ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཀོ་རྒྱལ་དགོན་དུ་ཚད་མའི་རིགས་སྒྲ་འཚོགས་པ།
ཀོ་རྒྱལ་དགོན་དུ་ཚད་མའི་རིགས་སྒྲ་འཚོགས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་གཙུག་རྒྱལ་བོ།] [ཟླ་ཚེས། 11-10-01] [ཀློག་གྲངས། ]

༧ བོན་གྱི་ཚད་མའི་རིགས་སྒྲ་ཆེན་མོ་དབུ་བརྙེས་ནས་ད་བར་མི་ལོ་སྟོང་ཕྲག་ལས་བརྒལ་བའི་ལོ་རྒྱུས་ཡོད་ཅིང་། དེ་དག་ལས་བོན་གྱི་ཚད་མ་རིག་པའི་གཞུང་ལུགས་དག་ལ་གཡས་རུ་དབེན་ས་ཁ་དང་། གཙང་བཀྲ་ཤིས་སྨན་རི། རུ་ལག་གཡུང་དྲུང་གླིང་སོགས་སུ་འཆད་ཁྲིད་ཀྱི་མཛད་བཟང་གྲ་རྒྱས་སུ་བྱུང་བའི་ལོ་རྒྱུས་ཡོད་ཅིང་། ལྷག་ཏུ་རྒྱལ་བ་སྨན་རི་བའི་མཁན་སློབ་ཉི་ཟླ་ཟུང་གི་ཐུགས་རྗེའི་བཀའ་དྲིན་འོག དཔལ་གཤེན་བསྟན་སྨན་རི་གླིང་གི་གཡས་རུའི་འཆད་རྩོད་ཆེན་མོ་དང་། ཁྲི་བརྟན་ནོར་རྩེའི་ཚད་མའི་རིགས་སྒྲ་ཆེན་མོ་སོགས་ལོ་དང་ལོ་སྦྲེལ་ནས་འཚོགས་གནང་བས་མཐུས་ཚད་མ་རིག་པའི་རྣམ་དཔྱོད་ཕྱོགས་ཀུན་ནས་འབར་བའི་མཐུན་རྐྱེན་བླ་མེད་དུ་བྱུང་ཡོད།

   དེ་དག་ལ་མིག་བལྟོས་བགྱི་བའི་སླད་མེད་ཀུན་སློང་གིས་བཟུང་སྟེ་ངེད་ཀོ་རྒྱལ་དགོན་བདེ་ཆེན་ཀུན་གྲགས་གླིང་གི་བཤད་གྲྭ་བའི་དབུ་འཛིན་མཁན་སློབ་རྣམ་པའི་དགོངས་འཆར་འོག སྐབས་བབ་ལས་སྣེ་དག་གིས་ཁྱུང་པོ་ཁོག་གི་བཤད་གྲྭ་ཡོད་པའི་དགོན་སྡེ་ཁག་ལ་མགྲོན་བརྡ་ཕུལ་ནས་ཅི་འབྱོར་གང་ཡོང་གིས་སྣེ་ལེན་ཞུས་ཏེ་དེ་སྔོན་ལོ་གཉིས་ལ་༧རྗེ་རིན་པོ་ཆེའི་ཚད་མ་ལེའུ་དང་པོ་དང་ལེའུ་གཉིས་པ་གཉིས་ལ་རྩོད་གླེང་གི་རིགས་སྒྲ་ཟླ་ཕྱེད་རེ་འཚོགས་མཛད་པ་དང་།

   ལོ་འདིར་ཧོར་ཁྱུང་གཉིས་སུ་དགོན་ཁག་དགུའི་བཤད་གྲྭ་བར་འཚོགས་བརྡ་ཕུལ་ཏེ་ཟབ་རྒྱས་ཤིག་འཚོགས་འཆར་ཡོད་ཀྱང་ས་ཐག་དང་ལས་དོན་འགའ་ཡིས་རྐྱེན་པས་སེམས་ཚོད་ལྟར་ཕེབས་འབྱོར་དེ་ཙམ་བྱུང་མ་སོང་ཡང་འདིར་ཕེབས་ཐུབ་པ་དག་ལ་ཐུགས་རྗེ་ལེགས་གསོལ་ཞུས་ནས་ལྷན་འཚོགས་ཀྱི་བྱ་བ་གཉེར་བ་ཡིན། འདིའི་དམིགས་ཡུལ་དང་ངོ་བོ་ནི་རིགས་ལམ་པའི་ཤེས་རིག་གོང་འཕེལ་འགྲོ་བའི་ཆེད་དུ་དང་། ཕན་ཚུན་བསམ་ཚུལ་བརྗེ་ལེན་དང་། ཕན་ཚུན་ངོ་ཤེས་མཐུན་ལམ། གྲུབ་མཐའ་ཁག་གི་འདོད་ཚུལ་དཔྱིས་ཕྱིན་པ་སོགས་ཀྱི་ཆེད་དུ་ཁོ་ནར་ངེས་ཕྱིར་ཀུན་ལ་འཁྲི་བའི་བསྟན་དོན་དུ་བསམ་བཞིན་མཐོ་དམན་ཡོངས་ནས་ཐུགས་བསམ་རེ་བཏང་བ་གལ་དུ་ཆེ།།

   ད་ལན་ཀོ་རྒྱལ་དགོན་གྱི་ཚད་མའི་རིགས་སྒྲའི་དངོས་གཞི་དེ་སྤྱི་ལོ་ ༢༠༡༡/༩/༨ ཉིན་ནས་དབུ་བཙུགས་ཏེ་སྔ་དྲོར་དུས་ཚོད་གཅིག་ལ་༧ དཔོན་སློབ་མཆོག་ནས་ཚད་མ་ལེའུ་གསུམ་པའི་དཔེ་ཁྲིད་བཀའ་དྲིན་བརྩལ་བ་དང་རྩོད་པ་ཆུ་ཚོད་གཉིས་ལ་འཚོགས།

   ཕྱི་དྲོར་དམ་བཅའ་ཆེན་མོ་ཆུ་ཚོད་གཉིས་དང་རྩོད་པ་ཆུ་ཚོད་ཕྱེད་བཅས་ཉིན་བཞིན་འཚོགས་པ་དང་བདུན་ཕྲག་སྔོན་རྒྱབ་གཉིས་ཀྱི་སྣེ་མོར་ཐུག་ཆེན་རེ་འཚོགས་ཤིང་། ཤེས་རིག་ཁང་ཚན་དང་། སྣང་གསལ་ཁང་ཚན་གཉིས་ཁྱབ་ལོག་མང་ཉུང་གིས་རྒྱལ་ཕབ་གྱི་དབྱེ་ཤག་བྱས་པ་སོགས་གྲྭ་ས་གོང་མའི་ལུགས་བཞིན་སྐྱོང་མཐར་སྤྱི་ཟླ་༩/ ༢༣ ཉིན་ཐུགས་སྤྲོ་རྒྱས་སྤྲོས་སུ་བཏང་ནས་ཚེས་ ༢༤ཉིན་འཚོགས་ཞུས་ཁག་སོ་སོར་ཕེབས་ཏེ་ཁ་དགེ་ངང་འཇུག་གྲུབ་པ་བཅས་གནས་ཚུལ་མདོར་བསྡུས་སོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག