ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཡེ་ཤེས་དགོན་དུ་ནང་བསྟན་རིས་མེད་ཀྱི་མཐུན་ཚོགས་ཆེན་མོ་རིག་གཞུང་དར་སྤེལ་ཚོགས་འདུ་འཚོགས་པ།
ཡེ་ཤེས་དགོན་དུ་ནང་བསྟན་རིས་མེད་ཀྱི་མཐུན་ཚོགས་ཆེན་མོ་རིག་གཞུང་དར་སྤེལ་ཚོགས་འདུ་འཚོགས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། མཁན་པོ་ཉི་མ་བསྟན་འཛིན།] [ཟླ་ཚེས། 12-07-18] [ཀློག་གྲངས། ]

ཉག་རོང་རྫོང་ནང་བསྟན་རིས་མེད་ཀྱི་མཐུན་ཚོགས་ཆེན་མོ་རིག་གཞུང་དར་སྤེལ་ཚོགས་པ་སྐབས་བཞི་བའི་མཛད་སྒོ་དཔལ་ཡེ་ཤེས་བཤད་སྒྲུབ་བསྟན་རྒྱས་གླིང་དུ་ཕྱི་ལོ་༢༠༡༢ལོའི་ཟླ་༧ཚེས་༨ཉིན་སྤེལ་བ།

ནང་བསྟན་རིས་མེད་ཀྱི་མཐུན་ཚོགས་ཆེན་མོ་རིག་གཞུང་དར་སྤེལ་ཚོགས་འདུ་ལ་ཕེབས་པའི་སྐྱ་སེར།

ཚོགས་འདུ་ལ་ཕེབས་པའི་སྐུ་མགྲོན་ཆེན་མོ་༧ཤར་རྫའི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག་དང་གསེར་རྟའི་མཁན་པོ་ཚུལ་ཁྲིམས་བློ་གྲོས། མདོ་སྨད་སྣང་ཞིག་དགོན་ཆེན་གྱི་མཁན་པོ་དགེ་བཤེས་བསྟན་འཛིན་སྨོན་ལམ།

བགྲོ་གླེང་ཚོགས་འདུའི་སྐབས་ཀྱི་དད་ལྡན་དམངས་ཚོགས།

བགྲོ་གླེང་ཚོགས་ར་དངོས།

བགྲོ་གླེང་ཚོགས་ར་དངོས།

བགྲོ་གླེང་གི་ངལ་གསོའི་སྐབས་ཀྱི་རིག་པ་སྨྲ་བ་རྣམས་ཀྱིས་རྩོད་པ་གནང་བཞིན་པ།

དཔལ་ཡེ་ཤེས་དགོན་གྱི་ཚོགས་ཁང་།



རིས་མེད་ཀྱི་ཚོགས་བཞུགས་པ་རྣམས་ཀྱིས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུངས་བཞིན་པ།

ཚོགས་རའི་ཡུལ་དངོས།

དཔལ་ཡེ་ཤེས་དགོན།

རིག་པ་སྨྲ་བ་རྣམས་ཀྱིས་བར་གསེས་སུ་རྩོད་པ་གནང་བཞིན་པ།

   དེ་ཡང་རིག་གཞུང་དར་སྤེལ་ཚོགས་པའམ་དགེ་བཅུ་ཁྲིམས་ཀྱི་ཚོགས་པ་ནི། ཉིས་སྟོང་དགུའི་ལོར་ཁམས་ཉག་རོང་ཨ་འཛི་ལུང་དུ་གསར་དུ་བཙུག་པའི་ཉག་རོང་གི་རིས་མེད་དགོན་སྡེ་ཡོངས་རྫོགས་ལྷན་གཅིག་ཏུ་འཚོགས་ཏེ་བླ་གྲྭ་དང་དད་ལྡན་མི་སྐྱ་ཐམས་ཅད་གཙོ་བོ་དགེ་སྒྲུབ་སྡིག་སྤང་ཚུལ་བཞིན་བྱ་དགོས་པའི་དགེ་བའི་ཁྲིམས་སྲོལ་དང་ལེན་བྱས་ཐོག སེར་སྐྱ་ཡོངས་ལ་དགོས་གལ་ཆེ་བའི་བསམ་བློ་ཡར་སྐུལ་གྱི་བསླབ་སྟོན་མངོན་འདོན་བྱས་པའི་ཕན་བདེའི་རང་བཞིན་ཅན་གྱི་ཚོགས་པ་ཞིག་ཡིན། དེ་སྔར་ཐེངས་གསུམ་འཚོགས་པ་ནི་རྙིང་མ་བའི་དགོན་པ་ཤ་སྟག་ཚོགས་པ་ཡིན་ལ། ད་ལན་སྐབས་བཞི་བའི་རིག་གཞུང་དར་སྤེལ་ཚོགས་པ་འདི་དཔལ་ལྡན་ཡེ་ཤེས་བཤད་སྒྲུབ་བསྟན་རྒྱས་གླིང་དུ་ཕྱི་ལོ༢༠༡༢ལོའི་ཟླ༧ ཚེས ༨ ཉིན་དངོས་སུ་འཚོགས་པའི་མགོ་ཚུགས་པ་རེད། དེ་ཡང་ཡེ་ཤེས་དགོན་པས་ཚོགས་པ་འདིའི་ཐད་ཀྱི་བྱ་བཞག་གྲ་སྒྲིག་གི་སྟ་གོན་རྣམས་ལེགས་པར་བསྒྲིགས་ཏེ་སྐུ་མགྲོན་རྣམ་པར་ཕེབས་བསུ་ཞུས། ཚོགས་པ་འདིར་ཐུགས་ཁུར་དང་གཙིགས་འཛིན་ཆེན་པོར་མཛད་པའི་བླ་རུང་སྒར་གྱི་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་། དཔལ་ཤར་རྫ་བཤད་སྒྲུབ་སློབ་གླིང་གི་རྒྱལ་ཚབ་འཇིགས་མེད་དབང་ཕྱུག སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་གི་མཁན་པོ་བསྟན་འཛིན་སྨོན་ལམ། ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་གི་བླ་མ་ནམ་མཁའི་སྙིང་པོ་རྣམ་བཞི་གཙོས་ཁམས་ཉག་རོང་གི་དགོན་སྡེ་དང་རི་ཁྲོད་དྲུག་ཅུ་ཙམ་གྱི་དགོན་བདག་བླ་མ་མཁན་པོ་སྤྲུལ་སྐུ་སོགས་བརྒྱ་དང་བདུན་ཅུ་ལ་ཉེ་བ་ཙམ་སྟབས་གཅིག་ཏུ་འཚོགས་པའི་བླ་མེད་ཀྱི་རྟེན་འབྲེལ་ཡོངས་སུ་སྨིན། ཚེས་བརྒྱད་ཀྱི་ཞོགས་པར་ཐོག་མར་རིས་མེད་གྲུབ་མཐའ་འཛིན་པའི་སྐུ་མགྲོན་རྣམས་ཡེ་ཤེས་དགོན་པའི་འདུ་ཁང་གི་མདུན་དུ་འདུས་ཏེ་གཡུང་དྲུང་བོན་གྱི་སྲིད་པའི་བརྡ་དར་ཆེན་མོ་ནམ་མཁའི་དབྱིངས་སུ་བསྒྲེངས་པ་དང་ལྷན་དུ་ཀུན་གྱིས་བོན་བསྟན་རྒྱས་པའི་སྨོན་ལམ་དབྱངས་སུ་གྱེར་བར་མཛད། དེ་ནས་ཐམས་ཅད་འདུ་ཁང་ནང་དུ་འཚོགས་ཏེ་འཕྲུལ་ངག་བོན་གྱི་ཚོགས་འདོན་རྣམས་མགྲིན་གཅིག་ཏུ་གསུངས་པའི་མཐར། འགོ་འཛིན་པའི་བཀོད་སྒྲིག་ལྟར་སྐུ་མགྲོན་ཆེན་མོ་རྣམ་བཞིས་རིས་མེད་བསྟན་པའི་གསོས་སུ་འགྱུར་ཞིང་སྐྱེ་རྒུ་འགྲོ་བ་ཡོངས་ལ་ཕན་འདྲོང་ཆེ་ངེས་ཡོད་པ་དང་། ཁྱད་པར་ཉག་རོང་གི་བསྟན་འགྲོ་ལ་དགོས་ངེས་ཀྱི་གསུང་བཤད་རྒྱ་ཆེར་གནང་བར་མཛད། དེ་ནས་ཐོག་མར་ཚོགས་པ་འདི་བཙུགས་པ་ནས་སེར་སྐྱ་རྣམས་ལ་བཞག་པའི་བཀའ་ཁྲིམས་རྣམས་གཙོ་བོ་དགོན་པ་སོ་སོས་ཇི་ལྟར་ལག་བསྟར་བྱས་ཡོད་པའི་སྙན་ཞུ་ཕུལ་བ་དང་། ཁྲིམས་ལ་བརྩི་བཀུར་དང་ལག་བསྟར་རྒྱུན་འཁྱོངས་བྱས་རིགས་རྣམས་ལ་བྱ་དགའ་སྟེར་བ་དང་། ད་དུང་དོ་དམ་དགོས་པའི་ཕྱོགས་ལ་ཁྲིམས་སྲོལ་ཁ་སྣོན་བྱས་ཏེ་ཚོགས་པ་འདི་ཕུན་སུམ་ཚོགས་པ་དང་ཡར་ཐོན་ཡོང་བའི་ཕྱོགས་ལ་འབད་བརྩོན་གང་ཆེར་བགྱིས། ཁྲིམས་དེ་དག་རེ་རེ་བཞིན་ངོ་སྤྲོད་མི་བྱ་ཡང་མདོར་ན་ཆོས་སྲིད་གཉིས་ཀྱི་ལུགས་ལ་འཆམ་མཐུན་དུ་གྱུར་པའི་ཡུལ་སྲོལ་གོམས་གཤིས་ངན་པ་རྣམས་གཙང་སེལ་བྱེད་ཅིང་སྲོལ་བཟང་གི་ལུགས་རྣམས་ལག་ལེན་བྱ་དགོས་པའི་སེར་སྐྱ་ཡོངས་ལ་བཞག་པའི་ཁྲིམས་སྲོལ་ཞིག་ཏུ་ངེས། ཚོགས་འདུའི་དགོང་མོ་རྣམས་སུ་རང་དབང་བགྲོ་གླེང་འཚོགས་ཏེ་རང་རང་གང་ལ་ཐུགས་ཁུར་མཛད་པ་དང་གང་ལ་བརྩེ་བ་ཟབ་པའི་ཕྱོགས་ཀྱི་གནད་དོན་དང་འབྲེལ་བའི་ཅི་འདོད་ཀྱི་གསུང་བཤད་གང་མང་གནང་སྟེ་བོན་བན་མཐུན་སྒྲིལ་དང་བསྟན་འགྲོ་དོན་ལ་སྨན་པའི་ཕན་ཚུན་རྒྱུས་ལེན་དང་ཡི་རངས་ཐོབ་པ་མ་ཟད། ཚོགས་འདུའི་བར་གསེང་དང་དགོང་མོའི་བགྲོ་གླེང་རྗེས་རྣམས་སུ་སྣང་ཞིག་དགེ་བཤེས་རྣམས་དབུ་བཞུགས་འོག་ཡེ་ཤེས་དགོན་པའི་སློབ་གཉེར་བ་རྣམས་ཀྱིས་ལུང་རིགས་ཀྱི་ང་རོ་སྒྲོག་བཞིན་དགག་སྒྲུབ་ཀྱི་རྩོད་པ་མཛད་དེ་རྩོད་རྒྱུགས་ཕུལ་བ་དང་། ལྷག་པར་དུ་རིས་མེད་ཀྱི་གྲུབ་མཐའ་འཛིན་པ་ཡོངས་ལ་རྩོད་སྤང་གི་གྲལ་དུ་ཞུགས་པ་ལ་རེ་བ་དང་དགའ་བསུ་སྙིང་ནས་ཞུས། དེ་ནས་ཚོགས་པ་འདིའི་འགོ་འཛིན་པ་ཕལ་ཆེ་བ་བརྗེ་ལེན་བྱས་ཏེ་བོན་བན་གྱི་བླ་སྤུལ་མཁན་པོ་འགའ་གསར་དུ་བསྐོ་བཞག་མཛད། ཡེ་ཤེས་དགོན་གྱིས་སྐུ་མགྲོན་རྣམས་ལ་སྐབས་བཞི་བའི་ཚོགས་འདུའི་དྲན་རྟེན་གྱི་ལེགས་སྐྱེས་དང་དངུལ་སྒོར་ཕྱག་འགྱེད་ཕུལ་བ་དང་བཅས་སྐབས་བཞི་བའི་རིག་གཞུང་དར་སྤེལ་ཚོགས་པ་ཚེས༡༠ཉིན་རྒྱལ་ཁ་དང་གཟི་བརྗིད་ཀྱི་ངང་ནས་མཇུག་སྒྲིལ་བའོ། །
དེ་མཚུངས་སུ་ཡེ་ཤེས་དགོན་པའི་དགོན་བདག་གམ་རྒྱུན་འཛིན་བླ་མ་རྣམ་གཉིས་ཏེ་མཆོག་སྤྲུལ་ཨ་གཡུང་རིན་པོ་ཆེའི་ཡང་སྲིད་དྲི་མེད་འོད་ཟེར་དང། དམ་པ་ཁྱུང་གི་ཡང་སྤྲུལ་ཤེས་རབ་བསྟན་འཛིན་རྣམ་གཉིས་དགོན་པའི་གསེར་ཁྲིར་མངའ་གསོལ་ནས་ལྷ་དར་གྱིས་མཚོན་པའི་མཆོད་རྫས་སྣ་ཚོགས་ཕུལ་བ་དང་ཡུལ་སྡེ་ཡོངས་ལ་མཇལ་ཁ་གནང་ཞིང་། བཀྲ་ཤིས་རྟེན་འབྲེལ་གྱི་མཚན་མ་དགེ་བ་བྱུང་ནས་ཀུན་གྱི་ཡིད་སེམས་དད་འདུན་གྱིས་ཁེངས་བཞིན་བསྟན་དང་འགྲོ་བའི་མགོན་པོར་འགྱུར་བའི་སྨོན་ལམ་ཡང་ཡང་འདེབས་པ་བཅས་སོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག