བོན་གྱི་གྲྭ་ས་ཆེན་མོ་༧དཔལ་ཁྲི་བརྟན་ནོར་བུ་རྩེར་མཐོང་གྲོལ་རི་ཁྲོད་དགོན་གྱི་དབུ་བླ་མེ་སྟོན་ལྷུན་གྲུབ་རྒྱལ་མཚན་རིན་པོ་ཆེ་མཆོག་གི་དགོངས་རྫོགས་མཆོད་འབུལ་གནང་བའི་གནས་བསྡུས།
ཁྱུང་ཡུལ་མཐོང་གྲོལ་རི་ཁྲོད་དགོན་གྱི་ ༧ དབུ་བླ་ཡར་མེའི་གདུང་འཛིན་མེ་སྟོན་ལྷུན་གྲུབ་རྒྱལ་མཚན་རིན་པོ་ཆེ་མཆོག་དངུལ་རྫ་ཟལ་མོའི་སྒང་རྒྱུད་ཁྱུང་ཡུལ་ནོར་མ་ཞེས་པའི་ས་ཆ་རུ་འཁྲུངས་ཤིང་དམ་པ་གོང་མའི་ལུང་གི་བསྔགས་པའི་སྐྱེས་ཆེན་ཞིག་སྟེ། ག་ཤེལ་ཁྲི་ཆེན་གཡུང་དྲུང་རྒྱལ་མཚན་དང་། གྲུབ་དབང་ཚུལ་ཁྲིམས་རྒྱལ་མཚན། སྒང་རུ་བླ་རྒན་ཁྱུང་བླ་བསྟན་པ་རྒྱལ་མཚན་སོགས་ཀྱིས་སྟང་ཆེན་དམུ་ཚ་གྱེར་མེད་ཀྱི་རྣམ་སྤྲུལ་ཡིན་པར་ངོས་འཛིན་གནང་ནས་རྩེ་དྲུག་ཤེལ་བྲག་དྲི་མེད་གླིང་དུ་༧རྩ་བླ་རིན་ཆེན་རྒྱལ་མཚན་མདུན་ནས་རབ་བྱུང་གི་སྡོམ་པ་ཞུས་ཏེ་ཐུན་མོང་དང་ཐུན་མིན་གྱི་ཉམས་ལེན་ཚུལ་མཐུན་མཛད། དེ་ནས་མཐོང་གྲོལ་རི་ཁྲོད་དགོན་ཉམས་གསོ་གནང་བ་དང་དུས་མཚུངས་སུ་ནག་རུ་མཁན་པོ་བོན་དབྱིངས་རང་གྲོལ་གདན་ཞུས་གནང་སྟེ་སྔར་སྲོལ་ལྟར་དགོན་འདིའི་སྒྲུབ་གྲྭ་དབུ་འཛུགས་གནང་བ་མ་ཟད་༧སྨན་རིའི་མཁན་ཆེན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་དང་༧སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་སྔ་རྗེས་བོད་དུ་ཞབས་སོར་གང་འཁོད་རྣམས་སུ་དབང་ལུང་མན་ངག་གང་ཟབ་ཉམས་བཞེས་གནང་བ་མ་ཟད་བོན་གྱི་གྲྭ་ས་ཆེན་མོ་༧དཔལ་གཤེན་བསྟན་ཐོབ་རྒྱལ་བཀྲ་ཤིས་སྨན་རི་དགོན་པར་༧སྨན་རིའི་དཔོན་སློབ་སྐལ་བཟང་ཉི་མ་རིན་པོ་ཆེའི་མདུན་དུ་དྲང་སྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཞུས། རང་དགོན་མཐོང་གྲོལ་རི་ཁྲོད་དུ་བཤད་སྒྲུབ་སྒོམ་གསུམ་གྱི་འདུས་སྡེ་བཙུགས་པ་དང་གཞན་ཡང་ཀོང་པོ་སྒྱེལ་རིི་དགོན། འབོ་ཐ་དགོན། གཡམ་བྱ་ཆེན་དགོན། གཏམ་སྟོད་རྒྱ་སྒོ་དགོན། གཟི་གནམ་སྟེང་དགོན། རྒྱལ་བ་དམུ་ཡད་དགོན་སོགས་ཉམས་གསོ་གནངས་ནས་བསྟན་འགྲོར་སྨན་པའི་དོན་ཆེན་མཛད་བཞིན་པའི་ངང་ཡིད་འཕངས་བ་ཞིག་ལ།
སྤྱི་ལོ་༢༠༡༢ལོའི་ཟླ་༥པའི་ཚེས་༩ཉིན་སྐུ་པེ་ཅིང་ཆུ་ཚོད་བཞི་པའི་ཐོག་དགོངས་པ་བོན་དབྱིངས་སུ་གཤེགས་པ་སོགས་ཀྱི་གནས་ཚུལ་ཐོས་ཕྲལ།
༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ལ་སྙན་གསན་ཞུས་པ་དང་སྦྲགས་ཇི་ལྟར་གསུང་པ་བཞིན། གཙུག་ལག་ཁང་དུ་དམ་པ་མཆོག་གི་སྐུ་པར་བཤམས་ནས་མཆོད་པ་རྣམ་ལྔ་ཕུལ་ཏེ།
སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ་མཆོག་དང་། སྒྲུབ་མཁན་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་གཙོས་པའི་དགེ་བའི་བཤེས་གཉེན་རྣམ་པ་དང་གཤེན་གྱི་རྣལ་འབྱོར་སྒྲུབ་ཐོན་པ་སོགས་ཀྱིས་བླ་མ་མཆོད་པ་རྣམ་དག་འགྱུར་མེད་གསུང་པ་དང་ཐུགས་སྨོན་མཆོད་འབུལ་གང་ཟབ་གནང་བའི་གནས་ཚུལ་བཅས།
སྤུ་རྒྱལ་བ་དགེ་བཤེས་ཉི་མ་རྒྱལ་མཚན་གྱིས་བལ་ཡུལ་ནས་སྤྱི་ལོ་༢༠༡༢ཟླ་༥ཚེས་༡༠ཉིན་ཕུལ།