ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> གོང་རྒྱལ་རི་ཁྲོད་དུ་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་ལུང་རྒྱུན་གནང་བ།
གོང་རྒྱལ་རི་ཁྲོད་དུ་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་ལུང་རྒྱུན་གནང་བ།
[རྩོམ་གྱི་ཡོང་ཁུངས། གྱིམ་ཤོད་ཤེལ་ལེ་རྒྱ་སྐར།] [རྩོམ་པ་པོ། ལྗང་ཤེར་བསྟན།] [ཟླ་ཚེས། 12-03-26] [ཀློག་གྲངས། ]

   ཟི་ཁྲོན་དཀར་མཛེས་ཁུལ་ཉག་རོང་རྫོང་ཁོངས་དཔལ་གཤེན་བསྟན་དར་རྒྱས་བཀྲ་ཤིས་གླིང་ངམ་དཔལ་ལྡན་གོང་རྒྱལ་རི་ཁྲོད་དུ་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་དབུས་པའི་འགན་འཛིན་རྣམས་ཀྱི་ཐུགས་བསྐྱེད་དང་གོ་སྒྲིག་འོག་དབང་ལྡན་ཞུ་ཡི་གདན་ས་འོག་མ་ཁྲ་དགོན་ཀུན་གྲགས་གླིང་གི་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་མཆོག་གདན་དྲངས་ཞུས་ཏེ།

   འབྱུང་ལྡན་༣༠༡ བོད་ལྕགས་མོ་ཡོས་ཀྱི་ལོའམ། སྤྱི་ལོ་༢༠༡༡ལོའི་བོད་ཟླ་བཞི་པའི་ཚེས་ཉི་ཤུ་ཉིན་ནས་འགོ་བཟུང་སྟེ་༧ཞྭ་དཀར་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་འགྱུར་ཆེན་མོའི་ལུང་རྒྱུན་སྤེལ་བའི་གཤེན་གྱི་འདུས་འཚོགས་ཤིག་བཙུགས་ཡོད་པའི་ནང་ཁམས་སྟོད་ཕྱོགས་ནས་སྦྲ་ཆེན་ཀླུ་ཕུག་དགོན་དང་། སྤ་ཚང་དགོན། ལུང་དཀར་དགོན། ཁྲོམ་ཚང་དགོན། སོག་སྡེ་སྟིང་རྔུ་བོན་དགོན། ཤ་རི་དགོན། རྒྱལ་ཤོད་སྒར་རི་དགོན། རྩེ་དྲུག་དགོན། གཡུང་དྲུང་དཔལ་རི་དགོན། ཞུ་ཚང་དགོན། བྱ་ཟེ་དགོན། སྒར་ཁང་དགོན། རི་ནེ་དགོན། ཕུག་དམར་དགོན། རི་དམར་དགོན། གཤེན་འགག་དགོན། གཡུ་སྤྲ་ལྷ་སྟེང་དགོན། ཕུག་ལེབ་རི་ཁྲོད། ཚ་ནེ་རི་ཁྲོད། བྷོ་ཐ་རྟག་རྒྱས་དགོན། རི་ཐ་དགོན། ག་ཤེལ་དགོན། སྡོང་རྫོང་རི་ཁྲོད། ནག་རི་དགོན། ལྷོ་རྒྱ་སྒོ་དགོན། ལྷོ་གཏམ་སྟོད་དགོན། ཀོང་པོ་སྒྱེལ་རི་དགོན། ལྷོ་རོང་ཁྲ་རྒན་དགོན། ཤིང་རོང་གྲ་དགོན། ཤོག་ལྔ་ལམ་ལྷ་དགོན། ཁམས་སྨད་ཕྱོགས་ནས་ཆབ་མདོ་མང་རི་དགོན། བླ་ཁྲི་དགོན། སྤང་རྒན་དགོན། སྐོམ་ཚང་དགོན། སེ་ཞིག་དགོན། སྟག་ཞིག་དགོན། ཐར་བདེ་དགོན། རབ་རྒྱལ་དགོན། ཞལ་བཞེས་དགོན། བདེ་ཆེན་དགོན། ཅོང་ལོ་དགོན། རིན་སྤུངས་དགོན། མཛེས་ཁ་རག་དགོན། ཤར་རྫ་རི་ཁྲོད། རྫ་སྟེང་ཆེན་དགོན། ཟེར་འཕྲོ་དགོན། སྨོན་རྒྱལ་དགོན། ཉག་རོང་གོང་རྒྱལ་དགོན། ཡེ་ཤེས་དགོན། དབལ་ཁྱུང་དགོན། སུ་ལ་དགོན། མི་ནུབ་དགོན། ལི་ཐང་འགྲོ་མགོན་དགོན། རྒྱལ་རོང་དམུ་རྡོ་དགོན། མཚོ་སྟེང་དགོན་བཅས་རི་ཁྲོད་དང་དགོན་པ་ཁག་ནས་ཕེབས་པའི་བཙུན་པ་དང་བཙུན་མ། སྔགས་འཆང་བ་སོགས་ཞལ་གྲངས་ལྔ་བརྒྱ་ལྷག་དགའ་དད་སྤྲོ་གསུམ་གྱིས་འདུ་འཛོམས་བྱུང་བར་ཟླ་བ་གསུམ་དང་ཕྱེད་ཀའི་རིང་དུ་མདོ་འབུམ་རྒྱུད་མཛོད་བཞི་ཡི་བདག་ཉིད་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་པོ་ཏི་གཅིག་བརྒྱ་བདུན་ཅུ་དོན་བརྒྱད་ཀྱི་ལུང་རྒྱུན་སྟན་ཐོག་གཅིག་ཏུ་སྤེལ་བར་མཛད་ཡོད་པ་རེད། 

   ཐེངས་འདིའི་ལུང་གི་བརྒྱུད་རིམ་ནི། གཏེར་ཆེན་གསང་སྔགས་གླིང་པ་ཡབ་ཡུམ་རྣམ་གཉིས་ལ་བླ་ཆེན་དྲན་པ་ནམ་མཁས་རྒྱལ་བའི་བཀའ་འགྱུར་གྱི་ལུང་རྒྱུན་སྤེལ་བའི་དབང་ལུང་བསྐུར་བ་དང་། རྣམ་མཁྱེན་གཤེན་རབ་མི་བོས་ཕྱི་ནང་གསང་གསུམ་གྱི་བཀའ་ཡི་བདག་པོར་བསྐུར་ཞིང་། བཀའ་གཏད་དང་བྱིན་གྱིས་བརླབས་པར་མཛད་དེ་འགྲོ་དོན་དུ་སྤེལ་དགོས་པའི་དབང་ལུང་གནང་བ་ཐོབ་པར་བརྟེན།

   གདན་ས་དབལ་ཁྱུང་དགོན་དང་། ཡེ་ཤེས་དགོན། གོང་རྒྱལ་དགོན་རྣམས་སུ་ལུང་རྒྱུན་ཐེངས་གསུམ་སྤེལ་བའི་ནང་ཡེ་ཤེས་དགོན་དུ་རྒྱལ་ཚབ་བློ་གྲོས་རྒྱ་མཚོ་དང་། དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན། བྱ་བཏང་ཚེ་དབང་འགྱུར་མེད། རྫ་བླ་ཚུལ་ཁྲིམས་དབང་རྒྱལ་སོགས་ལ་བརྒྱུད་ཅིང་། དེའི་རྗེས་ཚུལ་ཁྲིམས་དབང་རྒྱལ་གྱིས་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་ལ་གནང་། དམ་པ་དེའི་མདུན་ནས་མཆོག་སྤྲུལ་རིག་འཛིན་ཡོན་ཏན་རྣམ་རྒྱལ་དང་། བླ་མ་སྐལ་བཟང་རྒྱ་མཚོ་རྣམ་གཉིས་ལ་བརྒྱུད། དམ་པ་དེ་གཉིས་ཀྱི་དྲུང་ནས་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་དང། མཁན་རིག་འཛིན་དབང་རྒྱལ། ད་ལྟའི་ལུང་རྒྱུན་སློབ་དཔོན་ཁྲ་དགོན་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བཅས་ལ་གནང་ཏེ། དབང་ལུང་གི་ཉག་ཐག་མ་ཆད། བྱིན་རླབས་ཀྱི་ཚན་ཁ་མ་ཉམས་པ་ང་ཚོའི་བསོད་སྐལ་དུ་བཞུགས་པ་ཡིན་ནོ། །

   སྐབས་དེར་སྔགས་འཆང་ཀུན་བཟང་བསྟན་འཛིན་མཆོག་དང་། མཆོག་སྤྲུལ་རྩེ་དྲུག་བསྟན་འཛིན་འོད་ཟེར། ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན། ཐར་བདེ་སྤྲུལ་སྐུ་ཚེ་དབང་འཇིགས་མེད། ཤར་རྫའི་མཁན་པོ་རིག་འཛིན་དབང་རྒྱལ་སོགསjགདན་ཞུས་དང་ཆེད་ཕེབས་ཀྱི་བཀའ་དྲིན་བསྐྱངས་ཏེ། མཛད་སྒོར་ཡིད་རངས་དང་། སྔགས་བརྗོད་ཀྱི་མེ་ཏོག་ཆར་དུ་བསྙིལ་བ་མ་ཟད། རྒྱུན་ལྡན་གྱི་འདུས་པའི་སྡེ་ལ་འཚོ་གོས་སོགས་མཐུན་རྐྱེན་གང་ལེགས་རྒྱབ་སྐྱོར་གནང་བར་ཞལ་བཞེས་དང་སྐུ་དྲིན་བསྩལ་བར་མཛད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག