ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་རིན་པོ་ཆེའི་གྱ་སྟོན་གྱི་མཛད་སྒོ་སྤེལ་བ།
བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་རིན་པོ་ཆེའི་གྱ་སྟོན་གྱི་མཛད་སྒོ་སྤེལ་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 12-07-02] [ཀློག་གྲངས། ]

མདོ་སྨད་བསྟན་པའི་མངའ་བདག་ཆེན་པོ་༧དཔལ་གཤེན་བསྟན་བྱང་བྱ་དུར་དགའ་མལ་ཀུན་ཁྱབ་བདེ་ཆེན་གླིང་གི་༧མཁན་ཆེན་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་མཆོག་ཉིད་བསྟན་དང་འགྲོ་བའི་དོན་དུ་སྐྱེ་བ་བཞེས་ནས་མི་ལོ་བརྒྱད་ཅུར་ཕེབས་པའི་རྟེན་འབྲེལ་དུས་ཆེན་གྱི་མཛད་སྒོ་ཆེན་མོ་སྤེལ་བ་རེད།

༧ མཁན་ཆེན་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་མཆོག་ལ་གུ་དུན་ཧྲུན་ནོ། །

དེ་ཡང་མདོ་སྨད་བསྟན་པའི་མངའ་བདག་ཆེན་པོ་༧དཔལ་གཤེན་བསྟན་བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་མཆོག་བསྟན་དང་འགྲོ་བའི་དོན་དུ་སྐྱེ་བ་བཞེས་ནས་ལོ་འཁོར་བརྒྱད་ཅུར་སོན་པའི་དུས་རྟེན་ཆེན་མོ་དེ་འབྱུང་ལྡན་༣༠༡གི་ནང་གསེས་བོད་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་ལོའི་ཟླ་ལྔ་བའི་ཚེས་དགུ་ཉིན་ནས་དབུ་བཟུང་སྟེ་ཚེས་བཅུ་དྲུག་བར་དུ་གྱ་སྟོན་ཆེན་མོའི་མཛད་སྒོ་དེ་མདོ་སྨད་ཟིང་ཆུ་དགོན་ཁག་བཅུ་གསུམ་གྱི་གདན་ས་ཆེན་མོར་སྤེལ་བ་རེད།


ཕྱོགས་ནས་ཕེབས་པའི་བླ་སྤྲུལ་གྲྭ་བཙུན་ཁག

དེ་ཡང་ཉིན་རེའི་འགྲོ་རིམ་རེའུ་མིག་ཟུར་དུ་གསལ་བ་ལྟར།
ཁྱད་པར་དུ་བོད་ཟླ་༥ཚེས་༡༤ཉིན་ལ་༧མཁན་ཆེན་རིན་པོ་ཆེ་ནས་དད་ལྡན་སེར་སྐྱ་ཁྲི་ལ་ཉེ་བ་ཞིག་ལ་དྲན་པ་ཚེ་སྒྲུབ་ཀྱི་དབང་ཆེན་གནང་བ་དང་། དེའི་ཉིན་ལ་ཕྱོགས་ཀྱི་དགོན་སྡེ་ཉི་ཤུ་ལྷག་གི་བླ་མ་དང་མཁན་པོ་སྤྲུལ་སྐུ་གྲྭ་བཙུན་སུམ་བརྒྱ་ལྷག་ཕེབས་ཡོད་པ་སྟེ། རང་དགོན་གྱི་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་། དཔོན་སློབ་བསྐལ་བཟང་ཤེས་རབ་མཐར་ཕྱིན་མཆོག སྒྲུབ་སློབ་ཤེས་རབ་ཚུལ་ཁྲིམས། ཁྱུང་ཚ་མཁྱེན་རབ་བརྩེ་ཆེན། ལྕགས་མདུད་བླ་མ་ཟླ་བ་རྒྱལ་མཚན། གཟི་རྩ་ཁོད་སྤུངས་ཁོག་གི་རབ་དབེན་དགོན་གྱི་བླ་མ་བོན་མཁར་སྐལ་བཟང་རིན་ཆེན་དང་བོན་མཁར་ཚེ་དབང་རྣམ་རྒྱལ། སྣང་ཞིག་དངུལ་སྐུ་དགོན་གྱི་མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན། སྐྱང་ཚང་དབུ་བླ་གཡུང་དྲུང་དགེ་ལེགས་མཐར་ཕྱིན། བྲག་གཡུང་དྲུང་རི་ཁྲོད་ཀྱི་བླ་མ་འབྲས་བུ་བོན་འཛིན། མཛོད་དགེ་སྒུ་སྐྱང་དགོན་གྱི་མཆོག་སྤྲུལ་རིན་ཆེན་རྒྱལ་མཚན། མཛོད་དགེ་བབ་བཟོ་མདའ་ཆེན་དགོན་གྱི་མཆོག་སྤྲུལ་ཤེས་རབ་བློ་གསལ། ཞང་ངུ་གསེར་གླིང་དགོན་གྱི་བླ་མ་ཁམས་བརྒྱ་འབུམ། དུང་རི་བླ་མ་བཤད་སྒྲུབ་རྒྱལ་མཚན། གཉན་ཡུལ་དགོན་གྱི་མཆོག་སྤྲུལ་ཚུལ་ཁྲིམས་དབང་རྒྱལ། དམུ་དགེ་གླ་རོ་དགོན་གྱི་དབུ་བླ་བཟོད་པ། ཁོད་སྤུངས་དར་རྒྱས་དགོན་གྱི་སྤྲུལ་སྐུ་དབང་རྒྱལ་ཚེ་རིང་། བླ་མ་ཤེས་རབ་རིན་ཆེན། བླ་མ་ཚེ་དབང་གཡུང་དྲུང་། དུང་རི་མཁའ་སྐྱོང་དགོན་གྱི་བླ་མ་བཅས་བླ་སྤྲུལ་ཉི་ཤུ་ལྷག་དངོས་སུ་ཕེབས་ཡོད་པ་རེད།

