ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གཉིས་པའི་སྐབས་ཀྱི་གྲོས་ཆོད།
རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གཉིས་པའི་སྐབས་ཀྱི་གྲོས་ཆོད།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དྲུང་ཡིག་ཚན་ཁག] [ཟླ་ཚེས། 11-10-31] [ཀློག་གྲངས། ]

གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་འཚོགས་འདུ་ཐེངས་གཉིས་པ་
མདོ་ཁམས་ཤར་རྗའི་རི་ཁྲོད་དུ་འཚོགས་སྐབས་བཞག་པའི་མཐའ་འཇུག་གི་གྲོས་ཆོད།

  ༡ རྒྱ་ཡིག་དྲ་རྒྱ་བཟོ་རྒྱུ་ཐག་བཅད་ཅིང་དྲ་རྒྱའི་མིང་ལ་བོན་གྱི་འོད་སྣང་ཞེས་བཏགས་ཡོད། དྲ་རྒྱ་གཙོ་སྒྲུབ་པ། ཐར་བདེ་ཚེ་དབང་འཇིགས་མེད་ཚང་དང༌། སེང་སྤྲུལ་རིག་འཛིན་ཉི་མ། དཔུང་ཁྲིན། མཁན་པོ་ཚེ་རིང་ནོར་བུ་རྣམས་ཡིན་ལ། དྲ་རྒྱ་འཁོད་རྒྱུའི་ཡིག་ཆ་དབྱིན་ཡིག་ཏུ་བསྒྱུར་མཁན་ཨ་མདོ་རྩེ་རྒྱལ། བོད་ལྗོངས་སློབ་ཆེན་གྱི་རིན་ཆེན་ལྷ་མོ། རྒྱ་རིགས་བང་ཡ་ལེན། ཤང་དཔུང་ཅ་བཅས་ཡིན། དྲ་རྒྱ་གཙོ་སྒྲུབ་པའི་གླ་ཆ་ཐར་བདེ་ཚང་ཚེ་དབང་འཇིགས་མེད་རིན་པོ་ཆེ་ནས་གཏོང་རྒྱུའི་ཐག་བཅད། 
  ༢ཚོགས་པར་འབྲེལ་བའི་ལས་རྟགས་ཐེངས་འདིར་རི་མོ་བྲིས་པ་ལྟར་མང་མོས་ཁས་བླངས་བྱུང་ཞིང༌། ལས་རྟགས་དང་ཐམ་ག་གཉིས་ཀ་རི་མོ་གཅིག་གི་ཆོག་ལ་ཐམ་གའི་དབྱིབས་ནི་གྲུ་བཞི་བཟོ་དགོས་རྒྱུའི་ཐག་བཅད།
   ༣ གཡུང་དྲུང་བོན་དང་འབྲེལ་བའི་དར་ཆ་བཟོ་དགོས་པ་གལ་ཆེན་ཡིན་པ་མང་མོས་ཀྱི་སྒོ་ནས་དཔོན་སློབ་བསྟན་འཛིན་རྣམ་དག་ཚང་གི་གསུང་འབུམ་དུ་གསལ་བ་ལྟར་སྲིད་པའི་བརྡ་དར་ཆེན་མོ་བཟོ་རྒྱུའི་ཐག་བཅད་ལ་དར་ཆའི་ཆེ་ཆུང་ཚད་ངེས་ཅན་དུ་བཟོ་དགོས་པ་ཡིན་ལ་དར་ཆ་དེ་མཉམ་འབྲེལ་མཐུན་ཚོགས་མ་གཏོགས་མི་སྒེར་གྱིས་བཟོས་ཏེ་བེད་སྦྱོད་གཏོང་མི་ཆོག་པ་ཡིན།
  ༤ གཡུང་དྲུང་བོན་གྱི་ཚད་མའི་འཆད་རྩོད་ཆེན་མོ་འཚོགས་དགོས་པ་ཡང་མང་མོས་བྱུང་བ་དང་འཆད་རྩོད་ཆེན་མོ་དང་རྒྱུན་ལས་ལས་འཛིན་འཚོགས་འདུ་གཉིས་མཉམ་དུ་འཚོགས་རྒྱུའི་ཐག་བཅད་ཅིང་འཚོགས་ས་ནི་ཟིང་ཆུ་དགའ་མལ་དགོན་ཆེན་ཚང་གིས་སྤྱི་ལོ༢༠༡༣ལོར་བསྡུ་རྒྱུ་ཁས་བླངས་ཡོད་པ་ཡིན་ལ་འཚོགས་ཐོག་དེར་བོན་དང་འབྲེལ་བའི་བགྲོ་གླེང་གི་རིགས་ཀྱང་རྩ་འཛུགས་བྱ་རྒྱུའི་ཐག་བཅད་བྱུང་ཡོད། ཚད་མའི་འཆད་རྩོད་ཆེན་མོའི་སྐབས་སློབ་གཉེར་བ་གང་ཡིན་རུང་ཚོགས་འདུར་ཕེབས་སྐབས་རང་ཉིད་དགོན་པ་གང་ཡིན་གྱིས་ལམ་གླ་དང་མགྲོན་ཁང་གི་གླ་སོགས་སྦྱིན་དགོས་པ་གྲོས་འཆམ་བྱུང༌། 
  ༥ བོན་གྱི་ཐ་སྙད་སྐོར་རྒྱ་ཡིག་ལ་བསྒྱུར་ནས་གཅིག་གྱུར་བྱེད་པའི་འཚོགས་འདུ་ཞིག་ཚོགས་པའི་ངོས་ནས་རྩ་འཛུགས་བྱས་ཤིང་དེ་ནི་ལོ་ལྟར་འཚོགས་དགོས་པ་མང་མོས་ཀྱི་སྒོ་ནས་གྲོས་འཆམ་བྱུང་ཞིང་ད་ལོའི་འཚོགས་འདུ་བརྡ་རྒྱག་མཁན་ལི་ཤུ་ཚང་གཤེན་རྒྱལ་བསྟན་འཛིན་དང༌། འགོ་བ་བསྟན་འཛིན་འབྲུག་གྲགས་གཉིས་ཡིན། ད་ལོའི་ཚོགས་མིར་བརྡ་གཏོང་ས། སྣང་ཞིག་སྐྱབས་མགོན་ཚང༌། བོན་འཁར་སྐལ་བཟང་རིན་ཆེན། ཐར་བདེ་ཚེ་དབང་འཇིགས་མེད། མཁན་ཆེན་བླ་མ་ཚེ་རིང༌། མཁན་པོ་ཚེ་རིང༌། གཤེན་རྒྱལ་བསྟན་འཛིན། རིག་འཛིན་ཉི་མ། སྣང་ཞིག་ཤེས་རབ་འོད་ཟེར་རྒྱལ་མཚན། ཤེས་རབ་དཔལ་ཆེན། འཆི་མེད་གཡུང་དྲུང༌། པད་ཙ་བསྟན་འཛིན་དར་རྒྱས། བསྟན་འཛིན་འབྲུག་གྲགས། རྟོགས་ལྡན་བསྐལ་ཁོ། གློ་འཇམ་མེ། མཁར་ནག་སྐལ་བཟང༌། ཨ་ལགས་ཟླ་བ། རྩེ་དྲུག་བསྟན་འཛིན་འོད་ཟེར། འཆི་མེད་བློ་གསལ། བསོད་ཁོ་བཅས་དང༌། གྲོང་བའི་སྐོར་ནས། སྡེ་དགེ་བ་ཚེ་རིང་འགྱུར་མེད། ཨ་སྔགས་ཚེ་རིང་བཀྲ་ཤིས། གཙོས་ངག་དབང་རྒྱ་མཚོ། མཆོག་ལྡན་ཐར། ལྷ་བྱམས། ཤར་བ་ཀུན་དགའ། ཀུན་དགའ་ཡེ་ཤེས། རྒྱ་རིགས་གཡུང་དྲུང་རྒྱལ་བ། དཔུང་ཁྲིན། ནོར་བུ་ཚེ་རིང༌། བསོད་བློ། ཟླ་བ་བློ་གྲོས་བཅས་ཡིན།
  ༦ མདོ་སྨད་ཀྱི་དགོན་སྡེ་རྣམས་ལ་གནང་སྦྱིན་དགོས་པའི་གངས་ཏེ་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ཆེན་མོ་སྔར་མ་འཕྲོད་པའི་དགོན་སྡེ་ཆེ་ཆུང་གང་ཡོད་རྩར་ཆོད་ཞིབ་འཇུག་ནན་མོ་བྱས་ཏེ་དྲང་བདེན་གྱི་སྒོ་ནས་སྦྱིན་རྒྱུར་ཡིན་པ་ཐག་བཅད་ཅིང༌། སྦྱིན་ཡུལ་དགོན་སྡེ་གང་ཞིག་ཡིན་རུང་སྦྱིན་མཁན་གྱིས་ལེན་དགོས་པའི་སྐད་བཏང་ཟིན་རྗེས་ངེས་པར་དུ་ཟླ་གཉིས་ཀྱི་སྔོན་ལ་ལེན་མ་ཐུབ་ན་ཕྱི་ནས་སྦྱིན་རྒྱུ་མིན་པ་འཚོགས་འདུ་ལྷན་འཛོམས་ཀྱིས་ཐག་གཅད་ནན་མོ་བྱས་པ་རེད།
  ༧ མདོ་དབུས་ཁམས་གསུམ་དུ་ཡོད་པའི་བོན་གྱི་བཙུན་མ་རྣམས་ཀྱིས་ཚོགས་འདུར་རེ་ཞུས་ཡི་གེ་གྲངས་མང་བ་འཕྲོད་མོད། འཚོགས་འདུའི་ངོས་ནས་ནུས་ཤུགས་གང་ཡོད་ཀྱི་རམ་འདེགས་ཞུ་དགོས་པ་བཤད་མ་དགོས་ཤིང༌། དོན་དངོས་ཀྱི་སྐྱིད་སྡུག་གང་གི་སྐབས་ཡིན་རུང་རྫོང་དང་ཤང་གང་གི་ཁོངས་སུ་གཏོགས་ན་དེར་བཞུགས་པའི་བླ་གྲྭ་མི་སྣ་གང་ཡོད་རྣམས་ལ་སྐྱབས་བཅོལ་རེ་ཞུ་བྱེད་རྒྱུ་ལས་འོས་མེད་པའི་བཀའ་ལན་གནང་བ་ཡིན།
  ༨ བོན་སྒོར་ཞུགས་པའི་སྐྱ་སེར་སུ་ཞིག་གིས་གཡུང་དྲུང་བོན་ལ་ཕན་ངེས་ཅན་གྱི་གསུང་རྩོམ་གསར་དུ་དཔར་སྐབས་ཚོགས་པར་གཟིག་རྟོག་གནང་དུ་བཅུག་ན་ཚོགས་པའི་ངོས་ལེན་གྱི་སྒོ་ནས་འདི་གཡུང་དྲུང་བོན་སྤྱི་ལ་སྨན་པའི་རྩོམ་ཡིག་ཅིག་ཡིན་པའི་ཆོག་མཆན་བྱུང་ན་ཚོགས་པའི་ངོས་ལེན་བྱས་པའི་དཔང་རྟགས་སུ་གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་ལས་རྟགས་དེབ་དེའི་སྟེང་དུ་བཀོད་ཆོག་པ་ཡིན།

ཞེས་འཚོགས་འདུའི་དྲུང་ཡིག་ཚན་ཁག་གིས་སྤྱི་ལོ་༢༠༡༡ལོའི་ཟླ༡༠ཚེས༡༢ཉིན་ཁྱབ་བསྒྲགས་བྱས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག