ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཀན་ལྷོ་བརྙན་འཕྲིན་ཁང་གིས་རྩེ་ཞིག་ཚང་ལ་བཅར་འདྲི་ཞུས་པ།
ཀན་ལྷོ་བརྙན་འཕྲིན་ཁང་གིས་རྩེ་ཞིག་ཚང་ལ་བཅར་འདྲི་ཞུས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རྒན་གྱའི་གཡུང་དྲུང་སྐྱབས།] [ཟླ་ཚེས། 11-07-21] [ཀློག་གྲངས། ]

བསྐལ་བར་འཇིག་མི་སྲིད་པའི་ལོ་རྒྱུས་ཀྱི་རྡོ་རིང་། ༡༽

《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་》ཀྱི་སྤྱི་ཁྱབ་གཙོ་སྒྲིག་པ་ཤེས་རབ་བསྟན་པའི་ཟླ་བ་མཆོག་ལ་བཅར་འདྲི་ཞུས་པ།

གསར་འགོད་པ། རྒན་གྱའི་གཡུང་དྲུང་སྐྱབས།   ལན་པ། རྩེ་ཞིག་ཚང་༧ཤེས་རབ་བསྟན་པའི་ཟླ་བ།

      གསར་འགོད་པ།  ཐོག་མར་ཁྱོད་ཀྱིས་འབད་པ་གང་མང་བརྒྱུད་དེ་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》ཆེན་མོ་ཉེ་སྔོན་རྒྱ་ཆེ་བའི་ཀློག་པ་བོ་རྣམས་ཀྱི་སྤྱན་སྔར་འབུལ་ཐུབ་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། 
      དྲི་བ། སྐུ་ཉིད་ཀྱི་མཚམས་སྦྱོར་ཐུང་ཐུང་ཞིག་དང་འབྲེལ་ཏེ་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་》རྩོམ་བསྒྲིགས་དཔར་བསྐྲུན་གྱི་རྒྱུད་རིམ་ཐུང་ཐུང་ཞིག་གསུང་རོགས།
དྲིས་ལན། ང་རང་ཉིད་ལ་ལོ་རྒྱུས་ཁྱད་དུ་འཕགས་པ་ཞིག་མེད་མོད། མི་ཚེའི་རྒྱུད་རིམ་ཐུང་ཐུང་ཞིག་བརྗོད་ན། ངའི་སྐྱེས་ས་སྐྱེས་ཡུལ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་རྒན་གྱ་ཤང་རྩེ་དབུས་གྲོང་སྡེ་ཡིན། རྗེས་སུ་བོད་ཀྱི་དགོན་པའི་རིག་གནས་ཀྱི་སློབ་གསོར་བརྟེན་ནས་བོད་རང་གི་ཆོས་དང་རིག་གནས་ཀྱི་ཐད་ལ་རང་ཚོད་ཀྱིས་བག་ཆགས་ཕྲན་བུ་རེ་བཞག བར་སྐབས་ཤིག་ལ་སྟེས་དབང་གིས་ཀྲུང་གོ་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་དང་རང་རྒྱལ་ལྷོ་ཕྱོགས་ཀྱི་ཞ་མིན་གྲོང་ཁྱེར་གྱི་རྨིས་ནན་ནང་བསྟན་སློབ་གླིང་། དེའི་རྗེས་པེ་ཅིན་སློབ་གྲྭ་ཆེན་མོའི་ཆོས་ལུགས་ཟབ་སྦྱོང་ཚན་ཁག་བཅས་སུ་ཞུགས་ཏེ་སློབ་སྦྱོང་བྱེད་པའི་གོ་སྐབས་རེ་ཐོབ། སློབ་གྲྭ་དེ་དག་འགྲིམས་པའི་གོ་སྐབས་ཐོབ་པ་དང་བསྟུན། རང་མི་རིགས་ཀྱི་སྐད་དང་ཡི་གེ་གཙོར་བཟུང་ཐོག་མི་རིགས་གཞན་པའི་རིག་གནས་ཀྱི་ཐད་ལའང་བག་ཆགས་རེ་འཇོག་ཁུལ་བྱས།
      《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་》ཆེན་མོ་འདི་རྩོམ་སྒྲིག་པར་སྐྲུན་བྱ་རྒྱུའི་དམིགས་འདུན་ཐོག་མ་ནི། ང་རང་ཉིད་ཀྱིས་ཀྲུང་གོ་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་དུ་སློབ་སྦྱོང་བྱེད་པའི་དུས་སུ། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་སློབ་གླིང་གི་གླིང་གཙོ་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱིས་ཞང་བོད་གནའ་བོའི་རིག་གནས་ཀྱི་ཉིང་བཅུད་ཕྱོགས་གཅིག་ཏུ་འདུས་པའི་དཔེ་ཚོགས་ཤིག་སྒྲིག་ཚེ་གལ་ཤིན་ཏུ་ཆེ་བའི་ཕྱོགས་ཀྱི་དྲན་སྐུལ་ལམ་སྐུལ་སློང་དང་། ང་ཚོས་དེའི་ཐད་ཀྱི་ཁ་བརྡ་མང་བོ་བྱས་རྗེས། ང་རང་གི་བསམ་པརའང་དེ་ངོ་མས་གལ་ཆེ་བར་སྙམ་པའི་བསམ་འདུན་གྱི་ཐོག་མའི་ས་བོན་དེ་ཡིས་བསྐྱེད། རྒན་སྟོང་སྐོར་ཚེ་རིང་ཐར་ལགས་ཀྱི་དམིགས་འདུན་ནི་བོད་གངས་ཅན་ལ་མཚོན་ན་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་རིགས་མང་བོ་ཡོད་པ་རུ། གཡུང་དྲུང་བོན་གྱིས་རང་གི་གྲུབ་མཐའི་ཉིང་བཅུད་ཕྱོགས་གཅིག་ཏུ་བསྡུས་པའི་དཔེ་ཚོགས་ཆེན་མོ་ཞིག་པར་སྐྲུན་བྱས་མ་ཐུབ་པ་ལས། གཞན་པའི་རྙིང་མ་ཡིན་ནའང་ཆོག ས་སྐྱ་བ་ཡིན་ནའང་ཆོག བཀའ་རྒྱུད་པ་ཡིན་ནའང་ཆོག དགེ་ལུགས་པ་ཡིན་ནའང་ཆོག ཇོ་ནང་བ་ཡིན་ནའང་ཆོག ཚང་ནས་རང་རང་གི་གྲུབ་མཐའི་ཉིང་བཅུད་བསྡུས་པའི་དཔེ་ཚོགས་ཆེན་མོ་དཔར་སྐྲུན་འགྲེམ་སྤེལ་བྱས་ཡོད། དེ་བས་གཡུང་དྲུང་བོན་གྱི་དཔེ་ཚོགས་ཆེན་མོ་ཞིག་པར་སྐྲུན་བྱས་ཐུབ་ཚེ། བོད་མི་རིགས་རང་ཉིད་ཀྱི་རིག་གནས་ཕྱོགས་ཡོངས་ནས་ཁ་ཚང་བ་དང་ནང་དོན་འདུས་པ་ཞིག་ཡོང་ཐུབ་སྙམ་པ་དེ་ཡིན་ལ། འདུན་པ་དེས་གཞི་བྱས་ཏེ་དཔེ་ཚོགས་ཆེན་མོ་འདིའི་རྩོམ་སྒྲིག་པར་སྐྲུན་གྱི་ལས་ཀའི་འགོ་བརྩམས་པ་ཡིན། ལས་འགོ་བརྩམས་པའི་རྗེས་ནས། 《གངས་ཏི་སེ་བོན་གཞུང་རིག་མཛོད་》ཅེས་པ་འདིར། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་གཞན་དག་གིས་དཔར་བསྐྲུན་བྱས་པའི་དཔེ་ཚོགས་ནང་བཞིན་རིག་གནས་བཅུའི་ཉིང་བཅུད་འདུས་དགོས་པར་བརྟེན། ཐོག་མར་རྒན་ཚེ་རིང་ཐར་དང་ངེད་གཉིས་ཀྱིས་ནང་དོན་སྒྲིག་སྟངས་ཀྱི་ཐད་ལ་གང་ནུས་སྒོས་དཀར་ཆག་ཞིག་བསྒྲིགས་རྗེས། དཔེ་ཚོགས་འདིའི་གལ་ཆེན་རང་བཞིན་དང་མ་འོངས་པར་དཔེ་ཚོགས་འདི་ཅི་ལྟར་པར་སྐྲུན་བྱ་དགོས་པའི་ཐད་ཀྱི་གནས་ཚུལ་མཐའ་དག་ཡིག་ཐོག་ལ་ཕབ་པ་ན། རང་ཉིད་ཀྱི་སེམས་སུ་གནས་ཚུལ་འདི་ངོ་མས་ལེགས་པོ་འདུག་སྙམ་པའི་ཚོར་སྣང་ཞིག་སྐྱེས།
      དེའི་རྗེས་སུ། ངེད་གཉིས་ཀྱིས་ཐབས་བཀོད་ཅི་ལྟར་འཐེན་པ་ཡིན་ཞེས་ན། དཔེ་ཚོགས་འདི་ཧ་ཅང་རྩ་ཆེ་ཁར། བོད་ཀྱི་རིག་གནས་ཀྱི་ཕྱི་མོའམ་རྩ་བ་ལྟ་བུར་གྱུར་འདུག་པས། ནང་དོན་སྒྲིག་སྟངས་ཀྱི་སོགས་ཀྱི་ཐད་ནས་མི་རེ་གཉིས་ཀྱི་བསམ་བློ་ལྟར་ཐག་གཅོད་བྱས་ཚེ་ནང་དོན་སྒྲིག་སྟངས་དང་གོ་རིམ། ནང་དོན་འདུ་མིན་སོགས་ཀྱི་ཐད་ལ་སྐྱོན་ཚབས་ཆེན་འབྱུང་ངེས་པར་གཞིགས་ནས། མདོ་དབུས་ཁམས་གསུམ་གྱི་རིས་སུ་མ་ཆད་པའི་གཡུང་དྲུང་བོན་གྱི་མཚན་སྙན་ཅན་གྱི་བླ་མ་དགེ་བའི་བཤེས་གཉེན་དང་དཔེ་ཚོགས་དཔར་སྐྲུན་ཐད་ཀྱི་ཆེད་མཁས་པ། ཞང་ཞུང་རིག་གནས་ཀྱི་ཐད་ལ་ཞིབ་འཇུག་གི་འབྲས་བུ་ཆེན་པོ་བླངས་ཡོད་པའི་ཞིབ་འཇུག་པ་སོགས་མདོ་དབུས་ཁམས་གསུམ་གྱི་མི་སུམ་བཅུ་ལྷག་རྒན་གྱའི་རྩེ་ཞིག་དགོན་པར་གདན་དྲངས་ཏེ་ཉིན་གསུམ་གྱི་རིང་ལ་ཚོགས་འདུ་འཚོགས། ཚོགས་འདུའི་ནང་དོན་ནི་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་》ཆེན་མོའི་ནང་དོན་ཕུན་སུམ་ཚོགས་པ་ཞིག་འབྱུང་རྒྱུ་དང་། དཔེ་ཚོགས་ཆེན་མོ་འདི་འདྲ་ཞིག་སྒྲིག་རྒྱུ་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ལས་དོན་ཞིག་ཡིན་པར་བརྟེན། མ་འོངས་པའི་མི་རབས་རྗེས་མ་དག་གིས་གཟིགས་ཚེ་ནང་དོན་གྱི་ཐད་ནས་ངོ་གནོང་མི་དགོས་པར་ཁ་ཚང་བ་ཞིག་འབྱུང་ཆེད། མཁས་པ་སོ་སོས་དཔེ་ཚོགས་ཀྱི་ནང་དོན་སྒྲིག་སྟངས་སོགས་ཕྱོགས་གང་ཅིའི་ཐད་ལ་གཏམ་གླེང་སྣ་ཚོགས་བགྱིས་རྗེས། སྔོན་ཆད་རྒན་ཚེ་རིང་ཐར་དང་ངེད་གཉིས་ཀྱིས་བསྒྲིགས་པའི་དཀར་ཆག་ལ་སྣོན་འཕྲི་མང་བོ་བྱས་རྗེས་དཔེ་ཚོགས་ཀྱི་ནང་དོན་གཞི་ནས་གཏན་འབེབས་བྱས་ཤིང་། གཏན་འབེབས་ལྟར་ནང་དོན་བསྡུ་སྒྲིག་པར་སྐྲུན་བྱ་རྒྱུ་ཐག་བཅད།
      སྐབས་དེར་ཚོགས་འདུར་ཞུགས་པའི་མི་སྣར་གྲྭ་ས་གཡུང་དྲུང་གླིང་གིས་གཙོ་བྱས་པའི་དགེ་བའི་བཤེས་གཉེན་མང་བོ་ཡོད་ལ། ཁོང་ཚོའི་ཁྲོད་དུ་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》ཆེན་མོ་པར་ཐོན་བྱུང་རྗེས། མདོ་དབུས་ཁམས་གསུམ་གྱི་བོན་དགོན་ཀུན་གྱི་བཤད་སྒྲུབ་གཅིག་གྱུར་གྱི་ཁྲིད་གཞིའི་ཡིག་ཆར་འགྱུར་ཐུབ་པའི་རེ་འདུན་དང་གདེང་འཇོག་བྱེད་མཁན་འདུག གང་ལྟར། དེ་འདྲར་མ་འགྱུར་ཀྱང་། 《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》ཆེན་མོ་འདི་མི་རིགས་ཀྱི་རིག་གནས་འཚོལ་སྡུད་དང་སྲུང་སྐྱོབ། མྱུར་སྐྱོབ་བཅས་ལ་ཤིན་ཏུ་མཁོ་གལ་ཆེན་པོ་འདུག་ཞེས་གདེང་འཇོག་ཚད་མཐོན་པོ་གནང་མཁན་མི་ཉུང་བ་ཞིག་འདུག་ལ། རང་ཉིད་ཀྱི་སེམས་སུའང་མཁས་དབང་དེ་དག་གིས་དེ་འདྲའི་གདེང་འཇོག་ཚད་མཐོན་པོ་བྱེད་བཞིན་པ་ནི་དོན་བཟང་ཞིག་ཏུ་སེམས་ཏེ་སྤྲོ་བ་ཆེན་པོ་རེ་རྒྱས་ཤིང་། དཔེ་ཚོགས་འདི་བསྡུ་སྒྲིག་པར་སྐྲུན་ལས་དོན་ལ་སྔར་ལས་ལྷག་པའི་འབད་འབུངས་བྱ་རྒྱུའི་སེམས་ཤུགས་དང་རེ་བ་སྐྱེས། 
      དེའི་འཕྲོར་ཚོགས་ཐོག་ནས་ང་རང་ཉིད་དཔེ་ཚོགས་བསྡུ་སྒྲིག་དཔར་སྐྲུན་གྱི་སྤྱི་ཁྱབ་འགན་འཛིན་པ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པའི་ཞིབ་འཇུག་གླིང་གི་གླིང་གཙོ་སྟོང་སྐོར་ཚེ་རིང་ཐར་གཙོ་སྒྲིག་པ། བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་གཤེན་སྲས་ནོར་བུ་དབང་རྒྱལ་མཆོག་དང་སྐྱབས་རྗེ་བོན་རྒྱ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོ། སྐྱང་སྤྲུལ་དྲི་མེད་འོད་ཟེར་བཅས་དཔེ་ཚོགས་འདིའི་བསྡུ་སྒྲིག་དཔར་སྐྲུན་གྱི་བྱ་བའི་འགོ་མཇུག་བར་གསུམ་གྱི་བློ་འདྲི་ཞུ་ཡུལ་དུ་བསྐོ་བཞག་མཛད། དེ་འཕྲོར་རེབ་གོང་བོན་བརྒྱ་དགོན་པའི་ཚུལ་ཁྲིམས་བསྟན་པ་འབྲུག་གྲགས། རེབ་གོང་བོན་མང་གི་དྲུང་ཡིག་ཆེན་མོ་བསོད་ནམས་གཡུང་དྲུང་། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གི་སྒྲོལ་མ་སྐྱབས་བཅས་སྒྲིག་གཙོ་གཞོན་པར་བསྐོས། དེའི་འཕྲོར་དཔེ་ཚོགས་ཀྱི་ཡིག་གཏགས་དང་མ་ཡིག་བསྡུ་སྒྲིག་གི་ལས་ཀ་རྩེ་ཞིག་དགོན་པའི་གྲྭ་བ་སྤྱི་དང་ཁྱད་པར་དུ་ལས་སྣ་ཁ་འཕྲོ་དག་གིས་འགན་དུ་བླངས། དཔེར་ན། ཡིག་གཏགས་དང་བསྐྱར་དཔར་སོགས་ཀྱི་འགན《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》ཆེན་མོའི་རྩོམ་སྒྲིག་པར་སྐྲུན་གཞུང་སྒྲུབ་ཁང་ལ་བསྐྱོན། དཔེ་ཚོགས་ཆེན་མོ་འདི་དག་སྒྲིག་བྱེད་པའི་སྐབས་སུ་མཁས་པ་དང་མི་སྣ་གཞན་དག་གདན་འདྲེན་དང་འབྲེལ་གཏུགས་བྱེད་པའི་མི་སྣ། དེ་མིན་ཚོགས་འདུའི་སྟེང་མཁས་པ་རྣམས་ཀྱིས་གཏན་ལ་ཕབ་པའི་དཔེ་ཚོགས་ཀྱི་ནང་དོན་ཐད་ཀྱི་ཡིག་ཆ་དག་འཚོལ་སྡུད་བྱེད་མཁན་གྱི་མི་སྣ། ལྷག་པར་དུ་དཔལ་འབྱོར་གྱི་ཐད་དུ་དཔེ་ཚོགས་བསྡུ་སྒྲིག་གི་ལས་དོན་འགོ་ཚུགས་ཉིན་ནས་འགྲོ་སྒོ་མི་ཉུང་རེ་ཡོད་པས་དེའི་ཐད་ཀྱི་རྩིས་གཉེར་བ་དང་བདག་དམ་པ་སོགས་རྩེ་ཞིག་དགོན་པ་ནས་བསྐོས། ཡིག་གཏགས་ཀྱི་ལས་ཀ་གཙོ་བོ་རྩེ་ཞིག་དགོན་པའི་གྲྭ་བ་བཅུ་གཅིག་བཅུ་གཉིས་ཙམ་ཚགས་བརྒྱབ། ཡིན་རུང་། དཔེ་ཚོགས་ཆེན་མོ་འདིའི་ཡིག་གཟུགས་ཧི་མ་ལ་ཡའི་ཡིག་གཟུགས་ཡིན་པས། སྐབས་དེ་དུས་ཧི་མ་ལ་ཡའི་ཡིག་གཟུགས་བཀོལ་སྤྱོད་བྱེད་མཁན་ཉུང་ལ་པར་ངོས་བཀོད་སྒྲིག་ཐད་ཀྱི་བྱང་ཆ་དེ་འདྲ་མེད་པས། རེབ་གོང་བོན་བརྒྱ་དགོན་པའི་ཁྲི་བསོད་བསྟན་གདན་དྲངས་ཏེ་པར་སྒྲིག་གཏན་འབེབས་པའི་འགན་བསྐྱོན། དཔེ་ཚོགས་ཆེན་མོ་འདིའི་རྩོམ་སྒྲིག་པར་སྐྲུན་གྱི་ཐད་རྒྱུད་རིམ་འདི་འདྲ་ཞིག་ལ་བརྟེན་ཞིང་འབྲེལ་ཏེ་དཔེ་ཚོགས་འདི་དངོས་སུ་དཔར་བསྐྲུན་བྱས་ཐུབ་པ་རེད།
      སྤྱིར་བཏང་དུ་ལས་གཞི་ཆེན་མོ་འདི་༢༠༠༧ལོར་འགོ་བཙུགས་ཏེ་༢༠༡༠ལོར་དངོས་སུ་ལེགས་འགྲུབ་བྱུང་བའི་ལོ་ངོ་གསུམ་གྱི་ཡུན་འགོར། ལོ་ངོ་གསུམ་པོ་འདིར་ལས་ཀ་བ་མང་བའི་དུས་སུ་མི་ཉི་ཤུ་ཡས་མས་དང་ཉུང་བའི་དུས་སུ་མི་བཅུ་ལྷག་གིས་ཉིན་ཆགས་མེད་པར་འབད་པ་བྱས། དེའི་ཁར་དགོན་སྡེ་གཞན་པ་དང་གྲུབ་མཐའ་རིས་མེད་ཅིང་བོད་སྤྱིའི་རིག་གནས་ལ་ཤ་ཞེན་ཆེ་བའི་མཁས་པ་མང་བོའི་ཐུགས་ཁུར་དང་རྒྱབ་སྐྱོར། སེམས་ཤུགས་སོགས་ལ་བརྟེན་ཏེ་དཔེ་ཚོགས་ཆེན་མོ་འདི་དངོས་སུ་ལེགས་འགྲུབ་བྱུང་བ་ཡིན།
      མ་དངུལ་གྱི་ཐད་ནས་ང་ཚོས་དཔེ་ཚོགས་ཀྱི་ནང་དོན་དང་པར་སྐྲུན་རྒྱུད་རིམ། པར་སྐྲུན་བྱས་པའི་དགེ་མཚན། འགྲོ་གྲོན་སོགས་ཞིབ་མོར་བྲིས་རྗེས་སྦྱིན་བདག་བཙལ་མཐར། འཛམ་གླིང་ལུས་རྩལ་གྱི་རྒྱལ་པོ་རུ་འབོད་པའི་ལུས་རྩལ་པ་ལེ་ཉིན་(李宁)གྱིས་སྙན་ཞུ་དེ་མཐོང་འཕྲལ། བོད་ཀྱི་རིག་གནས་དང་ནང་དགོས་སུ་མི་རིགས་ཀྱི་རིག་གནས་འདི་འདྲིའི་རྙིང་བ་ཞིག་སྲུང་སྐྱོབ་དང་དར་སྤེལ། ལེགས་སྒྲིག་བྱེད་པ་ནི་དོན་དག་བཟང་བོ་ཞིག་ཏུ་དགོངས་ཏེ་དགའ་བ་ཆེན་པོའི་སྒོ་ནས། འགྲོ་གྲོན་ཚང་མ་ལེ་ཉིན་ཐེབས་རྩ་ཚོགས་པས་(李宁基金会)རྒྱབ ་སྐྱོར་གནང་རྒྱུའི་མཐུན་རྐྱེན་སྦྱར་བས། ང་ཚོར་མ་དངུལ་གྱི་ཐད་དུ་དཀའ་ཁག་ཅི་ཡང་མ་བྱུང་། བྱ་བའི་རྒྱུད་རིམ་འདི་འདྲ་ཞིག་ཡིན། 
      དྲི་བ། དཔེ་ཚོགས་འདིའི་ནང་གི་ཡིག་རྙིང་སོགས་ཡིག་ཆ་འཚོལ་སྡུད་ཀྱི་ཐད་ ཁྱེད་ཚོས་དཀའ་ལས་གང་འདྲ་བརྒྱབ་སོང་། 
      དྲིས་ལན། 《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》ཀྱི་མ་ཕྱིའི་ཡིག་རྙིང་འཚོལ་སྡུད་ཀྱི་ཐད་དུ་དཀའ་ལས་མང་བོ་བརྒྱབ་སོང་། དཔེ་བཞག་ན་བོན་གྱི་དཔེ་ཆ་མང་ཆེ་ཤས་ད་ལྟའི་བར་དུ་ལྕགས་པར་དུ་བརྒྱབ་པའམ་པར་སྐྲུན་བྱས་པའི་སྐོར་ཉུང་ཉུང་རེད་ལ། དགོན་པ་གཅིག་ཏུ་དཔེ་ཚོགས་ཀྱི་ནང་དུ་དགོས་པའི་མ་ཡིག་ཚང་མ་ཁ་ཚང་བར་ཉར་འདུག་པ་ཧ་ཅང་དཀོན་པོ་རེད། དེ་བས། འདིའི་ཐད་དུ་ང་ཚོས་བོད་ལྗོངས་ཀྱི་ས་ཆ་སོ་སོ་དང་མཚོ་སྔོན་གྱི་ས་ཆ་སོ་སོ། ཟི་ཁྲོན་གྱི་ས་ཆ་སོ་སོ། ཀན་ལྷོའི་ས་ཆ་སོ་སོར་མི་དངོས་སུ་གཏུག་དགོས་སར་དངོས་སུ་སོང་། སྟབས་ཅུང་བདེ་སར་ཁ་པར་སོགས་ཀྱི་ལམ་ནས་འབྲེལ་བ་བྱས། དེ་མིན་དགོན་པ་ལ་ལའི་ཡིག་རྙིང་རྩ་ཆེན་གཡར་ཁག་པོ་དག་གཡར་མཁན་དང་གཡར་ཡུལ་གཉིས་ཀའི་བར་དུ་ཁག་འགན་པ་སོགས་བཞག་སྟེ་མ་ཡིག་གཡར་བའི་ཐབས་ལམ་སྣ་ཚོགས་བརྒྱུད་པ་དང་། ལྷག་པར་དུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་སློབ་གྲྭ་ཆེ་ཁག་དག གཞན་སྲིད་གཞུང་སོགས་ལ་འབྲེལ་བ་ཡོད་ཞིབ་འཇུག་ལས་ཁུངས་དག་ཏུ་ཉར་བའི་དཔེ་རྙིང་གལ་ཆེན་དག་ཐབས་ལམ་སྣ་ཚོགས་བརྒྱུད་དེ་བསྐྱར་དཔར་བྱས་ཤིང་། དེ་མིན་བོད་ཀྱི་རིག་གནས་ཞིབ་འཇུག་ཚོགས་པའི་ཁྲོད་བོན་གྱི་རིག་གནས་ལ་ཞིབ་འཇུག་བྱེད་མཁན་དག་གི་ལག་ཏུ་ཡོད་པའི་དཔེ་རྙིང་དག་འབྲེལ་ལམ་སྣ་ཚོགས་བརྒྱུད་དེ་འཚོལ་སྡུད་བྱས་པའི་གནས་ཚུལ་འདི་འདྲ་ཞིག་ཡིན། 
      དྲི་བ། 《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》ཀྱི་ནང་དོན་གནད་བསྡུས་ཤིག་མཚམས་སྦྱོར་བྱ་རོགས། 
      དྲིས་ལན། དཔེ་ཚོགས་ཆེན་མོ་འདི་གླེགས་བམ་ཤུ་རྩ་ལྔར་ཕྱེས་ཡོད། ཡིན་ན་ཡང་། ཚན་པ་དབྱེ་སྟངས་ཀྱི་ཐད་ནས་གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ཆེན་མོའི་འདིའི་ནང་དུ་ཚན་པ་མི་འདྲ་བ་བརྒྱ་དང་ཉི་ཤུར་བཀར་ཡོད་ལ། དེའི་ཁྲོད་ཚན་པ་གཅིག་གིས་དཔེ་དེབ་གཅིག་བྱས་པ་འང་ཡོད་དེ། དཔེར་ན། 《ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་》ལྟ་བུ་ཡིན་ན་ཚན་པ་གཅིག་ཡིན་ཀྱང་དཔེ་དེབ་གཅིག་བྱས་ཡོད། ཡིན་རུང་དེའི་ནང་དུ་ལེའུ་ཚན་ཆུང་ཆུང་མང་བོ་འདུས་ཡོད། ཡང་ན། ཚན་པ་བཅུ་ལྷག་གིས་དཔེ་དེབ་གཅིག་བྱས་པ་དང་ཚན་པ་ལྔ་དྲུག་ཙམ་གྱིས་དཔེ་དེབ་གཅིག་བྱས་པའང་ཡོད། འདིའི་ནང་དོན་བསྡུ་སྟངས་ཀྱི་ཐད་ནས་མདོ་དབུས་ཁམས་གསུམ་གྱི་མཁས་པ་མང་བོ་འདུས་ཏེ་གཏན་འབེབས་དང་མ་འོངས་པར་མདོ་དབུས་ཁམས་གསུམ་གྱི་བོན་དགོན་ཁག་གི་བཤད་སྒྲུབ་སྤྱིའི་གཅིག་གྱུར་ཁྲིད་གཞིའི་སློབ་དེབ་ཀྱི་ཚད་གཞི་ལོངས་དགོས་པར་དམིགས་ཏེ་བསྒྲིགས་པ་གོང་ནས་བཤད་ཟིན་པ་བཞིན་ཡིན།
      ནང་དོན་གྱི་ཐད་ནས་ཆེ་ཕྱོགས་སུ་བཤད་ན། ནང་དོན་བཞིར་བཀར་ཡོད་དེ། གཙོ་བོ་རིག་གནས་ཀྱི་སྐོར་དང་མདོ་ཡི་སྐོར། སྔགས་ཀྱི་སྐོར། རྫོགས་པ་ཆེན་པོ་བཅས་བཞི་རུ་བཀར་ཡོད། རིག་གནས་ཀྱི་སྐོར་ལ་གླེགས་བཞིར་བཅས་ཡོད་པ་དེ་རུ་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བཅས་བཅུ་ཕྲག་རིག་པའི་གནས་བཅུ་བསྡུས་ཡོད། དེའི་ནང་གི་རིག་གནས་ཀྱི་ཐད་ལ་བོད་སྔ་རབས་པའི་རིག་གནས་ཏེ་ཞུང་ཞུང་རིག་གནས་ཀྱི་རིག་གནས་ཆེ་བ་ལྔ་བརྩི་སྲོལ་དང་དེང་སྐབས་ཀྱི་རིག་གནས་ཆེ་བ་ལྔ་བརྩི་སྲོལ་ཅུང་ཙམ་མི་འདྲ་སྟེ། སྔོན་གྱི་རིག་གནས་ཆེ་བ་ལྔ་བརྩི་སྲོལ་བཟོ་རིག་པ། སྒྲ་རིག་པ། གསོ་བ་རིག་པ། ཕྱི་རིག་པ། ནང་རིག་པ་ཞེས་བརྩིས་འདུག དེང་གི་རིག་གནས་ཆེ་བ་ལྔ་བརྩི་སྲོལ་ཡིན་ན། སྒྲ་རིག་པ། གསོ་བ་རིག་པ། བཟོ་རིག་པ། ནང་རིག་པ། ཚད་མ་རིག་པ་ཞེས་བརྩིས་འདུག སྔོན་གྱི་བརྩི་སྲོལ་ཡིན་ན་ཕྱི་རིག་པ་དང་ནང་རིག་པ་ཞེས་བརྩིས་འདུག་པས་བརྩི་སྟངས་ཀྱི་ཐད་དུ་ཅུང་མི་འདྲ། དེས་ན་ཚད་མ་རིག་པ་དེ་སྔོན་གྱི་བརྩི་སྲོལ་ལྟར་ན་རིག་གནས་ཆེ་བ་ལྔའི་གྲས་སུ་འདུའམ་ཞེས་ན། དེ་ནི་ངེས་པར་དུ་འདུས་ཏེ། ཚད་མ་རིག་པ་དེ་སྒྲ་རིག་པའི་ཁོངས་སུ་འདུས་འདུག ཕྱི་རིག་ཞེས་པ་དེར་དེང་ལྟར་ན་དུས་འཁོར་དང་སྐར་རྩིས། རྩ་རླུང་དང་འཕྲུལ་འཁོར་སོགས་མང་བོ་འདུས་འདུག དེང་ལྟར་ན་སྐར་རྩིས་ནི་རིག་གནས་ཆུང་བ་ལྔའི་གྲས་སུ་བཞག་འདུག་མོད། སྔོན་སྲོལ་ལྟར་ན་སྐར་རྩིས་དེ་རིག་གནས་ཆེ་བའི་གྲས་སུ་བཞག་འདུག་པས། ང་ཚོས་དཔེ་ཚོགས་འདི་སྒྲིག་པའི་དུས་སུ་ཞང་བོད་གནའ་བོའི་ལོ་རྒྱུས་དང་སྲོལ་རྒྱུན་དེ་གཙིགས་སུ་བཟུང་ནས་བསྒྲིགས་ཡོད། ནང་དོན་རིག་པའི་ཚབ་ཏུ་ཕྱི་རིག་པ་དང་ནང་རིག་པ་ཞེས་བཀར་ཡོད་པའི་ཕྱི་རིག་པར་དུས་འཁོར་ལ་སོགས་པ་ཉི་ཟླ་གཟའ་སྐར་གྱི་རྒྱུ་སྟངས་དང་། གཞན་རྩ་རླུང་འཕྲུལ་འཁོར་སོགས་མིའི་ལུས་ཀྱི་འཚོ་སྟངས་ཀྱི་སྐོར་འདུག་ཡོད། ནང་རིག་པར་ནད་ཀྱིས་བཅོམས་པ་གདོན་དགེག་དང་གསོ་དཔྱད་སོགས་འདུས། འདི་དག་སྤྱིར་བཏང་དུ་གསོ་བ་རིག་པའི་ཁོངས་སུ་འདུ་མོད། དེའི་སྐོར་གྱི་ཀླུ་འབུམ་གྱི་རིགས་ལ་རྒྱུད་དང་ཚད་མ། ལུང་བཅས་ཀྱི་དཔེ་ཆ་མང་བོ་འདུག་པ་རྣམས་རིག་གནས་ཆེ་བའི་ཁོངས་སུ་བསྡུས་འདུག རིག་གནས་ཆུང་བ་ལྔར་སྡེབ་སྦྱོར་དང་ཟློས་གར། སྐར་རྩིས། སྙན་ངག་ལ་སོགས་པ་ཁ་ཚང་བར་འདུས་ཡོད། རིག་གནས་ཀྱི་ཕྱོགས་ནས་འདི་འདྲ་ཞིག་ཡིན་ལ། ཚན་པ་བགོ་སྟངས་ལྟར་ན་དེ་ཚན་པ་གཅིག་གི་བདག་ཉིད་ཅན་ཡིན།
      ཚན་པ་གཉིས་པ་ནི་མཚན་ཉིད་མདོ་ཡི་སྐོར་ཡིན་ལ། མཚན་ཉིད་མདོའི་སྐོར་གྱི་ནང་དོན་བསྡུ་སྟངས་ནི་བསྡུས་རྟགས་ཚད་གསུམ་གྱིས་གཙོ་བྱས་ཏེ། ས་ལམ་དང་ཕར་ཕྱིན། དབུ་མ། འདུལ་བ། མཛོད་ལ་སོགས་པའི་བཀའ་པོད་རྣམ་ལྔའི་སྟེང་དུ་ཐེག་རིམ་བཅས་གཞུང་ཆེན་པོ་བཀའ་པོད་རྣམ་དྲུག་ལས་ཆེས་གལ་འགངས་ཆེ་བའི་སྐོར་བསྡུས་ཡོད། 
      གསང་སྔགས་ཀྱི་སྐོར་ལ་གཙོ་བོ་གསང་ཆེན་རྒྱུད་སྡེ་བཞི་ཡི་རྣམ་བཞག་སྟོན་ཐུབ་པའི་གསང་སྔགས་ཀྱི་བཀའ་འགྲེལ་ལ་སོགས་དང་། དེའི་འཕྲོར་གསང་སྔགས་ཀྱི་སྐྱེད་རིམ་དང་རྫོགས་རིམ། ཉེས་མེད་སྲིད་བཞུགས། ཕ་རྒྱུད་དང་མ་རྒྱུད་སོགས་ཁ་ཚང་བར་ཕྱོགས་གཅིག་ཏུ་བསྡུས་ཡོད། ལྷག་པར་དུ་མ་རྒྱུད་ཀྱི་སྐོར་ལ་མཚོན་ན་མ་རྒྱུད་ཐུགས་རྗེ་ཉི་མ་ལྟ་བུའི་དཔེ་ཚོགས་འདི་རུ་གསང་སྔགས་སྐོར་གྱི་དེབ་ཕྲེང་ལྔའམ་དྲུག་ཡོད།
      དེའི་འཕྲོར་རྫོགས་པ་ཆེན་པོའི་སྐོར་ལ། རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གཏན་ལ་དབབ་བྱེད་ཀྱི་གཞུང་ལ་རྫོགས་ཆེན་གྱི་ཚད་མའི་སྐོར་ཡོད། རྫོགས་ཆེན་གྱི་ཚད་མའི་སྐོར་ནི་གཡུང་དྲུང་བོན་ལ་མཚོན་ན་སྐྲག་སྤྱད་ཀྱི་གལ་ཆེན་རེད། བོད་སྔ་རབས་ཀྱི་ཚད་མའི་ཁུངས་མང་བོ་ཞིག་རྫོགས་པ་ཆེན་པོ་འདིར་གཏུགས་ཡོད། དེའི་འཕྲོར་རྫོགས་པ་ཆེན་པོའི་མང་ངག་བཀའ་བསྟན་གྱི་སྐོར། དེའི་འཕྲོར་རྫོགས་པ་ཆེན་པོའི་སེམས་སྡེ། ཀློང་སྡེ། མན་ངག་སྡེ་ལ་སོགས་པ་གཏན་ལ་དབབ་བྱེད་ཀྱི་སྐོར་དང་བཅས་པའི་རྫོགས་ཆེན་གྱི་སྐོར་མང་བོ་འདུས་ཡོད། ཁྱོན་བསྡོམས་ཚན་པ་བརྒྱ་དང་ཉི་ཤུ་དེ་གླེགས་བམ་ཉེར་ལྔར་བསྡུས་པའི་དཔེ་ཚོགས་འདུ་རུ། བསྟན་པའི་ཆ་ལག་རིག་གནས་ཚུད་པའི་བསྟན་པའི་ནང་མཛོད་སྟེ་མདོ་སྔགས་རྫོགས་གསུམ་ཁ་ཚང་བར་བསྡུས་ཡོད། འདི་ལྟར་བསྡུ་དགོས་པའི་དམིགས་ཡུལ་དང་དགོས་པ་ནི་བོད་གནའ་བོའི་ཞུང་ཞུང་རིག་གནས་ལ་ཞིབ་འཇུག་བྱེད་མཁན་ཡིན་ནའང་འདྲ། གཡུང་དྲུང་བོན་གྱི་བསྟན་པའི་སྒོར་ཞུགས་ཏེ་དེ་ཉམས་སུ་ལེན་མཁན་ཞིག་ཡིནའང་འདྲ། བླ་མ། དགེ་བཤེས། གྲྭ་བ་སུ་ཞིག་ཡིན་ཀྱང་གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ཆེན་མོའི་གླེགས་བམ་དང་བོ་སྟོན་པའི་ལོ་རྒྱུས་མཛད་རྣམ་ནས་འགོ་བཙུགས་ཏེ་གླེགས་བམ་ཉེར་ལྔ་བ་རྫོགས་ཆེན་ཀློང་ཆེན་ཡངས་རྩེའི་བར་དུ་ཕྱིས་ཕྱིན་པ་ཞིག་སྦྱང་ཐུབ་ཚེ། གཡུང་དྲུང་བོན་གྱི་རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོའི་བཀའ་དང་རྒྱལ་ཚབ་སྟོན་པ་མི་ཆོ་ལྡེམ་དྲུག་གཙོ་བྱས་པའི་ཞང་བོད་པཎ་གྲུབ་མང་བོའི་བཀའ་དང་བཀའ་བརྟེན་ལ་སོགས་པའི་ཉིང་བཅུད་གཅིག་ཏུ་བསྡུས་པའི་ཤེས་རིག་གི་བག་ཆགས་རང་རྒྱུད་ལ་འཇོག་ཐུབ་བོ། ། 
      དྲི་བ། དཔེ་ཚོགས་འདིའི་ཁྲོད་ཀྱི་ཡིག་རྙིང་མང་བོ་ཞིག་སྔོན་ཆད་པར་དུ་བརྒྱབ་མྱོང་མེད་པར། ད་ཐེངས་རེབ་དང་བོར་པར་དུ་བཏབས་པ་འདྲ་འདུག 
      དྲིས་ལན། རེད། མང་ཆེ་ཤས་དེ་འདྲ་རེད། ཡིན་ཀྱང་། ཁ་ཤས་པར་ཏུ་བརྒྱབ་ཡོད་མོད། སྔོན་ཆད་པར་དུ་བརྒྱབ་མྱོང་ཡོད་པ་དེ་དག་ཆེས་གཙོ་བོ་དག་གི་ཆ་དང་ནང་དོན་གྱི་ཆ་ནས་ཀྱང་ཧ་ཅང་ཉུང་ཉུང་ཙམ་ལས་མི་འདུག་སྟེ། དཔེར་ན། ཚད་མ་ལྟ་བུ་ལ་མཚོན་ན་རྗེས་མཉམ་མེད་ཆེན་མོའི་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ་དང་འགྲོ་མགོན་བློ་གྲོས་ཀྱི་ཚད་མ་ལྟ་བུའི་གཅིག་རེ་གཉིས་རེ་ལས། དཔེ་ཚོགས་འདིར་བསྡུས་པ་བཞིན་གཙོ་ཆེ་ཤོས་ཁ་ཚང་བར་ཕྱོགས་གཅིག་ཏུ་བསྡུས་ཡོད་པ་ཤིན་ཏུ་ཉུང་། དེ་བས་དཔེ་ཚོགས་འདིའི་ཁྲོད་ཀྱི་ཡིག་ཆའི་བརྒྱ་ཆའི་སུམ་བཅུ་ཡས་མས་སྔོན་ཆད་སྤྱི་ཚོགས་སྟེང་བཀྲམ་མ་མྱོང་བའི་ལག་བྲིས་རྐྱང་བའི་རིགས་ཡིན། (དེང་གི་འདི་ལྟར་དཔེ་ཆ་འགོ་བཙེམ་བྱས་ཏེ་བཀྲམ་མྱོང་མེད་པ་ལས། སྣུམ་པར་གྱིས་བཀྲམས་མྱོང་བ་རེད། སྔོན་ཆད་གཡུང་དྲུང་བོན་གྱི་བཀའ་བཀའ་བརྟེན་སོགས་དཔར་བསྐྲུན་བྱས་པའི་དུས་སུ་བཀྲམས་མྱོང་ཡོད་པ་རེད།) 

      དྲི་བ། ཁྱོད་རང་ཉིད་ལ་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》ཆེན་མོ་འདི་པར་སྐྲུན་བྱ་རྒྱུའི་འདུན་པ་ཐོག་མ་དེ་རྐྱེན་ཅི་ཞིག་ལ་བརྟེན་ནས་བྱུང་བ་ཡིན། 
      དྲིས་ལན། 《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》ཆེན་མོ་འདི་དང་ཐོག་རྩོམ་སྒྲིག་པར་སྐྲུན་བྱ་བའི་འདུན་པར་གཙོ་བོ་ཕྱོགས་བཞི་ཡི་སྒོ་ནས་བསམ་བློ་བཏང་ཡོད། དེང་སྐབས་སྤྱི་ཚོགས་གོང་འཕེལ་དུ་འགྲོ་བ་དང་བསྟུན་ཏེ་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་དང་བསམ་བློའི་གོ་རྟོགས་སོགས་སྔོན་དང་མི་འདྲ་བར་གོང་དུ་འཕེལ་བཞིན་ཡོད། སྐབས་འདིར་སློབ་གསོ་དང་སྤྱི་ཚོགས་གོང་འཕེལ་དུ་འགྲོ་བ་དང་བསྟུན། བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གཉིས་ལས་བསམ་པའི་དཔལ་ཡོན་གོང་འཕེལ་ཏུ་གཏོང་དགོས་ཚེ། བོད་ཀྱི་རིག་གནས་ཏེ་བོད་རྒྱུད་ནང་བསྟན་གྱི་གཞུང་ལུགས་འདི་ཁ་སང་དེ་རིང་རྒྱལ་ནང་ལ་མཚོན་ནའང་ཆོག རྒྱལ་སྤྱིའི་སྟེང་མཚོན་ནའང་ཆོག སྐྲག་སྤྱད་ཀྱི་མཚན་སྙན་ཆེན་པོ་འདུག མཚན་སྙན་གྲགས་ཡོད་པའི་རྒྱུ་མཚན་གཙོ་བོ་ནི་བོད་ཀྱི་རིག་གནས་སམ་བོད་རྒྱུད་ནང་བསྟན་གྱི་གཞུང་དུ་བྱམས་སྙིང་རྗེ་དང་ལས་རྒྱུ་འབྲས་ཀྱི་རྣམ་བཞག་གཙིགས་སུ་འཛིན་བཞིན་པ་དང་ཤེས་རབ་བླ་མེད་ཀྱི་ཁུངས་ཡིན་པས་ན། ཚང་མས་དེར་སློབ་སྦྱོང་དང་དོ་སྣང་བྱེད་པའི་སྤྲོ་བ་དེ་ཉིན་རེ་ལས་ཉིན་རེར་གོང་འཕེལ་དུ་འགྲོ་བཞིན་པ་དེ་དེ་རིང་གནང་ཁའི་སྤྱི་ཚོགས་ཀྱི་སྣང་ཚུལ་ངོ་མ་ཞིག་རེད། དེ་བས་ང་རང་ཉིད་ཡིན་ནའང་དེ་རིང་གནང་ཁར་སྤྱི་ཚོགས་ཁྱོན་ཡོངས་ནས་དར་རྒྱས་གོང་འཕེལ་དུ་འགྲོ་བཞིན་པའི་སྐབས་འདིར། བསམ་པའི་ཤེས་རིག་གམ་བསམ་པའི་དཔལ་ཡོན་ཡང་དེ་དང་བསྟུན་དེ་གོང་འཕེལ་དུ་འགྲོ་དགོས། བསམ་པའི་དཔལ་ཡོན་གོང་འཕེལ་དུ་སོང་ཚེ་རང་ཉིད་ཀྱིས་འཚོལ་བཞིན་པའི་བདེ་སྐྱིད་དངོས་དེ་ལོངས་སུ་སྤྱོད་ཐུབ་པ་རེད། དེ་ལྟར་མ་ཡིན་པར། དངོས་པོའི་དཔལ་ཡོན་ཁོ་ནར་བསམ་བློ་འཁོར་ཚེ། དངོས་པོའི་དཔལ་ཡོན་གྱི་ཚད་ཅི་ཙམ་མཐོ་ཚེ་ནང་སེམས་ཀྱི་སྡུག་བསྔལ་དང་འཇིག་སྐྲག་དེ་ཙམ་གྱིས་ཇེ་ཆེར་འགྲོ་བ་རེད། དེར་བརྟེན། དོན་དག་འདི་ཙམ་ཞིག་སྒྲུབ་ཚེ་། མི་རབས་རྗེས་མ་དང་སྤྱི་ཚོགས་ལ་ཟུར་ལྟའི་ཕན་འབྲས་ཕྲན་བུ་ཨེ་ཐོན་སྙམ་པའི་ལྷག་བསམ་གཙང་མ་དེ་སྔོན་དུ་བསྲིངས་པ་ཡིན། ལྷག་པར་དུ་བོད་ཀྱི་རང་གི་ཆོས་དང་རིག་གནས་ཀྱི་སློབ་གསོའི་འོག་ནས་འཚར་ལོངས་བྱུང་བའི་མི་ཞིག་ཡིན་པས་ན། འདིའི་ཕྱོགས་སུ་སྲི་ཞུ་ཕྲན་བུ་རེ་སྒྲུབ་ཨེ་ཐུབ་འདོད་པའི་འདུན་པ་ཞིག་ཐོག་མ་ནས་རང་ཉིད་ཀྱི་རྒྱུད་ལ་སྔར་ནས་ཡོད། རྒྱུ་རྐྱེན་དེར་བརྟེན་ནས་དཔེ་ཚོགས་འདི་སྒྲིག་འདོད་ཀྱི་འདུན་སྐྱེས་པ་ཡིན།
      གཅིག་ཏུ། ཕྱོགས་རེས་སུ་མ་ལྷུང་ཤིང་སྣ་ཡོངས་སུ་འཛོམས་པའི་དཔེ་ཚོགས་འདི་འདྲ་ཞིག་སྒྲིག་ཐུབ་ཚེ། དེ་མ་འོངས་པར་མདོ་དབུས་ཁམས་གསུམ་དུ་བཞུགས་པའི་གཡུང་དྲུང་བོན་གྱི་བཤད་གྲྭ་དང་སྒྲུབ་གྲྭ། སྒོམ་གྲྭ། རྩོད་གྲྭ་སོགས་ཁ་ཚང་བའི་དགོན་པ་སུམ་བརྒྱ་དང་ལྔ་བཅུ་ལྷག་ཡོད་པ་དེ་དག་ཚང་མའི་བླ་མ་གྲྭ་བ་རྣམས་ཀྱི་གཅིག་གྱུར་གྱི་སློབ་དེབ་དུ་འགྱུར་ཨེ་ཐུབ་སྙམ་པ་དང་། གལ་ཏེ་གཞུང་ཁྲིད་ཀྱི་ཡིག་ཆར་འགྲོ་མ་ཐུབ་རུང་ཟུར་ལྟའི་ཡིག་ཆ་གལ་ཆེན་ཞིག་ཏུ་གྱུར་ཏེ། དེ་དག་གི་ཤེས་རབ་ཀྱི་སྒོ་མོ་ཕྱེས་པའམ་རྒྱུད་ལ་སྙིང་རྗེས་ཆེན་པོ་སྐྱེས་པར་ཕན་ཕྲན་བུ་རེ་ཨེ་ཐོགས་སྙམ་པ་སྟེ། གཙོ་བོ་བཤད་སྒྲུབ་གཞུང་ཁྲིད་ཀྱི་ཡིག་ཆར་འགྲོ་ཨེ་ཐུབ་འདོད་པའི་འདུན་པ་དེ་ཡིན།
      གཉིས་སུ། དེ་རིང་གནང་ཁར་རྒྱལ་སྤྱིའི་སྟེང་བོད་ཀྱི་རིག་གནས་ལ་མཐོང་ཆེན་མཛད་དེ། དེར་ཞིབ་འཇུག་བྱེད་མཁན་གྱི་མི་སྒེར་དང་ཚོགས་པ་མང་བོ་འདུག ལྷག་པར་དུ་དེ་དག་གི་ཁྲོད་དུ་ཧི་མ་ལ་ཡའི་རིག་གནས་ལ་ཞིབ་འཇུག་བྱེད་མཁན་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་འདུག ཡིན་རུང་། རྒྱུ་ཆའི་སྟེང་ནས་བཤད་ན་ཁོ་ཚོ་དཀའ་ཁག་ཆེན་པོར་འཕྲལ་གྱི་འདུག་པས། ཁོ་ཚོའི་ཞིབ་འཇུག་གི་རྒྱུ་ཆ་ཡག་ཤོས་ཤིག་ཏུ་འགྱུར་ཨེ་ཐུབ་སྙམ་པ་ཡིན། མི་མང་བོ་ཞིག་གིས་བོད་ཀྱི་རིག་གནས་དང་ལྷག་པར་དུ་བོན་གྱི་རིག་གནས་ཞིབ་འཇུག་བྱེད་བཞིན་ཡོད་མོད། དྲང་མོར་བཤད་ན་མི་ལ་ཤས་ཀྱི་ཞིབ་འཇུག་གི་ཡིག་ཆ་རྩ་ཆེན་མིན་པར། ཚད་ལྡན་མིན་པའི་ཡིག་ལ་གཟིགས་པའམ་ཡང་ན་མ་ཤེས་རུང་མུན་ནག་མདའ་འཕེན་བྱེད་མཁན་ཡང་མང་བོ་ཞིག་འདུག་པས། ཞིབ་འཇུག་པ་དེ་དག་གིས་ཡིག་ཆ་ཚད་ལྡན་ཞིག་ལ་གཟིགས་ཐུབ་རྒྱུའི་འདུན་པ་ཆེན་པོ་དེ་བཅངས་པ་ཡིན། ཞིབ་འཇུག་པ་དེ་དག་གིས་དོན་དངོས་སུ་བོད་ཀྱི་རིག་གནས་ལ་འདི་འདྲའི་དགའ་སྣང་ཡོད་བཞིན་དུ། ཞིབ་འཇུག་པ་འདི་དག་ལ་བོད་ཀྱི་རིག་གནས་ནི་ལོ་རྒྱུས་དང་སྙན་ངག བརྡ་དག་ཙམ་མིན་པར་རིག་གནས་བཅུ་ཚུད་པའི་མདོ་སྔགས་རྫོགས་གསུམ་གྱི་སྙིང་བོ་དང་རྣམ་བཞག་ཕུན་སུམ་ཚོགས་པ་ཡོད་པ་ཤེས་སུ་འཇུག་པའི་སྲི་ཞུ་ཕྲན་ཙམ་སྒྲུབ་པའི་ཆེད་དུ་ཡིན།
      གསུམ་དུ། 《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་》ལ་ཞང་བོད་གནའ་བོའི་རིག་གནས་ཀྱི་ཉིང་བཅུད་《གངས་ཏི་སེ་བོན་གཞུང་རིག་མཛོད་》ཅེས་མིང་བཏགས་ཡོད། ཞང་བོད་གནའ་བོའི་ཤེས་རིག་གི་ཉིང་བཅུད་འདི་འགྲོ་བ་མིའི་རིགས་ཀྱི་རིག་གནས་ལས་ཆེས་ཐོག་མ་རེད་ཅེས་བརྗོད་དཀའ་མོད། སྔ་ཤོས་སུ་གཏོགས་པ་བཤད་མ་དགོས་པ་ཞིག་རེད་ལ། འཛམ་གླིང་རིག་རིག་གནས་ཁྲོད་ཞང་བོད་གནའ་བོའི་རིག་གནས་འདི་འོད་སྟོང་འབར་བའི་ནོར་བུ་རྙིང་བ་ཞིག་རེད། ཁ་སང་དེ་རིང་མིའི་རིགས་ཀྱིས་འཛམ་པོའི་གླིང་གི་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན། དར་སྤེལ་བྱེད་པའི་བྱ་བ་མང་བོ་སྒྲུབ་བཞིན་འདུག དེས་ན་ཞང་བོད་གནའ་བོའི་རིག་གནས་འདི་སྲུང་སྐྱོབ་བྱ་རྒྱུ་དང་འདིའི་རྒྱུད་འཛིན་ཐད་ཞབས་འདེགས་ཕྲན་བུ་རེ་བསྒྲུབ་རྒྱུ་དེ་ང་རང་གི་ལྟ་ཚུལ་ལྟར་ན་ལོ་རྒྱུས་ཀྱི་འོས་འགན་གཙང་མ་ཞིག་ཏུ་བསམ་བཞིན་ཡོད།
      བཞི་རུ། རང་ཉིད་བོད་ཀྱི་སློབ་གསོ་ལ་དགའ་བ་དང་སྤྲོ་བ་ཡོད་པས། བོད་ཀྱི་སློབ་གསོ་གོང་སྤེལ་ཐད་རང་གི་ནུས་ཚོད་ཀྱིས་ཤུགས་ཕྲན་བུ་ཞིག་བརྒྱབ་པ་ཡིན། 
      དྲི་བ། རྩོམ་སྒྲིག་ཞུ་དག་གི་ཐད་དུ་༼ཧི་མ་ལ་ཡའི་བོན༽ཞེས་པའི་དྲ་ཐོག་ཏུ་ཞུ་དག་བྱེད་པའི་དུས་སུ་བརྡ་རྙིང་བ་དག་བཅོས་བསྒྱུར་མི་བྱེད་པར་སོར་འཇོག་བྱ་ཤིན་ཏུ་ཆེ་ཞེས་བྲིས་འདུག་ཅེས་པའི་རེ་འདུན་བཏོན་འདུག་པས། ཁྱེད་ཚོས་དཔེ་ཚོགས་འདི་རྩོམ་སྒྲིག་དང་མ་ཡིག་ལ་ཞུ་དག་བྱེད་པའི་དུས་སུ་བྱེད་ཐབས་གང་འདྲ་ཞིག་ལག་བསྟར་བྱས་པ་ཡིན། 
      དྲིས་ལན། ང་ཚོ་དཔེ་ཚོགས་འདིའི་བསྡུ་སྒྲིག་དང་པར་སྐྲུན་གྱི་བྱ་བའི་རྒྱུད་རིམ་ཁྲོད་ནས་ཉམས་མྱོང་དང་དཀའ་ཁག་མང་བོར་འཕྲལ་བྱུང་ལ། ཞུ་དག་གི་སྟེང་ནས་ང་ཚོས་ཡིག་རྙིང་ལ་བཅོས་སྒྱུར་བྱས་ཟིན་པ་གཏན་ནས་མེད། བཅོས་སྒྱུར་བྱས་ཚེ་མིང་བརྡ་རྙིང་བ་དེ་དག་གི་ངོ་བོ་ཉམས་འགྲོའམ་ངོ་བོ་བག་ལ་གཞའ་འགྲོ་བས། དཔེ་རྙིང་གང་ཞིག་གི་ནང་དུ་མིང་བརྡ་རྙིང་བ་གང་ཞིག་གི་དོན་མ་གོ་ཚེ། དཔེ་རྙིང་གཞན་པར་ཐོད་གཏུགས་པའམ་གོ་བསྡུར་བྱས་པ་ཡིན། ཡིན་རུང་། དཔེ་རྙིང་ལ་ལར་དཔེ་རྒྱུན་མི་འདྲ་བ་ལྔའམ་དྲུག་ཡོད་དེ། དཔེར་ན། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་》ལྟ་བུ་ལ་མཚོན་ན། དཔེ་རྒྱུན་མི་འདྲ་བ་བཞི་ལྔ་ཙམ་བཙལ་རྗེས། དཔེ་རྒྱུན་སོ་སོའི་ནང་གི་མིང་བརྡ་རྙིང་བ་རྣམས་ཕན་ཚུན་གཤིབ་བསྡུར་བྱས་རྗེས། གང་དག་པར་འདོད་པ་དེ་དཔེ་སྒྲིག་ཚན་ཆུང་གིས་འདེམས་ཐག་བཅད་རྗེས་དེ་སོར་འཇོག་བྱས་ཤིང་། འོག་ཏུ་མཆན་བཏབ་ཡོད་པ་ལས། བཅོས་བསྒྱུར་བྱས་ཟིན་པ་གཏན་ནས་མེད། མིང་བརྡ་རྙིང་བ་བཅོས་ཚེ་དེའི་ངོ་བོ་ཉམས་འགྲོ་ཁར། མིང་རྙིང་དེ་དག་གི་དོན་དེ་རིང་མ་གོ་རུང་སང་ཉིན་མི་གོ་བ་དང་། ངས་མ་གོ་ལ་ཁྱོད་ཀྱིས་མ་གོ་རུང་། མ་འོངས་པར་བོད་ཀྱི་མི་རབས་རྗེས་མས་མི་གོ་བའི་ངེས་པ་མེད་པར། ཉིན་ཚིགས་ཉི་མ་ཞིག་ལ་གོ་ཤ་སྟག་ཡིན་ལ། གལ་ཏེ་མ་གོ་རུང་དེ་ཞིབ་འཇུག་གི་རྒྱུ་ཆ་གལ་ཆེན་ཡིན་པར་བརྟེན། གཅིག་ཀྱང་མ་བཅོས་པར་སོར་འཇོག་བྱས་ཡོད། གཞན་དཔེ་རྙིང་དག་གི་ཁྲོད་རྩོམ་པ་བོ་རང་ཉིད་ཀྱིས་མཆན་བཀོད་ཡོད་པ་དག་དཔེ་ཚོགས་ཀྱི་ཁྲོད་དུའང་ཡིག་འབྲི་ཆུང་ཆུང་བྱས་ཏེ་བཀོད་ཡོད་ལ། ང་ཚོའི་དཔེ་སྒྲིག་ཚན་ཆུང་གིས་མཆན་བཀོད་པ་དག་གསལ་བཤད་བྱས་ཡོད། དེ་མིན་པའི་མཆན་དག་ཟླ་ཁྱིམ་སོགས་རྟགས་སོ་སོར་བཅུག་སྟེ་གསལ་ལྷང་ངེར་བཀོད་ཡོད་པ་ལས། མིང་བརྡ་རྙིང་བའི་རིགས་བཅོས་ཟིན་པ་གཅིག་ཀྱང་མེད། དཔེར་ན། ཀ་དག་ལྟ་བུར་མཚོན་ནའང་འབྲི་སྟངས་མི་འདྲ་བ་མང་བོ་ཡོད་དེ། བོད་གྱི་ཡིག་རྙིང་མང་ཤས་སུ་དཀའ་དག་ཞེས་འཁོད་འདུག ཞུ་དག་གི་དུས་སུ་སྔོན་གྱི་ཡིག་རྙིང་དུ་དཀའ་དག་ཞེས་བྲིས་ཡོད་ཚེ་ང་ཚོས་ཀྱང་དེ་ལྟར་སོར་འཇོག་བྱས་པ་ཡིན་ལ། གལ་ཏེ་ཀ་དག་ཏུ་བཅོས་ཚེ་འགྲིག་པར་སྙམ་ཚེ། མ་ཡིག་ནང་གི་མིང་བརྡ་རྙིང་བར་ལག་པ་མ་ཐུག་པར། འོག་ཏུ་ཀ་དག་ཏུ་བཅོས་ཚེ་འགྲིག་སྙམ་པའི་ང་ཚོའི་རེ་འདུན་འོག་ཏུ་གསལ་བོར་མཆན་བཏབ་ཡོད། བོན་གྱི་ཡིག་རྙིང་ཚང་མར་གཅིག་མཐུན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། ལ་སོགས་ཞེས་པ་ཀུན་པོར་ལས་སོགས་ཞེས་བྲིས་འདུག་པས། ང་ཚོས་ཀྱང་སོར་འཇོག་བྱས་པ་ལས། བཅོས་སྒྱུར་བྱས་ཟིན་པ་གཅིག་ཀྱང་མེད། འགྲོ་བ་རིགས་དྲུག་ལྟ་བུར་ཆ་བཞག་ནའང་སྔོན་གྱི་ཡིག་རྙིང་མང་བོར་རུས་དྲུག་ཞེས་བྲིས་འདུག་པ་དང་། རབ་སྟེ་སྟོན་པ་གཤེན་རབ་དང་གཤེན་རབས་གཡུང་དྲུང་སེམས་དཔའ་ལྟ་བུའི་མིང་ཚིག་ལའང་སྟོན་པ་གཤེན་རབ་ཀྱི་རབ་ལ་ས་མཐའ་མེད་པའི་རབ་དང་གཤེན་རབས་གཡུང་དྲུང་སེམས་དཔའི་རབས་ལ་ས་མཐའ་ཡོད་པའི་འབྲི་སྟངས་གཉིས་དང་། སྙན་རྒྱུད་ལའང་ལ་ཤས་ཀྱིས་སྔོན་འཇུག་བ་འཇོག་བཞིན་ཡོད་ཀྱང་། བོན་གྱི་ཡིག་རྙིང་དག་ཏུ་སྙན་རྒྱུད་ཀྱི་རྒྱུད་ལ་སྔོན་འཇུག་མི་འཇོག་པར་མངོན། དེ་རིང་གནང་ཁར་གྲུབ་མཐའ་གཞན་དག་ཏུ་སྙན་བརྒྱུད་ལ་སྔོན་འཇུག་བ་བཞག་འདུག་མོད། ང་ཚོས་བོད་ཀྱི་གནའ་བོའི་རིག་གནས་ཀྱི་འགྲོ་སྟངས་གཙོ་བོར་བཟུང་ནས་སྒྲིག་པ་ཡིན།
      ཕྲད་ཀྱི་སྟེང་ནས་ཀྱང་མི་མཐུན་པ་མང་བོ་ཡོད་ཀྱང་། ང་ཚོས་སོར་འཇོག་བྱས་པ་ཡིན། དེ་ལྟར་སོར་འཇོག་བྱས་པའི་རྒྱུ་མཚན་ནི། རྒྱལ་སྤྱིའི་བོད་ཀྱི་ཞིབ་འཇུག་པ་གྲགས་ཅན་མཁས་དབང་ནམ་མཁའི་ནོར་བུའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་སོགས་ཀྱི་སྟེང་དུའང་སྔོན་གྱི་ཞང་ཞུང་གི་ཕྲད་དེ་དེང་གི་ཕྲད་དང་བསྡུར་ཚེ་མང་བོ་བྲིས་འདུག་པས། ཕྲད་རྣམས་ཡིན་གཅིག་མིན་གཉིས་སུ་དེང་གི་ཚིག་ཕྲད་དང་མཐུན་དགོས་པའི་ངེས་པ་མི་འདུག་སྙམ་སྟེ་སོར་འཇོག་བྱས་པ་ཡིན། 
      གཉིས་སུ། ཡིག་རྙིང་མང་ཤས་སུ་ལག་བྲིས་ཀྱི་སྐོར་མང་ལ། ལག་བྲིས་ཀྱི་དཔེ་རྙིང་དག་འབྲི་སྐབས་འབྲི་བ་བོས་མཉམ་མ་བཞག་པའམ་ཡང་ན་བྲིས་པའི་རྗེས་ནས་ཞུག་དག་མ་སོང་བ་ལྟ་བུའི་དོགས་གནས་ཀྱི་སྐོར་མང་བོ་འདུག དེ་བས་དེ་དག་གི་ཁྲོད་དུ་ཐག་མི་ཆོད་པའི་རིགས་མང་བོ་ཡོད་མོད། ང་ཚོས་རང་ནུས་ཅི་ལྕོགས་ཀྱིས་གྲོས་བསྡུར་དང་ཡིག་རྙིང་གཞན་དག་དང་གཤིབ་བསྡུར། དེ་མིན་མཁས་པ་དག་ལ་བཀའ་འདྲི་བློ་འདྲིའི་ཚུལ་གྱིས་དངོས་གནས་ཏིག་ཏིག་གིས་ཡིག་སྐྱོན་ཤོར་བའི་རིགས་རེ་གཉིས་བཅོས་པའང་ཡོད་མོད་མང་བོ་གཏན་ནས་མེད། རྒྱུ་མཚན་ནི་དེ་དག་ནི་འབྲི་བ་བོའི་བྲིས་སྐྱོན་ཤ་སྟག་ལས་ཡིག་རྙིང་ཡིན་པའི་ངེས་པ་གཏན་ནས་མེད། ཡིག་རྙིང་གི་རིགས་གཅིག་ཀྱང་མ་བཅོས་པར་སོར་འཇོག་བྱས་ཡོད།
       ཡང་གསལ་བཤད་བྱ་དགོས་པ་ཞིག་ནི། དཔེ་རྒྱུན་གཅིག་ལ་མ་ཕྱི་མི་འདྲ་བ་བཞི་དང་ལྔ་ཡོད་པའི་དཔེ་རྒྱུན་ལ་ལའི་ནང་དུ་ཚིག་རྐང་རེ་གཉིས་ཆད་ལྷག་བྱུང་ཡོད་པ་དང་ཡིག་འབྲི་རེ་འགའ་ཆད་ལྷག་བྱུང་ཡོད་པའི་གནད་དོན་ལ་རྒྱུན་དུ་འཕྲལ་ལ། གནད་དོན་དེའི་རིགས་ལ་འཕྲལ་དུས་ཆད་པ་གསབ་པ་དང་ལྷག་པ་དོར་བའི་གནས་ཚུལ་རེ་གཉིས་ཡོད། ཡིན་རུང། དཔེ་སྒྲིག་ཚོ་ཆུང་གིས་གསབ་དོར་བྱས་ཚུལ་གྱི་མཆན་གསལ་བོར་བཀོད་ཡོད། དེའི་སྐོར་དེ་གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ཆེན་མོའི་དག་སྒྲིག་གསལ་བཤད་ཀྱི་ནང་དུའང་གསལ་བོར་བཀོད་ཡོད།
      དཔེ་ཚོགས་སྒྲིག་སྟངས་ཀྱི་ཐད་ནས། སྔོན་གྱི་དཔེ་དེབ་མང་ཤས་སུ་ཞང་ཞུང་གི་སྨར་ཆེན་དང་སྨར་ཆུང་གི་སྔགས་ཡིག་རེ་འགའ་འདུག་ལ། དེ་དག་གློག་ཀླད་ཀྱི་ནང་གཏགས་མི་ཐུབ་ལ། ལག་བྲིས་ཀྱི་སྟབས་མ་འགྲིག་པ་དང་། ཡིག་རྙིང་ལ་ཤས་རྙིང་དྲགས་པས་ངོས་ཟིན་དཀའ་བའི་གནད་དོན་རེ་གཉིས་དུས་ཚོད་དང་ཆ་རྐྱེན་སོགས་ཀྱི་སྟབས་དབང་གིས་ཐག་མ་ཆོད་པར་ཟུར་ནས་བསྐྱུར་སོང་བའང་རེ་གཉིས་ཡོད། ཡིན་རུང་། ཚང་མ་གསལ་བཤད་བྱས་ཡོད་དེ། གློག་ཀླད་སོགས་ཀྱི་སྟབས་དབང་གིས་དེའི་སྐོར་ཐག་གཅོད་བྱས་མ་ཐུབ་པས། མ་འོངས་པར་ཚང་མས་ཐུགས་མཉམ་འཇོག་ས་ཡིན་ཞེས་གསལ་བཤད་བྱས་ཡོད། སྤྱི་ཁྱབ་ཏུ་བོད་ཀྱི་གནའ་བོའི་ཤེས་རིག་གི་དགོངས་པ་མ་འགྱུར་བར་སོར་འཇོག་བྱས་ཡོད། 
      དྲི་བ། སྔགས་ཡིག་སོགས་གཏགས་མ་ཐུབ་པར་ཟུར་དུ་བསྐྱུར་བའི་རིགས་མང་བོ་ཡོད་དམ་མེད། 
      དྲིས་ལན། བསྐྱུར་ཟིན་པ་མང་བོ་མེད་མོད། རེ་གཉིས་ཡོད། དཔེར་ན། གསང་སྔགས་ཀྱི་སྐོར་དུ་མང་ཙམ་འདུག་སྟེ། གསང་སྔགས་ཀྱི་རྒྱུད་ཀྱི་སྐོར་ཁག་ཏུ་ལྟོས་འཇོག་གིས་མང་ཙམ་འདུག་ལ། དུས་རབས་བདུན་པའི་ཡར་སྔོན་གྱི་བླ་ཆེན་དྲན་པ་ནམ་མཁའ་དང་ལོ་ཙ་བ་ཆེན་པོ་བཞི། རྒྱལ་གཤེན་མི་ལུས་བསམ་ལེགས་སོགས་མཁས་པ་དག་གིས་གསུང་བའི་སྔགས་ཡིག་དག་གི་ནང་དུ་རྒྱུན་དུ་གནད་དོན་དེར་འཕྲལ་སྲིད་ལ། དེའི་སྐོར་ལ་ངོ་མས་བཀོད་པ་མི་འདུག་པས་རེ་གཉིས་ཟུར་དུ་བསྐྱུར་ཟིན་པ་ཡོད། 
      དྲི་བ། 《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》ཆེན་མོ་དཔར་བསྐྲུན་བྱས་པ་ཡིས་མ་འོངས་པར་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན་གྱི་ཐད་དུ་ཕན་འབྲས་ཅི་ཡོད། 
      དྲིས་ལན། 《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》ཆེན་མོ་དཔར་བསྐྲུན་བྱས་པ་ལ་བརྟེན་ནས་ཞང་བོད་གནའ་བོའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་ལྷག་པར་དུ་ང་ཚོའི་ཡབ་མེས་གོང་མ་དག་གི་ཕྱིའི་དངོས་པོ་དང་ནང་བསམ་བློའི་ཐད་ཀྱི་ལྟ་བ་འཛིན་སྟངས་དང་། དེ་མིན་ང་ཚོའི་མེས་པོ་དག་གི་འཚོ་བ་སྐྱེལ་སྟངས། བོད་མི་རིགས་འདི་མི་རིགས་རྙིང་བ་ཞིག་ཡིན་ལ། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་མི་རིགས་ཤིག་ཡིན་པའི་མི་ཚད། སྐལ་བ་ཡ་ཐོག་ནས་མཚན་ཉིད་རིག་པ་དང་ཆབ་སྲིད་རིག་པ། དམག་དོན་རིག་པ། ཆོས་ལུགས་རིག་པ་སོགས་རིག་གནས་ཀྱི་ཕྱོགས་མང་བོར་བློ་ཁ་འཇུག་ཐུབ་པའི་མི་རིགས་ཤིག་ཡིན་ཁར། ཤེས་རབ་རྣོ་བ། གནས་ལུགས་ལ་བརྩི་བཀུར་བྱེད་པའི་མི་རིགས་ཤིག་ཡིན་པ་དཔེ་ཚོགས་འདིར་སྟོན་ཐུབ་པ་ནི་དཔེ་ཚོགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་རེད། འབྲས་བུ་འདིས་ཅི་ཞིག་མཚོན་ཐུབ་བམ་ཞེས་ན། ཞང་བོད་མི་རིགས་འདི་བསྐལ་བ་ཡ་ཐོག་ནས་རིག་གཞུང་ལ་བརྩོན་པ་ཡོད་པ་དང་རིག་གཞུང་ལ་དགའ་བའི་མི་རིགས་ཤིག་ཡིན་པ། ལྷག་པར་གནའ་སྔ་མོའི་དུས་ནས་མདོ་སྔགས་རྫོགས་གསུམ་གྱི་བསྟན་པ་དར་ཡོད་པ་གསལ་བོར་མཚོན་ཐུབ། འདི་ནི་ང་རང་གིས་རིས་མོས་ཀྱི་སྐད་ཆ་བཤད་པ་གཏན་ནས་མིན་པར་དཔེ་ཚོགས་ཀྱི་བརྩམས་ཆོས་དག་ཏུ་ཧ་ཅང་གི་ཞིབ་རྒྱས་གསུང་ཡོད། དཔེ་ཚོགས་འདིར་བལྟས་རྗེས་བོད་མི་རིགས་ནི་གནའ་སྔ་མོའི་དུས་ནས་མི་རིགས་ཕུལ་དུ་བྱུང་བ་ཞིག་ཡིན་པ་གཞི་ནས་རྟོགས་ཐུབ། ཉེ་སྔོན་བོད་ཀྱི་ཤེས་རིག་གི་དབུ་ཚུགས་སྟངས་ཐད་ལྟ་ཚུལ་འདྲ་མིན་ཅི་རིགས་མཆིས་མོད། གང་འགྲིག་པ་བརྡར་ཤ་གཅོད་དཀའ་མོ་རེད། དེ་བས་དཔྱད་གཞིའི་ཡིག་ཆ་འདི་དག་ལ་ཞིབ་ཏུ་གཟིགས་ཚེ་བོད་ཀྱི་ཤེས་རིག་དེ་དུས་ནམ་ཞིག་ནས་འགོ་ཚུགས་པའི་ཐད་ངེས་ཤེས་གསར་བ་འདྲོངས་ཐུབ་པར་ཕན་འབྲས་མི་དམན་པ་ཐོན་ཐུབ། གང་ལྟར་ཁ་སང་དེ་རིང་བོད་ཀྱི་རིག་གནས་དང་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱེད་པའི་དུས་སུ་གལ་ཆེ་བ་ནི་རྒྱུ་ཆ་མང་བོ་དགོས་པ་དེ་རེད། དཔེར་ན། ཏུང་ཧོང་ཡིག་རྙིང་གི་ཡིག་ཆ་དེ་དག་དེང་སྐབས་རང་མི་རིགས་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཆོས་ལུགས་རིག་གནས། དམངས་སྲོལ་རིག་གནས་སོགས་ཀྱི་ཞིབ་འཇུག་གི་ཐད་དུ་རྒྱུ་ཆུ་འགངས་ཆེན་དུ་གྱུར་འདུག་པ་ནང་བཞིན། དཔེ་ཚོགས་ཆེན་མོ་འདིས་བོད་ཀྱི་རིག་གནས་ཞིབ་འཇུག་གི་རྒྱུ་ཆའི་ཐད་མཐུན་རྐྱེན་གསར་བའམ་ཕན་འབྲས་བཟང་བོ་ཐོན་ཡོད་སྙམ། ཁྱེད་ཀྱིས་ཀྱང་མཐོང་ཡོད་ངེས་བཞིན། 《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》ཆེན་མོ་ལེགས་འགྲུབ་ཀྱི་དྲན་རྟེན་ཟིན་ཐོ་ཞེས་པའི་དཔེ་དེབ་དེ་རུའང་བོད་ཀྱི་མཁས་དབང་མང་བོས་དཔེ་ཚོགས་ཆེན་མོ་འདི་ལེགས་བསྒྲིགས་དཔར་བསྐྲུན་བགྱིས་པ་ཡིས་ཞང་བོད་ཤེས་རིག་ཞིབ་འཇུག་དང་བོད་ཀྱི་ཤེས་རིག་གཅིག་གྱུར་ཡོང་བ། བོད་ཀྱི་རིག་གནས་ལ་ཡང་དག་པའི་སྡོམ་ཚིག་གསར་བཀོད་པ བོད་མི་རིགས་ཀྱི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་སྲུང་སྐྱོབ་སོགས་ཀྱི་ཐད་ལ་བྱས་འབྲས་ཆེན་པོ་བཞག་ཡོད་ཅེས་པའི་གདེང་འཇོག་མཐོན་པོ་གནང་ཡོད་པ་བཞིན། བོད་མི་རིགས་རང་ཉིད་ཀྱི་རིག་གནས་སྣ་འཛོམས་ཅན་དུ་འགྱུར་བ་དང་ཕན་ཚུན་གོང་བཀུར། ཕན་ཚུན་མཉམ་གནས། ཕན་ཚུན་ལ་རྒྱུས་ལོན་བྱ་རྒྱུ་སོགས་ཀྱི་ཐད་དུ་གྲུབ་འབྲས་ཕྲན་བུ་རེ་ཐོན་ཡོད་སྙམ། 
      དྲི་བ། 《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》ཆེན་མོ་ལེགས་གྲུབ་བྱུང་རྗེས་ཀྱི་དྲན་རྟེན་ཟིན་ཐོ་ཅེས་པའི་དེབ་དེ་རུ། བོད་ཀྱི་མཁས་པའི་དབང་བོ་གང་མང་མང་ཞིག་གིས་རིས་སུ་མ་མཆེད་པའི་གདེང་འཇོག་ཚད་མཐོན་པོའམ་ཞང་ཞུང་རིག་གནས་ཀྱི་ཐད་ལ་ངེས་ཤེས་གསར་བ་འདྲོངས་པའི་གཏམ་སྣ་ཚོགས་སྤེལ་འདུག་པའི་ཐད་ལྟ་སྟངས་ཅི་ཞིག་སྐྱེས།
      དྲིས་ལན། བོད་ཀྱི་མཁས་པ་ཆེན་པོ་འདི་དག་གནས་ལུགས་ལ་བརྩི་མཐོང་བྱེད་པར་སྤྲོ་བ་ཡོད་པ། གལ་ཏེ་གནས་ལུགས་དང་མཐུན་ཚེ་ཁས་ལེན་པའི་བློ་སྤོབས་ཡོད་ལ། གནས་ལུགས་མེད་ན་དགག་པ་རྒྱག་པའི་དཔའ་ངར་དང་སྙིང་སྟོབས་ཡོད་པ། གནས་ལུགས་དང་རྒྱུ་མཚན་ཡོད་ཚེ། ཁོ་ཚོ་དེའི་ཚོད་ཀྱིས་གཤིས་རྒྱུད་དྲངས་ལ་ཟབ་ཅིང་བརླིང་བའི་ཁོག་རྒྱ་ཡོད་པའི་བླ་མེད་ཀྱི་སྐྱེས་ཆེན་ཏག་ཏག་ཡིན་གཞི་ནས་རྟོགས་ཐུབ། ཆོས་རྒྱལ་ནམ་མཁའི་ནོར་བུ་ལ་མཚོན་ནའང་། ཁོང་གིས་བོན་གྱི་བསྟན་པ་དང་རིག་གནས་ནི་ཞང་བོད་ཀྱི་མི་རིགས་ཙམ་དུ་མ་ཟད། འཛམ་གླིང་མིའི་རིགས་ལ་ཕན་པའི་ཤེས་རིག་རྩ་ཆེན་པོ་རེད་ཅེས་གསུང་ཡོད། དེའི་མི་ཚད། བོད་ཀྱི་རིག་གནས་དང་ལོ་རྒྱུས་ལ་དགའ་བའི་མི་ཞིག་ཡིན་ཚེ། བོན་གྱི་རིག་གནས་དང་ལོ་རྒྱུས་ལ་ངེས་པར་དུ་དོ་སྣང་ཆེན་པོ་བྱེད་དགོས། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི་ཞང་བོད་གནའ་རབས་རིག་གནས་འདི་བོད་རང་གི་མེས་པོ་ཚོས་གསོག་འཇོག་བྱས་པའི་རིག་གནས་ཡིན་པ་གསལ་བོར་བསྟན་ཡོད། དེ་མིན། རྒྱལ་སྤྱིའི་བོད་རིག་པའི་ཚོགས་གཙོ་ཟུར་བ་མཁར་རྨེའུ་བསམ་གཏན་རྒྱ་མཚོ་མཆོག་དང་བོད་ཀྱི་སློབ་ཆེན་དག་གི་མཁས་ཆེན་མང་བོསཀྱང་གདེང་འཇོག་ཚད་མཐོན་པོ་གནང་འདུག་པ་དེས། གྲུབ་མཐའི་ཕྱོགས་རིས་མེད་པ། བོད་མི་རིགས་ཀྱི་རིག་གནས་ལ་དགའ་བོ་ཡོད་པ། གནས་ལུགས་ལ་བརྩི་བཀུར་བྱེད་པ། ལྟ་རྒྱ་དང་མཐོང་རྒྱ་ཡངས་པ། གནས་ལུགས་དང་བར་ཐག་ཅི་ཙམ་ཉེ་ན་གདེང་འཇོག་དེ་ཙམ་མཐོ་བ་མཚོན་གྱི་ཡོད་པར་འདུག་སྙམ་བཞིན་ཡོད། 
      དྲི་བ། ཀྲུང་གོའི་བོད་རིག་པའི་དྲ་བར་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་གངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》དང་། ན་གཞོན་གསར་བའི་དྲ་ཚིགས་སུ་རི་བོ་གངས་ཅན་པའི་ལྗོངས་འདིར་ལོ་རྒྱུས་ཆེས་སྔ་ཞིང་རིན་ཐང་ཆེས་གཞལ་པར་དཀའ་བའི་བོན་གྱི་དཔེ་ཚོགས་ཆེན་མོ་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》ཞེས་གདེང་འཇོག་ཚད་མཐོན་པོ་གནང་འདུག་པས། ཁྱོད་ཀྱིས་བལྟས་ན་གདེང་འཇོག་དེ་དག་དོན་དངོས་མཐུན་པ་ཞིག་ཨེ་རེད། 
      དྲིས་ལན། ང་རང་གི་ལྟ་ཚུལ་ལྟར་ན་འདི་ཐམས་ཅད་དོན་དངོས་དང་མཐུན་པ། གནས་ལུགས་དང་མཐུན་པའི་གདེང་འཇོག་ཏག་ཏག་རེད། གནས་ལུགས་དང་མཐུན་པ་རེད་པའི་རྒྱུ་མཚན་གཙོ་བོ་ནི། བོན་གྱི་རིག་གནས་ཞེས་ནའང་འདྲ། ཞང་ཞུང་གི་རིག་གནས་ཞེས་ནའང་འདྲ། ཚང་མ་བོད་རང་གི་རིག་གནས་རེད་ལ། བོན་གྱི་རིག་གནས་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་དང་མ་ལག་གཙོ་བོ་ཞིག་རེད། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞུས་ཆེན་པ་ནོར་བྲང་ཨོ་རྒྱན་ལགས་ཀྱིས་རྩོམ་ཞིག་བྲིས་འདུག་པ་དེ་རུ། བྷོ་ཊའི་སྐྱེས་མཆོག་གཤེན་རབ་མི་བོ་ཆེ་ཞེས་སྟོན་པ་གཤེན་རབ་ནི་བོད་གངས་ཅན་གྱི་བསམ་བློའི་ཐོག་མ་ཡིན་པ་གསལ་བོར་འཁོད་འདུག་ལ། གལ་ཏེ་སྟོན་པ་གཤེན་རབ་མི་བོ་མཆོག་ནི་བོད་གངས་ཅན་གྱི་བསམ་བློའི་ཐོག་མ་ཡིན་ཚེ། དེ་ནི་བོད་མི་རིགས་ཡོངས་ཀྱི་རྒྱན་ཞིག་ཡིན་ཏེ། དེས་སྐལ་བ་ཡ་ཐོག་ནས་བོད་གངས་ཅན་འདི་དཔྱོད་ཤེས་ཀྱི་བསམ་བློ་ཡོད་པ། རིག་གཞུང་ལ་དོ་སྣང་ཡོད་པ། གནས་ལུགས་ལ་མཐོང་ཆེན་བྱེད་པའི་མི་རིགས་རྩ་ཆེན་ཞིག་ཡིན་པ་མཚོན་གྱི་འདུག དེ་བས་དྲ་ཚིགས་སོ་སོར་བཤད་འདུག་པ་དེ་ང་རང་གི་ལྟ་ཚུལ་ལྟར་ན་ཧ་ཅང་གིས་གནས་ལུགས་དང་མཐུན་པ་ཞིག་རེད།
      སྤྱིར་བཏང་བོད་ཀྱི་ཤེས་རིག་དང་ལོ་རྒྱུས། གྲུབ་མཐའ་རུ་དབྱེ་ན་མང་མོད། ཞང་བོད་རིག་གནས་ཀྱི་ཁུངས་དེ་ས་ཁམས་ཞིབ་འཇུག་པ་དང་། གནའ་རྫས་རྟོག་ཞིབ་པ། ལོ་རྒྱུས་ཞིབ་འཇུག་པ་གང་མང་ཞིག་གིས་ལོ་ངོ་མང་བོར་ཞིབ་འཇུག་དང་རྩད་གཅོད་གང་ལེགས་བྱས་མཐར། ཞིབ་འཇུག་གི་རྒྱུ་ཆ་གང་མང་ཞིག་ལ་བརྟེན་ནས་ཐག་བཅད་པ་ལྟར་ན། ཁ་སང་དེ་རིང་སྟོད་མངའ་རིས་ལ་ངོས་འཛིན་གྱི་ཡོད། ཞིབ་འཇུག་གི་རྒྱུ་ཆ་མང་བོར་བརྟེན་ནས་ཐག་བཅད་པ་ཞིག་ཡིན་ཕྱིན་ང་ཚོས་ཅིས་ཀྱང་གནས་ལུགས་ལ་ཁས་ལེན་དགོས་པས། ཞིབ་འཇུག་གི་ཚོགས་པ་གང་མང་ཞིག་གིས་བོན་གྱི་རིག་གནས་དེ་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད་ཅེས་བརྗོད་བཞིན་པ་དེར། ངའི་ལྟ་ཚུལ་ལྟར་ན་ཚད་ལས་འདས་པའི་གདེང་འཇོག་གི་ཆ་ཅི་ཡང་མེད་པར། ཧ་ཅང་ཚད་དང་རན་ལ་ལུགས་དང་མཐུན་པའི་གདེང་འཇོག་ཅིག་རེད་འདོད་ཡོད་པའི་ཁར། གདེང་འཇོག་དེས་བོད་མི་རིགས་འདི་མི་རིགས་རྙིང་བ་ཡིན་པ། ལས་ལ་བརྩོན་ཞིང་ཤེས་རིག་ལ་དགའ་བའི་མི་རིགས་ཡིན་པ། དཔའ་ངར་ཅན་གྱི་མི་རིགས་ཡིན་པ། བློ་གྲོས་ཅན་མང་བོ་ཞིག་འཁྲུངས་མྱོང་བའི་མི་རིགས་ཤིག་ཡིན་པ་དེ་མཚོན་གྱི་ཡོད། གཞན་དེང་དུས་ཞིབ་འཇུག་པ་གང་མང་ཞིག་གིས་དུས་རབས་བདུན་པའི་ཡར་སྔོན་གྱི་བོད་ཀྱི་རིག་གནས་དང་ལོ་རྒྱུས་ལ་ཞིབ་འཇུག་བྱ་དགོས་ཚེ། བོན་གྱི་རིག་གནས་དང་ཧི་མ་ལའི་རིག་གནས་ལ་ཁུངས་གཏུགས་པ་ལས་གཞན་ཞིག་འཚོལ་དཀའ་ཞེས་ཁས་ལེན་བཞིན་པས། དེ་ལྟར་གདེང་འཇོག་བྱས་ཡོད་པ་ཧ་ཅང་གིས་དོན་དང་མཐུན་པ་ཞིག་རེད་སྙམ་ཡོད། 
       དྲི་བ། 《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》ཆེན་མོ་འདི་སྤྱི་ཚོགས་སྟེང་དུ་བཀྲམ་སྟངས་ཅི་འདྲ་ཞིག་ཡིན། 
      དྲིས་ལན། དཔེ་ཚོགས་འདིའི་འགྲོ་སྒོ་དང་ལེགས་སྒྲིག་གི་ལས་འགན་ཚང་མ་རྩེ་ཞིག་དགོན་པའི་ཁུར་རྗེས། མི་རིགས་དཔེ་སྐྲུན་ཁང་དང་མཉམ་འབྲེལ་སྒོས་དཔར་བསྐྲུན་བྱས་པ་ཡིན། སྤྱི་ཚོགས་སུ་འགྲེམ་སྟངས་ཀྱི་ཐད་ནས། མཁས་པ་སོ་སོདང་ཞིབ་འཇུག་པ་སོ་སོ། དཔེ་མཛོད་ཁང་སོ་སོ་དང་སློབ་གྲྭ་སོ་སོ། དེའི་མི་ཚད་དགོན་པ་སོ་སོར་ཞབས་འདེགས་ཕྲན་བུ་རེ་བསྒྲུབ་པའི་རྒྱུ་རུ་སྨིན་པ་དང་། མ་འོངས་པར་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་མཁན་དག་གི་ཞིབ་འཇུག་གི་རྒྱུ་ཆར་ཨེ་ལེགས་སྙམ་པའི་འདུན་པ་དེ་ཐོག་མའི་དམིགས་ཡུལ་ཡིན་པར་བརྟེན། དཔེ་ཚོགས་ཆེན་མོ་འདི་ཚར་སྟོང་གཉིས་དཔར་བའི་ཁྲོད་ཀྱི་བརྒྱ་ཆའི་ལྔ་བཅུ་འཛམ་གླིང་རང་བཞིན་ཅན་གྱི་བོད་རིག་པའི་ཞིབ་འཇུག་གི་ལས་ཁུངས་སོ་སོ་གཙོ་བྱས་པའི་བོད་ཀྱི་སློབ་གྲྭ་ཆེན་མོ་སོ་སོའི་དཔེ་མཛོད་ཁང་། རིག་དངོས་སྲུང་སྐྱོབ་ཀྱི་སྡེ་ཚན་ཁག བོད་ཡུལ་ཀྱི་བན་བོན་གྱི་དགོན་སྡེ་ཆེ་ཁག་དག་གི་དཔེ་ཁང་། ཀྲུང་གོའི་བོད་རིག་པ་ལྟེ་གནས་སོགས་རྒྱལ་ནང་གི་རིག་གཞུང་ཞིབ་འཇུག་གི་ལས་ཁུངས་སོ་སོའི་དཔེ་མཛོད་ཁང་སོགས་སུ་རིན་མེད་ངང་བསྐྱལ་བ་ཡིན། བརྒྱ་ཆའི་སུམ་བཅུ་རིན་མེད་ངང་སློབ་གྲྭ་ཆེན་མོ་དག་གི་བོད་ཀྱི་སློབ་གསོའི་རྐང་འཛིན་པ་དང་བོན་གྱི་རིག་གནས་ལ་ཞིབ་འཇུག་བྱེད་མཁན་དག་གི་ཕྱག་ཏུ་འབུལ་བ་ཡིན། དེ་ལྟར་བྱས་དགོས་དོན་ནི་གཅིག་ཏུ་ཞིབ་འཇུག་པ་རྣམས་ལ་ཞིབ་འཇུག་གི་རྒྱུ་ཆ་མཁོ་འདོན་དང་། གཉིས་སུ་བོད་ཀྱི་རིག་གནས་ལ་ལོ་རྒྱུས་ཀྱི་ཡུན་རིང་ཞིང་། ནང་དོན་ཕུན་སུམ་ཚོགས་པོ་ཡོད་པའི་བདེན་དཔང་གི་སྡོམ་ཚིག་དེ་མི་རིགས་གཞན་པ་བ་ཞིག་གིས་འཇོག་པ་ལས། བོད་རང་གི་མཁས་པ་རྒན་པ་ཞིག་གིས་འཇོག་རྒྱུ་དེ་གལ་ཧ་ཅང་སྟབས། ཞིབ་འཇུག་གི་རྒྱུ་ཆར་ཁོང་ཚོའི་ཕྱག་ཏུ་བཀྲམ་པ་ཡིན། བརྒྱ་ཆའི་ཉི་ཤུ་ཙམ་གནས་སྐབས་སུ་རྩེ་ཞིག་དགོན་པར་ཉར་འཇོག་བྱས་ཡོད།
      སྤྱིར་བཏང་དུ་དཔེ་ཚོགས་འདི་དཔར་ཐོན་བྱུང་རྗེས་ཚར་རེའི་རིན་གོང་སྒོར་བརྒྱད་རྒྱ་བརྒྱད་ཅུ་ཙམ་ཡིན་མོད། ང་ཚོའི་ཐོག་མའི་དམིགས་ཡུལ་ནི་བོད་ཀྱི་རིག་གནས་རྒྱུད་འཛིན་དང་གོང་སྤེལ་ཐད་ཞབས་འདེགས་ཕྲན་བུ་རེ་བསྒྲུབ་ཨེ་སྙམ་པ་ལས། ཚོང་ལས་ཀྱི་ཆེད་དུ་གཏན་ནས་མིན་པར་བརྟེན། གོང་དུ་བཀྲམས་ཟིན་པ་དག་ལ་རིན་གོང་སྐར་མ་གང་ཡང་བླངས་མེད། མི་རིགས་དཔེ་སྐྲུན་ཁང་གིས་ག་ཚོད་དཔར་བཞིན་པ་ང་ཚོར་ཡང་གསལ་ཆ་མེད། གཞན་བོད་ལྗོངས་ཆབ་མདོ་སྟེང་ཆེན་དགོན་པའི་མཁན་པོ་རྒྱ་མཚོ་ནོར་བུ་ལགས་ནས་སྒེར་སྟེང་ནས་མ་དངུལ་ཕུལ་ཏེ་ཚར་སྟོང་གཅིག་དཔར་བསྐྲུན་བྱས་ལ། དེའང་བཀྲམ་སྟངས་གོང་བཞིན་རིན་གོང་སྐར་མ་གང་ཡང་མ་བླངས་པར་བཀྲམ་བཞིན་ཡོད་པ་རེད། དེ་བས་མི་རིགས་དཔེ་ཚོང་ཁང་གིས་དཔེ་ཚོང་ཁང་སོ་སོ་ནས་མ་བཙོང་ཚེ། རྩེ་ཞིག་དགོན་པས་ཚང་མ་རིན་མེད་ངང་གནང་ཟིན་པས་བཙོང་རྒྱུ་ཡོད་པ་མ་རེད།

      དྲི་བ། རྗེས་ཕྱོགས་དཔེ་ཚོགས་འདིའི་མ་འདང་ས་དང་ཡང་ན་དཔར་ཐེངས་དང་བོའི་ནང་བློ་ངོར་མ་དྲན་པའི་ཞན་ཆའི་སྐོར་ཁ་བསྐང་ནས་དཔར་ཐེངས་གཉིས་པ་དཔར་རྒྱུའི་ཐད་ལ་འཆར་གཞི་ཅང་ཨེ་ཡོད། 
      དྲིས་ལན། ཡོད། དཔར་ཐེངས་གཉིས་པ་པར་འདོད་ཀྱི་བསམ་བློ་དང་འཆར་གཞི་ཡོད། ཡིན་རུང་། ལེགས་འགྲུབ་བྱུང་མིན་དེ་རྗེས་སུ་ལྟ་དགོས་པ་ཞིག་རེད། ཁ་སང་དེ་རིང་བལྟས་ན་དཔེ་ཚོགས་སུ་མི་འགྲིག་པ་དང་མི་ལེགས་པ། མ་རྟོགས་པ། ལོག་པར་རྟོགས་པའི་སྐོར་རེ་འགའ་ཡོད་ལ། ཡོད་ཀྱང་ངེས་པ་ཞིག་རེད། དེ་བས་ད་ལྟ་ནས་བཟུང་རྩེ་ཞིག་དགོན་པས་རང་འགན་ཕྲག་ཏུ་བླངས་ཏེ། དཔེ་ཀློག་གི་དུས་སུ་ནོར་འཁྲུལ་གྱི་ཆ་དང་། ཡང་ན་དོགས་གནས་དག་ལ་རྟགས་རྒྱག་པའམ་ཟིན་ཐོར་ཕབ་པ། ཕྱོགས་བསྡུས་བཅས་བྱས་ནས་པར་ཐེངས་གཉིས་པའི་དུས་སུ་སྔར་ལས་བཟང་བ་ཡོང་བར་སྟ་གོན་དང་། ལྷག་པར་དུ། དཔེ་ཚོགས་འདི་ཁ་སང་དེ་རིང་ཀློག་པ་བོ་གང་མང་ཞིག་གི་ཕྱག་ཏུ་འབྱོར་ཡོད་པས། ཀློག་པ་བོ་མང་བོའི་བསམ་འཆར་བསྡུ་ལེན་དང་། ཡང་ན་ངེས་པར་དུ་དག་བཅོས་བྱ་དགོས་པ། ཁ་སྐོང་དགོས་པ། དག་བཅོས་ཀྱི་སྐབས་སུ་ཞུས་ཆེན་པ་དག་གི་ཡོན་ཚད་ཀྱིས་མ་ཟིན་པ་དང་། ཡང་ན་མིག་བར་ནས་ཤོར་བའི་ཞན་ཆའི་རིགས་ཚང་མ་གསར་བཅོས་དང་གསར་བསྣན་བགྱིས་ཏེ་དཔར་ཐེངས་དང་བོ་ལས་ཕྱོགས་གང་ཐད་ནས་སྤུས་བཟང་བ་ཞིག་པར་ཨེ་ཐུབ་ཀྱི་ཐད་ལ་འཆར་གཞི་འཐེན་བཞིན་ཡོད། ཐེངས་གཉིས་པ་དཔར་ཀྱང་བོད་ཀྱི་རིག་གནས་ལ་ཞབས་འདེགས་ཀྱི་ཆེད་དུ་རིན་མེད་ཀྱི་སྒོ་ནས་སོ་སོར་འབུལ་རྒྱུ་ཡིན་པ་ལས། དཔེ་ཚོགས་འདིར་བརྟེན་ནས་ཚོང་ལས་གཉེར་རྒྱུའི་བསམ་བློ་དེ་གཙོ་སྒྲིག་པ་ཡིན་ནའང་འདྲ། རྩེ་ཞིག་དགོན་པ་ཡིན་ནའང་འདྲ། སྤྱི་ཁྱབ་འགན་འཛིན་པ་ཡིན་ནའང་འདྲ་གཏན་ནས་མེད། བོད་ཀྱི་རིག་གནས་ཀྱིས་ཚོང་གཉེར་བྱས་ཏེ་རང་ཉིད་རྒྱུ་འགོར་འབུད་འདོད་ཀྱི་བསམ་བློ་དེ་གཏན་ནས་མེད་པར། རང་ཉིད་བོད་མི་ཞིག་གི་སྐྱེས་པ་བླངས་པའི་ཆ་ནས་རང་གི་ནུས་ཚོད་ཀྱིས་བོད་ཀྱི་རིག་གནས་ལ་སྐ་རགས་དང་ལྷམ་ཐིག་ཙམ་གྱི་ཞབས་འདེགས་ཕྲན་བུ་རེ་བསྒྲུབ་ཐུབ་ཚེ། མྱི་ཚེ་ཞིག་བླངས་པར་དོན་སྙིང་ཞིག་ཡོད་པར་འདོད་པའི་བསམ་བློ་དེ་ཡིན། 
      གསར་འགོད་པ།  རེད། ང་ཚོའི་བཅར་འདྲི་དང་ལེན་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། 
      ལན་པ།  ཁྱེད་ཚོས་ང་རང་ལ་དཔེ་ཚོགས་དཔར་བསྐྲུན་སྐོར་གྱི་གཏམ་བཤད་བྱས་པའི་གོ་སྐབས་གནང་བར་སེམས་གཏིང་ནས་བཀའ་དྲིན་ཆེ།

རྩེ་ཞིག་ཚང་༧ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས་ཀན་སུའུ་མི་རིགས་དགེ་ཐོན་སློབ་གྲྭ་ཆེན་མོར་

བོན་གྱི་བཀའ་བརྟེན་ཚར་གཅིག་གནང་བ། ༢༽

      ཟླ་༥པའི་ཚེས་༦ཉིན། རྩེ་ཞིག་ཚང་༧ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས་ཀན་སུའུ་མི་རིགས་དགེ་ཐོན་སློབ་ཆེན་ལ་བོན་པོའི་བཀའ་བརྟེན་ཚར་གཅིག་གནང་། རྩེ་ཞིག་ཚང་༧ཤེས་རབ་བསྟན་པའི་ཟླ་བ་ནི་བསང་ཆུ་རྫོང་རྩེ་ཞིག་དགོན་པའི་རྩེ་ཞིག་ཚང་སྐུ་ཕྲེང་གསུམ་པའི་ཡང་སྤྲུལ་ཡིན་ལ། ད་ལྟ་ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ་དང་། བསང་ཆུ་རྫོང་སྲིད་གྲོས་ཨུ་ཡོན། རྩེ་ཞིག་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བཅས་ཀྱི་འགན་འཁུར་ཡོད། ཁོང་གིས་དུས་ཡུན་རིང་བོར་རྒྱལ་གཅེས་ཆོས་གཅེས་དང་མི་རིགས་སློབ་གསོའི་ལས་དོན་ལ་ཐུགས་ཁུར་མཛད་ཅིང་། བོད་ཀྱི་རིག་གནས་ཞིབ་འཇུག་དང་སྲུང་སྐྱོབ་ཀྱི་ལས་དོན་ལ་འབད་འབུངས་བྱེད་བཞིན་ཡོད་ཁར། ཀན་སུའུ་མི་རིགས་དགེ་ཐོན་སློབ་གྲྭ་ཆེན་མོའི་འཕེལ་རྒྱས་ལ་དུས་དང་རྣམ་པ་ཀུན་དུ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བཞིན་ཡོད།
      ཁོང་གིས་གསར་འགོད་པར་བཤད་རྒྱུར། སྤྱིར་གཡུང་དྲུང་བོན་གྱི་བཀའ་བརྟེན་ཆེན་མོར་པོད་སུམ་བརྒྱ་དང་ཉི་ཤུ་ཡོད། དེང་སྐབས་ཁྱུང་བོ་སྟེང་ཆེན་དགོན་པས་གཙོ་བསྒྲིགས་བྱས་ཤིང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བྱས་པའི་བཀའ་བརྟེན་འདི་པོད་བརྒྱ་དང་བཅུ་ཡས་མས་སུ་བསྡུས་འདུག བོན་བཀའ་བརྟེན་འདི་ནི་བོད་ཀྱི་ཆོས་ལུགས་དང་རིག་གཞུང་། བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་སོགས་གང་གི་ཐད་ནས་ནང་དོན་ཕུན་སུམ་ཚོགས་པ་འདུས་ཡོད་པས། བོན་ཀྱི་བཀའ་བརྟེན་བཀླགས་པ་ཡིས་ཀན་སུའུ་མི་རིགས་དགེ་ཐོན་སློབ་ཆེན་གྱི་དགེ་སློབ་ཡོངས་ཀྱི་ཤེས་རིག་དང་ཡོན་ཏན་འཕེལ་བའི་སྨོན་འདུན་ཞུ་ཟེར། དཔེ་ཆ་གནང་བའི་མཛད་སྒོའི་སྟེང་ཀན་སུའུ་མི་རིགས་དགེ་ཐོན་སློབ་ཆེན་གྱི་དཔེ་མཛོད་ཁང་གི་འགོ་གཙོས་སློབ་གྲྭའི་དཔེ་མཛོད་ཁང་གི་ཚབ་བྱས་ཏེ་དཔེ་ཆ་བླངས། བོན་གྱི་བཀའ་བརྟེན་དཔེ་གཞུང་ལ་ནང་དོན་གཏིང་ཟབ་ཅིང་རྒྱ་ཆེ་བ་དང་རིག་གཞུང་ཞིབ་འཇུག་གི་རིན་ཐང་ཤིན་ཏུ་ཆེ། བཀའ་བརྟེན་དཔེ་གཞུང་འདིས་སློབ་གྲྭའི་དཔེ་མཛོད་ཁང་གི་དཔེ་དེབ་ཉར་ཚགས་ཕུན་ཚོགས་སུ་བཏང་བར་མ་ཟད། བོད་རིག་པར་ཞིབ་འཇུག་ཐད་སྟབས་བདེ་ཆེན་པོ་བཟོས།
      རྩེ་ཞིག་ཚང་༧ཤེས་རབ་བསྟན་པའི་ཟླ་བ་མཆོག་གིས་ཐེངས་འདིའི་དུས་ཚོད་བེད་སྤྱད་ནས་ཀན་སུའུ་མི་རིགས་དགེ་ཐོན་སློབ་གྲྭ་གཙོ་བྱས་པའི་གཙོས་བོད་རིགས་སློབ་འབྲིང་དང་། ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་། ཀན་ལྷོའི་ཚགས་པར་ཁང་། ཀན་ལྷོའི་དཔེ་མཛོད་ཁང་། དེ་མིན་ཆེད་མཁས་པ་སོགས་ལ་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》་ཆེན་མོ་ཚར་ལྔ་བཅུ་ལྷག་གནང་བས། དཔེ་མཛོད་ཁང་སོ་སོ་དང་མི་སྒེར་སོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག