ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> མདོ་སྨད་སོག་རྫོང་ནས་རྙེད་པའི་བོན་གྱི་དཔེ་རྙིང་སྐོར་ཞིག
མདོ་སྨད་སོག་རྫོང་ནས་རྙེད་པའི་བོན་གྱི་དཔེ་རྙིང་སྐོར་ཞིག
[རྩོམ་གྱི་ཡོང་ཁུངས། དྲ་རྒྱ་ལས་བཏུས་པ།] [རྩོམ་པ་པོ། སྐྱིད་སྲས་དགེ་ལེགས་ཉི་མ།] [ཟླ་ཚེས། 11-09-17] [ཀློག་གྲངས། ]


རེབ་གོང་བོན་མང་དྲ་ཚིགས་ནས་བསྒྲགས་པའི་ཁམས་ཆེན་གླེགས་བམ་གྱི་དཔེ་ཆ།

ཕྱི་ལོ་༢༠༠༩ལོར་ཡུལ་མདོ་སྨད་རྨ་ལྷོ་སོག་རྫོང་ནས་ནུབ་ཏུ་ལེ་དབར་སུམ་ཅུ་ཙམ་གྱི་ས་མཚམས་ན་ཉིན་མཐའ་ཤང་གི་བྲག་ཕུག་ཅིག་གི་ནང་ནས་བོན་གྱི་དཔེ་རྙིང་དང་ཕྱག་ཆས། སྐུ་བརྙན་སོགས་མང་པོ་ཞིག་རྙེད་སོན་བྱུང་ན་ཡང་། ཕལ་ཆེ་བ་ས་དེ་གའི་མི་རྣམས་ཀྱིས་བོན་པོའི་རེད་ཟེར་ནས་རྨ་ཆུར་གཡུག་པ་དང་། ལ་ལ་ཞིག་གཞན་ལ་ལྐོག་འཚོང་བྱས་སོང་བས། གོ་ཐོས་ལྟར་ན་ད་ལྟ་བྲག་ཕུག་དེ་ན་ཕལ་ཆེར་ཤུལ་བཞག་གི་དངོས་པོ་གང་ཡང་ཡོད་ཚོད་མ་རེད་ཅེས་བཤད།
དེ་སྔར་རྨ་ལྷོ་སོག་རྫོང་གི་ཁུངས་གཏོགས་གཙང་ཨ་རིགས་ས་ཆའིི་བྲག་ཕུགས་ཅིག་གི་ནང་དུ་གཡུང་དྲུང་བོན་གྱི་ཁམས་ཆེན་གསེར་བྲིས་མ་དངུལ་བྲིས་མ་སོགས་གླེགས་བམ་བརྒྱ་ཕྲག་ཁ་ཤས་ཡོད་པ། མྱོང་བྲལ་ཟེར་སྒྲོས་ཀྱི་སྒྲོ་བཏགས་འབའ་ཞིག་ལ་བརྟེན་ནས། ས་དེ་གའི་ཡུལ་མི་མང་པོས་བདུད་ཆོས་ཟེར་ནས་ཁྱིམ་ལ་འཁྱེར་དུ་འཇུག་པ་ལྟ་ཞོག རླུང་རྟ་བཞིན་མཁའ་ལ་གཏོར་བ་དང་ཐལ་བ་བཞིན་ཆུ་ལ་བསྐྱུར་བ། ཤིང་སྐམ་བཞིན་མེ་སྲེག་གཏོང་བཞིན་ཡོད་པ་ཐོས་འཕྲལ་བོན་བརྒྱ་དགོན་པའི་<<ལྔ་རིག་སྐྱེད་ཚལ་>>གྱི་རྩོམ་སྒྲིག་པ་གསུམ་རྨ་ལྷོ་སོག་རྫོང་གི་ཁོང་གཏོགས་གཙང་ཨ་རིགས་བྲག་ཕུགས་དེ་རུ་ཕྱིན། བྲག་སྲུབ་ཅིག་ནས་ཡར་ལ་འགོས་ན་བྲག་ཕུགས་དེ་ཁང་ཚད་གསུམ་ཙམ་གྱི་མཚམས་ན་ཁ་ནུབ་ཕྱོགས་ལ་གཏད་འདུག བྲག་ཕུགས་ནང་དུ་སྔོན་ཁམས་ཆེན་གླེགས་བམ་མང་པོ་འཁྱེར་ཤུལ་ལས་ཁོང་ཚོས་ཀྱང་བྲག་སྲུབ་ནས་ཤོག་ལྡེབ་དྲུག་བདུན་ཞིག་རྙེད་སོན་བྱུང་ཡོད་ཟེར། གཞན་རྣམས་གང་དུ་འཁྱེར་མིན་ད་ལྟ་གསལ་པོ་མི་ཤེས་མོད་རེ་སྐོང་བོན་མང་གི་དྲ་ཚིགས་ནང་དུ་གླེགས་བམ་ཞིག་བསྒྲགས་འདུག་པ་འདི་ན་བཀོད་ཡོད། ཁོང་ཚོས་རྙེད་པའི་ཤོག་བྱང་དེ་དག་ཤོག་བུ་ནག་པོ་ཡིན་ཞིང་རིང་ཚད་ལ་ཁྲུ་ཙི་གཉིས་དང་ཚུན་ཁ་ཤས། ཞེང་ལ་ཚུན་བརྒྱད་ཙམ་མཆིས། ཤོག་བུ་བཟོ་བྱེད་ཀྱི་རྒྱུ་ཆ་དེ་མདོ་དབུས་མཐོང་སྒང་གི་རྩྭ་ལྡུམ་རིགས་ཤིག་གིས་བཟོས་པ་རེད་ཅེས་བཤད་པ་སོགས་ཀྱི་གནས་བསྡུས་ཙམ་མོ།།


སོག་རྫོང་གི་དཔེ་ཆ་རྙེད་སའི་བྲག་ཕུགས།

བོན་བརྒྱ་དགོན་པའི་གྲྭ་གསུམ་དང་ཁོང་ཚོས་རྙེད་པའི་ཤོག་ལྷེ་ཁག

རེབ་གོང་བོན་མང་དྲ་བ་དང་གཡུང་དྲུང་བོན་གྱི་དྲ་བ་ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག