ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ༧ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་རིན་པོ་ཆེ་སྐུ་ཞི་བར་གཤེགས་པའི་མཆོད་འབུལ་གནས་བསྡུས།
༧ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་རིན་པོ་ཆེ་སྐུ་ཞི་བར་གཤེགས་པའི་མཆོད་འབུལ་གནས་བསྡུས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྱུང་ཁྲི་ལྡེ།] [ཟླ་ཚེས། 12-04-04] [ཀློག་གྲངས། ]

 

        ཁྱུང་ཡུལ་བསྟན་པའི་གཙུག་རྒྱན་སྟག་ལའི་ཐུགས་སྤྲུལ་དབྲ་ཁྱུང་ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་མཆོག་བསྟན་འགྲོ་སྤྱི་ལ་ཕན་བསམ་ཆེ་ཞིང་ལྷག་པར་དུ་གཡུང་དྲུང་བོན་གྱི་བསྟན་པ་ལ་ཤ་ཞེན་ལ་རྒྱ་ཆེ་ཞིང་ཆེས་འབུར་དུ་ཐོན་པའི་གཟི་བརྗིད་ཞིག་ནི་ས་ཕག་དུས་འགྱུར་གྱི་རླུང་རླབས་ཁྲོད་དུ་འཆི་བ་སྲོག་ལ་ཐུག་ཀྱང་རྨད་བྱུང་སོ་ཐར་གྱི་སྡོམ་པ་མི་འདོར་སྙམ་པའི་དམ་བཅའ་བཟུང་ནས་རྩ་བ་དང་ཡན་ལག་ལ་དྲི་མ་ཙམ་ཡང་མ་གོས་པ་མིག་འབྲས་བཞིན་སྲུང་བ་དང་ཁོང་ཉིད་རྟ་རུ་ཞོན་ཅིང་འཐབ་རྩོད་ཀྱི་ལས་འགུལ་སྤེལ་མཁན་སོགས་ལ་བྱམས་སྙིང་རྗེས་གཟིགས་པ་མ་གཏོགས་འཁོན་འཛིན་གྱི་དྲི་མ་ཙམ་ཡང་མེད་པ། ལུང་ལས། བདག་ལ་ཇི་ཙམ་གནོད་བྱས་ཀྱང་། །བསམ་ངན་སྦྱོར་བ་མ་ཡིན་པ། །སླར་ཡང་དེ་ལ་ཕན་ཐོག་ཤོག །ཅེས་གསུངས་པ་ལྟར། རྒྱལ་སྲས་འཕགས་པའི་མཛད་ཕྲིན་སྐྱོང་བའི་སྐྱེས་ཆེན་ཁོང་གིས་མཁས་བཙུན་བཟང་པོའི་ཡོན་ཏན་ཅན་གྱི་བླ་མ་དགེ་བཤེས་རྣམས་གོང་དུ་བཀུར་ཏེ་བཤད་སྒྲུབ་སྒོམ་གསུམ་ཀྱི་བསྟན་པ་ལ་མཐོང་ཆེན་གནང་སྟེ་ཁ་ཡོད་ལག་ཡོད་ཀྱི་སློབ་གཉེར་བ་ལ་ཕན་པའི་བཤད་སྒྲུབ་སྒོམ་གསུམ་གྱི་འདུས་སྡེ་བཙུགས་པ་དང་། བྱམས་དང་སྙིང་རྗེས་རང་རྒྱུད་ཕྱུག་ཅིང་ཉམ་ཐག་གདུལ་བྱའི་སྡུག་བསྔལ་སྐྱོབ་པ་སོགས་རླབས་ཆེན་གྱི་མཛད་ཕྲིན་སྐྱོང་བཞིན་པའི་ངང་།

  ཡིད་སྐྱོ་བ་ཞིག་ལ་༢༠༡༢་ཟླ་བ་༤་ཚེས་༢་དང་ཧོར་ཟླ་༢་པའི་ཚེས་༡༠ཉིན་གློ་བུར་དུ་སྙུན་གཞི་ཆེ་རུ་སོང་། གནས་ཚུལ་དེ་ཁྲི་བརྟན་ནོར་བུའི་རྩེ་རུ་ཐོས་ཕྲལ་བྱམས་མ་སྟག་ལ་ཚེ་སྒྲུབ་བདུད་བཟློག་གང་ཟབ་གསུངས་ནས་མྱང་ངན་མི་འདའ་བཞུགས་པའི་གསོལ་བ་ལན་མང་བཏབ་ཀྱང་གདུལ་བྱའི་བསོད་ནམས་ཀྱི་ལས་ཟད་པའི་རྐྱེན་གྱིས་བོད་ཚེས༡༡སྔ་དྲོ་པེ་ཅིང་འཁོར་ལོའི་ཆུ་ཚོད་༤དང་སྐར་མ་༡༥་པའི་ཐོག་སྐུ་ཞི་བར་གཤེགས་འདུག

   གནས་ཚུལ་དེ༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་ལ་སྙན་གསན་ཞུས་ཕྲལ་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་ཇི་ལྟར་གསུངས་པ་བཞིན་འཚོགས་ཁང་ནང་དུ་མཆོད་ཁྲི་བཟོས་ཏེ་ཁོང་གི་སྐུ་པར་བཤམས་ནས་མདུན་དུ་མཆོད་པ་རྣམ་ལྔ་ཕུལ་ཏེ་སྐྱབས་རྗེ་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་དང་སློབ་དཔོན་ཚངས་པ་བསྟན་འཛིན་རྣམ་གཉིས་ཀྱིས་གཙོས་པའི་དགེ་བཤེས་རྣམ་པ་དང་གཤེན་གྱི་རྣལ་འབྱོར་པ་སོགས་ཀྱིས་བླ་མ་མཆོད་པ་རྣམ་དག་འགྱུར་མེད་དང་ཚེ་དབང་སྨོན་ལམ་བཅས་གསུངས་པ་དང་།


  མར་མེ་རྒྱལ་མཚན་སོགས་ཀྱི་མཆོད་སྤྲིན་ཟབ་རྒྱས་ཕུལ། ད་དུང་ཡང་ཉིན་དུ་མའི་རིང་ལ་ཁོང་གི་སྐུ་པར་མདུན་མར་མེ་འབུལ་བ་དང་སྨོན་ལམ་འདོན་རྒྱུའི་འཆར་གཞི་ཡོད་འདུག

      གསལ་བཤད།       ༧རྒྱལ་བ་གཤེན་གྱི་བསྟན་པ་རིན་པོ་ཆེར་ལྷག་བསམ་རབ་ཏུ་དཀར་བའི་ཁྱུང་ཡུལ་བསྟན་པའི་གཙུག་རྒྱན་དུ་གྱུར་བ་ཁྱུང་པོ་ཀོ་དགོན་གྱི་དབུ་བླ་༧ཟླ་སྤྲུལ་རིན་ཆེན་ཕུན་ཚོགས་རིན་པོ་ཆེ་སྤྱི་ལོ་༢༠༡༢ཟླ་༤ཚེས་༣ཉིན་དགོངས་པ་བོན་དབྱིངས་སུ་གཤེགས་པ་ལ་ངེད་༼ཧི་མ་ལ་ཡའི་བོན༽དྲ་ཚིགས་དོ་དམ་མི་སྣས་སེམས་གཏིང་ནས་མྱ་ངན་དང་། དམ་པ་ཁོང་ལ་དད་འདུན་ཆེ་བའི་རྒྱལ་ཕྱི་ནང་གི་སྨྱུག་ཐོགས་པ་ཡོངས་ཀྱིས་གདུང་སེམས་མཉམ་བསྐྱེད་ཀྱི་ངང་ནས་ཁོང་ལ་རྗེས་དྲན་རྩོམ་ཡིག་དུས་ལྟར་ང་ཚོར་བསྐུར་གནོངས་དང་ཉིན་འགའི་རྗེས་སུ་ངེད་དྲ་ཐོག་ཏུ་ལེ་ཚན་ཞིག་འགོད་འཆར་ཡོད་པས་ཐུགས་འཇགས་འཚལ། རྩོམ་ཡིག་རྣམས་ངེད་དྲ་ཚིགས་ཀྱི་ཡིག་སྒམ་དང་དོ་དམ་མི་སྣ་གང་རུང་གི་ཡིག་སྒམ་ནང་བསྐུར་ཆོག

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག