གངས་ཅན་མཁས་དབང་ཆེན་མོ་༧སྐྱབས་རྗེ་བོན་བརྒྱ་མཆོག་གིས་མང་གཞུང་བོན་བརྒྱའི་ཡུལ་དུ་བཀའ་དབང་བསྩལ་བ།
བོད་ལྕགས་མོ་ཡོས་ལོའི་ཧོར་ཟླ་བཅུ་བའི་ཚེས་གཅིག་ནས་ཚེས་ལྔའི་བར་གྱི་ཉིན་ལྔའི་རིང་ལ། མདོ་སྨད་ཀྱི་འབྲོག་སྡེ་ཆེན་མོ་མང་འབའ་བྱ་གསུམ་དུ་གྲགས་པའི་དབུས་མ་མང་ར་གསེར་ལྡན་སྒེག་མོའི་སྟོད་ཀྱི་ཆར། བོན་བརྒྱ་བོན་གཤེན་རྣམས་དང་སྡེ་འདིའི་དད་ལྡན་སེར་སྐྱ་ཐུན་མོང་གིས་གསོལ་བ་ལན་གྲངས་བཏབས་པའི་རེ་འབྲས་ལ་བརྟེན། འཛམ་གླིང་མཁས་པའི་གཙུག་རྒྱན་༧སྐྱབས་རྗེ་བོན་བརྒྱ་རིན་པོ་ཆེ་སྟོན་གཙོ་ལྷན་འཁོར་དང་བཅས་པ་དཀའ་ཚེགས་དང་འོ་བརྒྱལ་ལ་མ་འཛེམ་པར་ས་འཛིན་མཐོན་པོ་ཁྱུང་སྨན་རི་བོའི་ཉེ་འདབས། བོན་བརྒྱ་བླ་རབས་རིམ་བྱོན་གྱིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གདན་ས་ཁྱད་པར་ཅན། སྨན་ལྗོངས་ཉམས་དགའ་བ་ཉི་མ་ལུང་གི་འདུས་མདོ་རུ་ཕེབས་ཏེ། བོན་བརྒྱ་འབྲོག་སྡེ་བདུན་གྱི་དད་ལྡན་མང་ཚོགས་རྣམས་གཙོ་བྱས། རེབ་གོང་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་འདུས་པ་སྤྱི་དང་། རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱའི་གསང་སྔགས་རིག་པ་འཛིན་པའི་སྡེ། ཁྲི་ཀ་སེར་བརྒྱའི་བོན་མང་། རྩེ་ཁོག་སོ་ནག་བོན་མང་། ཁྲི་ལྷོའི་སྟོང་སྐོར་བོན་མང་སོགས་རྫོང་ཁག་དགུའི་བོན་གཤེན་རིག་འཛིན་རྣམས་ཀྱིས་སྣེ་དྲངས་ཏེ། སྟོད་ཉི་མ་ལྷ་སའི་མན་ཆད་ནས་སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་ཕྱི་ནང་ནས་ཕེབས་པའི་བླ་སྤྲུལ་དང་དགེ་བཤེས། དད་ལྡན་མང་ཚོགས་སྟོང་ཕྲག་ལྔ་ལྷག་ལ། ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོ་ནས་རིང་བརྒྱུད་ཉེ་བརྒྱུད་གཉིས་ཀྱི་བྱིན་བརླབས་ཐུགས་དམ་གྱི་དྲོད་མ་ཡལ་བའི་གདམས་པ་ཁྱད་པར་ཅན་ཀུན་བཟང་རྒྱལ་བ་འདུས་པའི་དབང་ཆོག་ཐུགས་རྗེའི་སྤྲིན་དཔུང་དང་། ཞི་ཁྲོ་དམ་པ་རིགས་བརྒྱའི་དབང་ཆོག་སྐལ་ལྡན་རྗེས་འཛིན། ཡི་དམ་སྟག་ལྷ་མེ་འབར་སྤུ་གྲི་དཀར་ནག་དམར་གསུམ་གྱི་དབང་མཆོག་བྱེའུ་འཕར་མ་བཅས་ལྟ་བའི་གདངས་དང་ལྡན་པར་རྟོགས་པས་བདག་གྲོལ་གྲུབ་པས་གཞན་སྨིན་དུ་བསྐུར་བ་དང་། གཞན་ཡང་ཐུན་མཚམས་རྣམས་སུ་སྐྱབས་འགྲོ་དང་སྔོན་འགྲོའི་ཁྲིད་ལུང་། སངས་རྒྱས་སྨན་ལྷའི་ལུང་། ཡིག་བརྒྱ་དང་སྙིང་པོ་རྣམ་གསུམ་གྱི་ཁྲིད་ལུང་བཅས་ཀྱི་བཀའ་དྲིན་ཅི་རིགས་བསྩལ་བས་དད་ལྡན་མང་ཚོགས་རྣམས་ཀྱང་སྨིན་གྲོལ་གྱི་ལམ་ལ་ཉེ་བར་བཀོད། དབང་ཁྲིད་ཀྱི་སྐབས་སུ་དམ་ཚིག་བསླབ་བྱ་དང་འབྲེལ་བའི་བཀའ་སློབ་རིན་ཐང་བྲལ་བ་གནད་སྨིན་དུ་བསྩལ་བ་དང་། བོན་དང་འཇིག་རྟེན་ཀུན་ལ་མཁོ་བའི་ཞལ་ཏ་མང་པོ་མཛད་ནས། སངས་རྒྱས་ཀྱི་བསྟན་པ་ནི་རིས་མེད་སེམས་ཅན་ཀུན་གྱི་བདེ་སྐྱིད་འབྱུང་བའི་གཞི་རྩ་ཉག་གཅིག་ཡིན་པ་ལས། གྲུབ་མཐའ་དང་གྲོང་སྡེ་ཕན་ཚུན། མི་རིགས་དང་མི་རིགས་ནང་ཁུལ་ལ་འགལ་འཁྲུག་སློང་བྱེད་ཅིག་གཏན་ནས་མིན་པར། ངེས་པར་དུ་མི་རིགས་ནང་ཁུལ་ལ་མཐུན་སྒྲིལ་དམ་འཛིན་བྱས་ནས། བོད་རང་ས་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་དགོས་པའི་གསུང་བཤད་གལ་ཆེན་གནང་། མཇུག་ཏུ་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་སྨོན་ལམ་དང་། འགྲོ་བ་སེམས་ཅན་ཐམས་ཅད་འཚེ་མེད་ཞི་བདེ་ཡི་ངང་ནས་ཐར་བ་བདེ་ཆེན་གྱི་ཞིང་དུ་འཁྲིད་པའི་ཐུགས་སྨོན་མཛད་དེ་བཀྲ་ཤིས་རྟེན་འབྲེལ་གྱི་སྒོ་འཕར་ཡངས་པོར་ཕྱེས་ནས་བཀའ་དབང་ཡོངས་སུ་ལེགས་ལམ་དུ་མཇུག་གྲུབ་པ་ཡིན་ནོ། །
ཕྱོགས་ཀྱི་བུ་སློབ་ཡོངས་ནས་བཀའ་དབང་ལ་མཉན་བཞིན་པའི་ཚུལ།
རེབ་གོང་བོན་མང་དང་སེར་བརྒྱ་བོན་མང་གཉིས་ཀྱི་བྱིངས་འདྲེན་ལས་ཐོགས་པ་རྣམས་ཀྱིས་མནྜལ་འབུལ་བཞིན་པ།
དབང་གི་བྱིན་འབེབས་སྐབས་སུ་དད་ལྡན་ཁ་ཤས་བྱིན་འབེབས་བཞིན་པ།
བཀའ་དབང་གྲོལ་ནས་སེར་སྐྱ་མང་ཚོགས་ངང་གིས་རང་སར་ཕེབས་བཞིན་པའི་ཚུལ།