༄༅། །དཔལ་གཤེན་བསྟན་༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་༧མཁན་ཆེན་ཤེས་རབ་མཐར་ཕྱིན་རིན་པོ་ཆེའི་གྱ་སྟོན་སྐོར་གྱི་བཀོད་སྒྲིག་རེའུ་མིག

ཨེ་མ་ཧོ། །བདེན་གཉི༷ས་ཟུང་འབྲེལ་བརྒྱད་ཁྲི་བཞི་སྟོང་བོན། །ཤེས༵་ར༵བ་གསུ༷མ་ལྡན་སྤྱན་གྱིས་རྣམ་པར་འབྱེད། །
བདེན་བཞི༷་ལམ་གྱི་བགྲོད་པ་མཐ༵ར་ཕྱི༵ན་ནས། །སྐུ་ལྔ༷འི་རྒྱལ་སར་དབང་ལ་གསོལ་བ་འདེབས། །
ཤེས༵་ར༵བ་ཉི་མའི་འོད་སྣང་ཕྱོགས་མེད་གསལ། །ཤེས་བྱ་པདྨའི་དགའ་ཚལ་རྣམ་པར་བཞད། །
ཤེས་དང་ཤེས་བྱ་དབྱེར་མེད་མཐ༵ར་ཕྱི༵ན་ནས། །ཤེས་ལྡན་ཡོངས་ཀྱི་མགོན་མཛད་གསོལ་བ་འདེབས། །
ཤེས༵་བྱའི་སྣང་བརྙན་བཀྲ་གསལ་དཀྱིལ་འཁོར་འབུམ། །ར༵བ་ཡངས་མཁྱེན་པའི་མེ་ལོང་གཅིག་ལ་རྫོགས། །
མཐ༵ར་འཛིན་གཉིས་སྣང་དྲི་མ་ཀུན་བསལ་ནས། །ཕྱི༵ན་དྲུག་བསྡུ་བཞི་མཛད་ལ་གསོལ་བ་འདེབས། །
རྒྱལ་དང་རྒྱལ་སྲས་ཡོངས་ཀྱི་རབ་བསྔགས་པའི། །གང་གི་གསང་གསུམ་མཛད་འཕྲིན་མཐའ་ཡས་པ། །
བསྐྱངས་ཏེ་བགྲང་བྱ་བརྒྱད་ཅུ་འཁོར་བ་ལ། །བཀྲ་ཤིས་རྟེན་འབྲེལ་མཛད་སྒོའི་ལས་ལ་བྲེལ། །

 
༧མཁན་ཆེན་རིན་པོ་ཆེ་རྣམ་གཉིས་དང་དཔོན་སློབ་རིན་པོ་ཆེ་མཆོག

   ཞེས་མཆོད་པ་བརྗོད་པའི་གསོལ་འདེབས་ཀྱིས་མདུན་བསུས་ཏེ་སྐབས་འདིར་གླེང་བ་བྱ་བ་ལ། དེ་ཡང་དགེ་ཚོགས་དཔལ་གྱིས་ཕྱུག་པའི་འབྱུང་ལྡན་༣༠༡གཅིག་གི་ནང་ཚན་བོད་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་ལོ་ནི་མདོ་སྨད་བསྟན་པའི་མངའ་བདག་ཆེན་པོ་༧དཔལ་གཤེན་བསྟན་བྱང་བྱ་དུར་དགའ་མལ་ཀུན་ཁྱབ་བདེ་ཆེན་གླིང་གི་༧མཁན་ཆེན་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་མཆོག་བསྟན་དང་འགྲོ་བའི་དོན་དུ་སྐྱེ་བ་བཞེས་ནས་མི་ཡི་ཚུལ་བཟུང་སྟེ་རྒྱལ་དང་རྒྱལ་སྲས་ཀྱི་རླབས་ཆེན་མཛད་འཕྲིན་བསྐྱངས་ནས་བགྲང་བྱ་བརྒྱད་ཅུ་འཁོར་བའི་དུས་ཆེན་ཁེལ་པ་ལ་བཀྲ་ཤིས་རྟེན་འབྲེལ་གྱི་བརྩི་སྲུང་ཞུ་བ་དང་༧མཁན་ཆེན་གང་ཉིད་སླར་ཡང་རང་ཅག་གདུལ་བྱ་རྣམས་ཀྱི་དོན་དུ་ཞབས་པད་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་ཕྱོགས་མཐར་ཁྱབ་པའི་རྟེན་འབྲེལ་གྱི་མཛད་སྒོ་སྤེལ་རྒྱུ་ནི་ང་ཚོ་དད་ལྡན་སེར་སྐྱ་ཁྲི་ཕྲག་ཡོངས་ཀྱིས་རླབས་ཆེ་བའི་བསོད་ནམས་དང་དགེ་རྩ་དཔག་མེད་ཀྱི་ཚོགས་བསགས་ཞིག་ཡིན་པ་སྨྲོས་མ་དགོས་པ་རེད།

ཉིན་རེའི་འགྲོ་རིམ་རེའུ་མིག

བོད་ཆུ་འབྲུག་ལོའི་ཟླ་༥བའི་ཚེས་༨༼སྤྱི་ལོ་༢༠༡༢་༦་༢༦༽ཉིན་ནས་སྙིགས་དུས་ཀྱི་འགྲོ་བ་གདུལ་བྱ་རྣམས་ཀྱི་ཚེ་བསོད་གོང་ནས་གོང་དུ་འཕེལ་བའི་དོན་དུ་༧མཁན་ཆེན་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་དང་སྒྲུབ་གྲྭའི་མཁན་པོ་ཤེས་རབ་ཚུལ་ཁྲིམས་རྣམ་གཉིས་གཙོས་བླ་སློབ་བཅུ་གསུམ་གྱིས་དྲན་པ་ཚེ་སྒྲུབ་ཀྱི་སྒྲུབ་ཆེན་གྱི་གཞུང་བསྲངས་པ་དང་།
ཚེས་༩༼སྤྱི་ལོ་༢༠༡༢་༦་༢༧༽ནས་༧མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་དང་དཔོན་སློབ་ཤེས་རབ་མཐར་ཕྱིན་རིན་པོ་ཆེ་རྣམ་གཉིས་གཙོས་པའི་ཕྱི་དགོན་ལག་བཅུ་གསུམ་དང་ནང་དགོན་ཁག་ལྔའི་བླ་མ་དང་སྤྲུལ་སྐུ། མཁན་པོ་གྲྭ་མང་གིས་བཟླས་ཆོག་རིན་ཆེན་སྒྲོན་མེའི་སྒྲུབ་ཆེན་གྱི་དབུ་ཚུགས་པ་དང་།
མཁན་ཟུར་ཚང་གི་བླ་བྲང་དུ་བླ་གྲྭ་ལྔས་མ་མཆོག་སྲིད་པའི་རྒྱལ་མོ་དང་རྒྱལ་ཆེན་གྲགས་པ་སེང་གེའི་ཚོགས་བརྒྱ་འབུལ་བ།
དེའི་ཉིན་སྔ་དྲོ་ཆུ་ཚོད་༡༠ཡས་མས་ནས་དབུ་བཟུང་སྟེ་སྐྱང་ཚང་དགོན་གྱི་དད་ལྡན་དམངས་ཚོགས་དང་དགའ་མལ་དགོན་གྱི་དད་ལྡན་དམངས་ཚོགས་སྟོང་ཕྲག་ལྷག་གིས་༧མཁན་རིན་པོ་ཆེ་ལ་མཇལ་ཁ་དང་བརྟན་བཞུགས་སོགས་ཞུ་འབུལ་བྱས་པ།
ཚེས་༡༠༼སྤྱི་ལོ་༢༠༡༢་༦་༢༨༽ཉིན་སྔ་ཉིན་བཞིན་སྣང་ཞིག་དགོན་གྱི་དད་ལྡན་དམངས་ཚོགས་དང་ལྕགས་མདུད་དགོན་གྱི་དད་ལྡན་དམངས་ཚོགས་སྟོང་ཕྲག་གིས་༧མཁན་རིན་པོ་ཆེ་ལ་མཇལ་ཁ་དང་བརྟན་བཞུགས་སོགས་ཞུ་འབུལ་བྱས་པ།
ཚེས་༡༡༼སྤྱི་ལོ་༢༠༡༢་༦་༢༩༽ཉིན་སྔ་བཞིན་རིན་སྤུངས་དགོན་གྱི་དད་ལྡན་དམངས་ཚོགས་སྟོང་ཕྲག་ལྷག་གིས་མཁན་རིན་པོ་ཆེ་ལ་མཇལ་ཁ་དང་བརྟན་བཞུགས་སོགས་ཞུ་འབུལ་བྱས་པ།
ཚེས་༡༢༼སྤྱི་ལོ་༢༠༡༢་༦་༣༠༽ཉིན་སྔ་བཞིན་ཞང་ངུ་དང་བྱོ་དཔྱིད། ཁོད་སྤུངས་གཟི་རྩ་སྡེ་དགུ་སོགས་ཕྱོགས་ཁག་གི་དད་ལྡན་དམངས་ཚོགས་སྟོང་ཕྲག་ལྷག་གིས་མཁན་རིན་པོ་ཆེ་ལ་མཇལ་ཁ་དང་བརྟན་བཞུགས་སོགས་ཞུ་འབུལ་བྱས་པ།





ཐུན་མོང་དམ་བཅའ་ཆེན་མོ་འཚོགས་བཞིན་པ།

ཚེས་༡༣༼སྤྱི་ལོ་༢༠༡༢་༧་༡༽ཉིན་སྔ་བཞིན་༧མཁན་ཆེན་རྣམ་གཉིས་དང་དཔོན་སློབ་ཚང་དང་། དགོན་སྡེ་ཁག་གི་བླ་སྤྲུལ་མཁན་པོ་སོགས་སྐྱ་སེར་ལྷན་རྒྱས་ནས་བཤད་སྒྲུབ་སློབ་གླིང་གཙོས་པའི་ཕྱོགས་ཀྱི་རིགས་པ་སྨྲ་བ་བརྒྱ་ཕྲག་ལྷག་གིས་ཐུན་མོང་དམ་བཅའ་ཆེན་མོ་འཚོགས་པ་ལ་གཟིགས་རྟོག་གནང་བ་དང་།
ད་རུང་དེ་ཉིན་གཞན་སྡེ་ཕྱོགས་ཀྱི་ས་དགེ་བཀའ་རྙིང་གི་དགོན་སྡེ་ཁག་གི་བླ་སྤྲུལ་དང་མཁན་པོ་དགེ་འདུན་རྣམས་ཀྱིས་མཁན་རིན་པོ་ཆེ་ལ་མཇལ་ཁ་དང་བརྟན་བཞུགས་སོགས་ཞུ་འབུལ་གནང་བ་དང་།






༧མཁན་རིན་པོ་ཆེ་འཚོགས་ཁང་ཆེན་མོར་ཕེབས་བསུ་དང་མི་འཇིགས་གདོང་ལྔའི་ཁྲིར་བཞུགས་པ།

ཚེས་༡༤༼སྤྱི་ལོ་༢༠༡༢་༧་༢༽ཉིན་༧མཁན་རིན་པོ་ཆེ་མི་འཇིགས་གདོང་ལྔའི་ཁྲིར་བཞེངས་གསོལ་ནས་རང་དགོན་གྱི་༧མཁན་སློབ་རྣམ་གཉིས་གཙོས་པའི་ཕྱི་དགོན་ལག་བཅུ་གསུམ་དང་ནང་དགོན་ཁག་ལྔའི་བླ་མ་དང་མཁན་པོ། སྤྲུལ་སྐུ་དགེ་འདུན་རྣམས་ཀྱིས་༧མཁན་རིན་པོ་ཆེ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཞབས་བརྟན་མཎྚལ་ཕུལ་བ་དང་ཕྱོགས་ཀྱི་དད་ལྡན་སེར་སྐྱར་སྟོང་ཕྲག་དུ་མས་མཇལ་ཁ་དང་བརྟན་བཞུགས་ཀྱི་མཎྚལ་སྣ་ཚོགས་ཕུལ་བ་དང་།






དེ་ནས་༧མཁན་རིན་པོ་ཆེ་ནས་དད་ལྡན་སེར་སྐྱ་སྟོང་ཕྲག་དུ་མ་ཡོངས་ལ་དྲན་པ་ཚེ་སྒྲུབ་ཀྱི་དབང་ཆེན་གྱི་བཀའ་དབང་བསྩལ་བ།
ཚེས་༡༥༼སྤྱི་ལོ་༢༠༡༢་༧་༣༽ཉིན་སྔ་དྲོ་གཞུང་འབྲེལ་ལས་ཁུངས་ཁག་གི་ལས་བྱེད་མི་སྣ་རྣམས་ཀྱིས་༧མཁན་རིན་པོ་ཆེ་ལ་མཇལ་ཁ་དང་བརྟན་བཞུགས་སོགས་ཞུ་འབུལ་གནང་རྒྱུ་དང་།
༧མཁན་སློབ་རྣམ་གཉིས་གཙོས་པའི་བླ་གྲྭ་ལྷན་རྒྱས་ནས་༼མཚོ་ནོར་བུའི་མཆོད་རྟེན༽ཆེན་མོ་མངའ་དབུལ་རབ་གནས་གནང་རྒྱུ་དང་།
དེ་ནས་བོད་ཆུ་འབྲུག་ལོའི་མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་དབྱར་ཁའི་སྨོན་ལམ་ཆེན་མོའི་དགྱེས་སྟོན་མཛད་སྒོ་ལ་འཆམ་སྣ་ཚོགས་དང་དགོང་དྲོ་གཏོར་རྒྱག་ཆེན་མོ་སོགས་སྤེལ་རྒྱུ་དང་།
ཚེས་༡༦༼སྤྱི་ལོ་༢༠༡༢་༧་༤༽ཉིན་མདོ་སྨད་བོན་གྱི་འདུས་སྡེ་ཆེན་མོ་དཔལ་གཤེན་བསྟན་༧བྱང་བྱ་དུར་དགའ་མལ་དགོན་ཆེན་གྱི་དབྱར་ཁའི་སྨོན་ལམ་ཆེན་མོའི་བཀྲ་ཤིས་བསྔོ་སྨོན་གྱི་རྒྱས་གདབ་སྟེ་སྤྱིར་འཛམ་གླིང་ཡུལ་གྲུ་ཀུན་ལ་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་དུ་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་བཅུར་དར་ཞིང་རྒྱས་ཏེ་འགྲོ་བ་རྣམས་ལ་མི་བདེ་སྣ་ཚོགས་ཀུན་ཞི་ནས་ཞི་བདེའི་འཚོ་བའི་དཔལ་ལ་རོལ་ནས་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་འཐོབ་པའི་སྐྱབས་འཇུག་ཞུ་བ་དང་ཁྱད་པར་དུ་ཡུལ་ཕྱོགས་འདི་ཉིད་ལ་ཡང་བདེ་སྐྱིད་ཀྱི་ཉི་མ་ཕྱོགས་བཅུར་ཁྱབ་ཅིང་། ༧མཁན་ཆེན་རྣམ་གཉིས་དང་དཔོན་སློབ་གཙོས་པའི་གང་ན་བཞུགས་པའི་བསྟན་འཛིན་སྐྱེས་ཆེན་རྣམས་ཀྱི་ཞབས་པད་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་འཕྲིན་ཕྱོགས་མཐར་རྒྱས་པའི་བཀྲ་ཤིས་བདེ་ལེགས་ཀྱིས་མཐར་ཕྱུང་བའི་རེའུ་མིག་གོ། །

ཞེས་རིན་སྤུངས་ཚུལ་བསྟན་གྱིས་གནས་ཚུལ་མདོར་བསྡུས་ཙམ་དུ་སྤེལ་བའོ། །

པར་ལེན་པ་ཨ་དཔལ་བཟང་ལགས་ཡིན།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག