཏུ་འགྲུབ་པའོ། །
ཨ་དཀར་གསལ་བ་དགུ་འཛབ་ས་ལེ་འོད་ཀྱི་གོ་དོན་ནི། གསལ་བ་དགུ་འཛབ་འདི་ལ་འགྲེལ་ཚུལ་མང་ཡང་རེ་ཞིག་ཀུན་བཟང་ཨ་གསལ་ལྟར་ན། ཨ་ཨཱོྃ་ཧཱུཾ་ནི་རྒྱལ་བ་སྐུ་གསུམ་གྱི་དགོངས་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་སྙིང་བོ་ཡིན་པས་སྔགས་ཀྱི་དབུ་འདྲེན་ཏེ་རྒྱས་བསྡུས་ལྟ་བུར་ཡོད་མེད་གང་ཡང་རུང་ལ། ཨཱ་རིང་ནི་ངོ་བོ་མི་གཡོ་བ་སྟེ་དབྱིངས་དང་ཡེ་ཤེས་ཀྱི་གནས་ལུགས། ཨ་ཐུང་ནི་རང་བཞིན་སྐྱེ་བ་མེད་པ་སྟེ་གཞིའི་རྩལ་ཅི་ལྟར་འཆར་ཡང་དབྱིངས་ལས་གཞན་དུ་མི་གཡོ་བ་དང༌། དཀར་ནི་བག་ཆགས་ཀྱི་དྲི་མ་མེད་པ་སྟེ་གནས་ལུགས་ཀྱི་དོན་ལ་སྒྲིབ་གཉིས་དང་བག་ཆགས་ཀྱི་དྲི་མས་བསྒྲིབ་ཀྱང་མ་གོས་པས་མངོན་དུ་འགྱུར་བར་བྱེད་པ་དང༌། ས་ལེ་ནི་སྤྲོས་པའི་མཚན་མ་ལ་རྩེ་གཉིས་སུ་མེད་པ་སྟེ་དག་མ་དག་གི་སྣང་ཚུལ་ཐ་དད་ཀྱང་སྣང་གཞི་གཅིག་ལས་བག་ཆགས་བཟང་ངན་གྱིས་སོ་སོར་སྣང་བ་ཡིན་པས་གཞིའི་ངོ་བོ་ཡེ་ནས་དག་པ་བཞིན་སྣང་ཚུལ་ལའང་དག་མཉམ་གྱི་དགོངས་པ་སྐྱོང་བ་དང༌། འོད་ནི་རྣམ་རྟོག་སེམས་སུ་གྲོལ་བ་སྟེ་རྣམ་རྟོག་ཅི་ལྟར་ཤར་ཡང་གཉེན་པོ་གཞན་མི་དགོས་པར་སེམས་ཉིད་ཀྱི་ངང་དུ་རང་སར་གྲོལ་བར་བྱེད་པ་དང༌། ཨ་ནི་སྡུད་ཡུལ་དབྱིངས་ཀྱི་ངོ་བོ་སྟེ་མཐའ་ཐམས་ཅད་དང་བྲལ་བའི་སྟོང་ཉིད་དང༌། ཡང་ནིསྡུད་བྱེད་ཡེ་ཤེས་ཀྱི་རླུང་སྟེ་སྟོང་ཉིད་ཀྱི་དོན་མཐར་ཐུག་མངོན་དུ་བྱེད་པའི་ཡེ་ཤེས། དབྱིངས་དང་ཡེ་ཤེས་དབྱེར་མེད་དུ་གྱུར་པའི་རྟོགས་པ་མཐར་ཐུག་དང༌། ཨཱོྃ་ནི་སྐུ་དང་ཡེ་ཤེས་ལྔ་སྟེ་གནས་ལུགས་མངོན་དུ་གྱུར་བས་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་རང་རྩལ་དུ་རྫོགས་པ་དང༌། འདུ་ནི་སེམས་ཉིད་ཐིག་ལེ་ཉག་གཅིག་ཏུ་འདུས་པ་སྟེ། དེ་དག་གི་སྐྱེལ་སོ་མཐར་ཐུག་པ་ཀ་དག་སྟོང་བ་ཆེན་པོའི་ངོ་བོ་མཐར་ཐུག་པ་མངོན་དུ་འགྱུར་བར་བྱེད་པའི་སྙིང་བོ་སྟེ་འདི་ལ་བཅུ་ཡོད་ཀྱང་ས་ལེ་གཉིས་གཅིག་ཏུ་འདུ་བས་གསལ་བ་དགུ་འཛབ་ཞེས་བརྗོད་ལ། དེ་དག་གཞི་ལམ་འབྲས་གསུམ་དུ་བསྡུ་ན། ཨཱ་ཨ་དཀར་གསུམ་ནི་གནས་ལུགས་ཀྱི་དོན་སྟོན་པས་གནས་པ་གཞིའི་ཡི་གེ་གསུམ། དཀར་ས་ལེ་འོད་ནི་རྟོགས་པའི་ཉམས་ལེན་སྟོན་པས་རྟོགས་པ་ལམ་གྱི་ཡི་གེ་གསུམ། ཡང་ཨཱོྃ་འདུ་གསུམ་ནི་མཐར་ཕྱིན་དོན་གྱི་ངོ་བོ་སྟོན་པས་མཐར་ཕྱིན་འབྲས་བུའི་ཡི་གེ་གསུམ་སྟེ། ཡང་གསང་འདུས་དོན་རྒྱུད་ལས་ཀྱང་དེ་ལྟར་གསུངས་སོ། །
འཁོར་བ་ངན་སོང་དོང་སྤྲུགས་ཀྱི་བསྒོམ་བཟླས་དུ་ཏྲི་སུ་ཡི་གོ་དོན་ནི། ཨ་དཀར་ཨ་རྨད་སོགས་ལས། ཨ་དཀར་ཨ་རྨད་བཞི་སྦྱོང་བྱེད་ཀྱི་སྙིང་བོ་སྟེ་དག་བྱེད་ཆུ་ལྟ་བུའི་ཡི་གེ དུ་ཏྲི་སུ་ནག་པོ་བཞི་སྦྱང་བྱའི་སྙིང་བོ་སྟེ་དག་བྱ་དྲི་མ་ལྟ་བུའི་ཡི་གེ ཞི་ཞི་མལ་མལ་བཞི་སྦྱང་བའི་ཡོན་ཏན་གྱི་སྙིང་བོ་སྟེ་དག་ཅིང་བྱང་བའི་ཡི་གེ སྭ་ཧཱ་གཉིས་ལོག་རྟོག་འཇོམས་པའི་སྙིང་བོ་སྟེ་དག་བྱ་དག་བྱེད་དབྱེར་མེད་པའི་ཡི་གེ་མཐའ་རྒྱན་དུ་བཞག་པའོ། །དེ་ཡང་སྦྱོང་བྱེད་ཡིག་འབྲུ་བཞི་ལས། ཨ་ནི་དབྱིངས་ཀྱི་ཡུམ་ས་ཏྲིག་ཨེར་སངས་ཀྱི་སྙིང་བོ། དཀར་ནི་ཡེ་ཤེས་ཀྱི་ལྷ་གཤེན་ལྷ་འོད་དཀར་གྱི་སྙིང་བོ། ཨ་ནི་ཐབས་ཀྱི་མཆོག་སངས་པོ་འབུམ་ཁྲིའི་སྙིང་བོ། རྨད་ནི་ཤེས་རབ་ཀྱི་ཕུལ་སྟོན་པ་གཤེན་རབ་ཀྱི་སྙིང་བོའོ། །སྦྱང་བྱའི་ཡིག་འབྲུ་བཞི་ལས། དུ་ནི་དམྱལ་བ་སྡེ་བཞིའི་ས་བོན། ཏྲི་ནི་ཡི་དྭགས་སྡེ་གསུམ་གྱི་ས་བོན། སུ་ནི་བྱོལ་སོང་སྡེ་གསུམ་གྱི་ས་བོན། ནག་པོ་མཐོ་རིས་གསུམ་གྱི་ས་བོན། སྦྱོང་ཚུལ་ནི་བདེ་གཤེགས་གཙོ་བོ་བཞིའི་ཐབས་དང་ཐུགས་རྗེ་ལ་བརྟེན་ནས་འགྲོ་འདུལ་གྱི་ཐུབ་པ་དྲུག་གི་ཕྲིན་ལས་ཀྱིས་རིགས་དྲུག་གི་སྣོད་བཅུད་སྡིག་སྒྲིབ་བག་ཆགས་ས་བོན་དང་བཅས་པ་སྦྱོང་བའོ། །སྦྱོང་བའི་ཡོན་ཏན་གྱི་ཡིག་འབྲུ་བཞི་ལས། ཞི་ཞི་ནི་སྡུག་བསྔལ་ཞི་བ་སྟེ་འཁོར་བ་དང་ངན་སོང༌། མལ་མལ་ནི་བདེ་བ་དང་ལྡན་པ་སྟེ་གནས་སྐབས་དང་མཐར་ཐུག སྭ་ཧཱ་ནི་དེ་ལྟ་བུའི་གཞིའི་ཚུགས་པ་སྟེ་འཁོར་འདས་གཉིས་མེད་དུ་རྟོགས་པའོ། །གཞན་ཡང་གནས་སྐབས་ནད་གདོན་སྦྱོང་བ་ལྟར་ན། ནད་ལ་དུ་འཁྲིས་པ། ཏྲི་རླུང༌། སུ་བད་ཀན། ནག་པོ་འདུས་པ་སྟེ་ནད་སྣ་ཚོགས། ཞི་ཞི་མལ་མལ་ནད་མེད་ཀྱི་བདེ་བ། གདོན་ལ་དུ་ཕོ་གདོན། ཏྲི་མོ་གདོན། སུ་ཀླུ་གདོན། ནག་པོ་འདྲེས་པ་སྟེ་གདོན་རིགས་ཐམས་ཅད། ཞི་ཞི་མལ་མལ་གདོན་དང་བྲལ་བའི་བདེ་བ་ཐོབ་པའོ། །
ལབ་ལུང་སྨུ་གུ་སྒང་རྫ་ཉིན་གྱི་དགོན་པའི་ཁང་ཧྲིལ་དུ་གྲགས་པའི་ཤུལ་དང་ཁ་ཡེ་རྫ་སྒང་ཉིན་གྱི་བོན་པོའི་གནའ་ཤུལ།
བོན་གྱི་ཤུལ་བཞག་མཆོད་རྟེན་རྙིང་ཧྲུལ་ཅན་དུ་གྲགས་པ།
ཡུལ་ཤུལ་ཁྲི་འདུ་རྫོང་ལབ་ཡུལ་ཚོ་ལྷ་ས་གཡུང་དྲུང་ཐང་སྡེ་བའི་རྫ་མཁན་དགོན་ནམ་ལབ་དགོན་ན་བཞུགས་པའི་བོན་གྱི་མཚམས་ཁང་དཀར་རིལ་དང་
ལབ་དགོན་རྒྱབ་རིའི་རྫུ་འཕྲུལ་ཕུག་དང་ཉེ་བའི་ཡུལ་ལ་བོན་གཤེན་རྫ་མཁན་པ་དང་བླ་མ་ཨ་དཀར་བོན་ཆུང་གིས་སྔ་ཕྱིར་བཟུང་བའི་གདན་སའི་གནས་སུ་གྲགས་པ།
འོབས་ཁེད་ཉི་མ་ཚེ་རིང་གིས་གནའ་མིའི་རོ་དང་ཤག་ཁང༌། རྫ་ཆས་ཀྱི་རིགས། སྟོན་སྐུ་ཆུང་བ་སོགས་རྔོག་རྙེད་བྱུང་ཡུལ་དངོས་ཀྱི་ཟུར་ཞིག་བཙལ་བ།