ཁྱུང་པོ་སྟེང་ཆེན་ཁོངས་ཀྱི་༧སྒང་རུ་དར་རྒྱས་དགོན་དཔལ་གཤེན་བསྟན་གཡུང་དྲུང་གླིང་གནས་གཞི་གསར་པའི་ཐོག་ཏུ་གཙུག་ལག་ཁང་ཆེན་ལེགས་གྲུབ་བྱུང་བའི་དགྱེས་སྟོན་སོགས་ཀྱི་མཛད་སྒོ་སྤེལ་བ།



གནས་གཞི་གསར་པའི་སྒང་རུ་དར་རྒྱས་དགོན་གྱི་གཙུག་ལག་ཁང་དང་ཕྱིའི་ཡུལ་ལྗོངས།

༧དམུ་རིགས་གཤེན་གྱི་གདུང་སྲས་གཙུག་ཕུད་རྣམ་གྲོལ་རིན་པོ་ཆེ།

༧སྒང་རུ་དར་རྒྱས་དགོན་གྱི་མཁན་པོ་དབྲ་ཁྱུང་སྐལ་བཟང་ནོར་བུ་མཆོག

༧ གཤེན་རིན་པོ་ཆེ་དང་བླ་ཆུང་རྣམ་གཉིས།


བླ་གྲྭ་ལྷན་རྒྱས་ནས་༧གཤེན་རིན་པོ་ཆེ་ཕེབས་བསུ་སོགས་གནང་བཞིན་པ།

སྒྲུབ་ཆེན་དང་མཛད་སྒོ་ལ་ཕེབས་པའི་བླ་སྤྲུལ་དང་དགེ་བཤེས་གྲྭ་བཙུན་རྣམ་པ།

སྒྲུབ་ཆེན་དང་མཛད་སྒོ་ལ་ཕེབས་པའི་བླ་སྤྲུལ་དགེ་བཤེས་ཁག་དང་བཙུན་མ་རྣམ་པ།
ད་ལམ་ཁྱུང་པོ་སྟེང་ཆེན་རྫོང་ཁོངས་སུ་ཡོད་པའི་སྒང་རུ་དར་རྒྱས་དགོན་དཔལ་གཤེན་བསྟན་གཡུང་དྲུང་གླིང་གནས་གཞི་གསར་བའི་ཐོག་ཏུ་གཙུག་ལག་ཁང་ཆེན་ལེགས་གྲུབ་བྱུང་བའི་དགྱེས་སྟོན་ལ།


བླ་གྲྭ་ལྷན་རྒྱས་གསེར་ཕྲེང་ལ་ཕེབས་བཞིན་པ།

འབུམ་ཚོགས་ཀྱི་མཆོད་རྫས།
ཚོགས་ཁང་ཆེན་མོ།
སྒྲུབ་ཆེན་བར་གསེས་སུ་རིག་པ་སྨྲ་བ་རྣམས་ཀྱི་འཆད་ར་འཚོགས་བཞིན་པ།
སྤུ་རྒྱལ་ཁུལ་གྱི་ཐེངས་བཞི་པའི་སྤྱི་རིམ་ཆེན་མོ་དེ་ཉིད་སྤྱི་ལོ༢༠༡༢ཟླ་༧ཚེས་༡༠ནས་བཟུང་ཉིན་བཅོ་ལྔའི་རིང་ཕྱོགས་ཐ་ཁག་ནས་བླ་མ་དགེ་བའི་བཤེས་གཉེན་རྣམས་དང་བཙུན་པ་བཙུན་མ་བཅས་ཁྱོན་བསྡོམས་བརྒྱ་ཕྲག་དྲུག་ལས་བརྒལ་བ་ལྷན་འཛོམས་ཐོག་ཁྲོ་བོ་འོད་ཟེར་འཁྱིལ་བའི་སྨན་སྒྲུབ་ཆེན་མོ་དང་། བོན་སྐྱོང་སྲུང་མའི་འབུམ་ཚོགས་བཅས་ཕུལ་བ་མ་ཟད།

༧གཤེན་རིན་པོ་ཆེ་གཙོས་པའི་བླ་སྤྲུལ་ཁག་ནས་གཙུག་ལག་སྒོ་འབྱེད་གནང་བཞིན་པ།

གཙུག་ལག་ཁང་གི་སྒོ་ཆེན།
སྤྱི་ཚེས་༢༢ཉིན་གཤེན་སྲས་གཙུག་ཕུད་རྣམ་གྲོལ་རིན་པོ་ཆེ་མཆོག་གཙོས་ཕྱོགས་ཐ་ཁག་ནས་བླ་སྤྲུལ་རྣམས་གདན་ཞུགས་ཐོག་མངའ་དབུལ་རབ་གནས་སྒོ་འབྱེད་ཀྱི་མཛད་སྒོ་གཉེར་བ་། སྤྱི་ཚེས་༢༣ཉིན་གཤེན་སྲས་རིན་པོ་ཆེ་གཙོས་བླ་མ་བརྒྱ་ཕྲག་ལས་བརྒལ་བ་དབུ་བཞུགས་ཐོག



བླ་སྤྲུལ་ཁག་ནས་དད་ལྡན་དམངས་ཚོགས་རྣམས་ལ་བཀའ་དབང་སྩལ་བཞིན་པ།
དད་ལྡན་བོན་འབངས་ཁྲི་ཕྲག་གསུམ་ལས་བརྒལ་བ་ལ་ཁྲོ་བོ་དབང་ཆེན་འགུ་ཡ་གཏིང་རྫོགས་ཀྱི་བཀའ་དབང་བཀའ་དྲིན་བསྩལ་བ་མ་ཟད། གསོན་གཤིན་ཀུན་ལ་སྨན་པའི་བྱང་ཆོག་གནང་།

བཀྲ་ཤིས་ལེགས་གྲུབ་ཀྱི་ཞབས་བྲོ་འཁྲབ་བཞིན་པ།
སྤྱི་ཚེས་༢༥ཉིན་ནས་བཀྲ་ཤིས་དགའ་སྟོན་དང་འབྲེལ་བའི་རང་སྲོལ་ཇི་བཞིན་བྲོ་གླུ་གཞས་གསུམ་གྱི་དགྱེས་སྟོན་ཕུལ་བ་བཅས་ཐེངས་འདིའི་མཛད་སྒོ་ཁག་སྤྱི་ཚེས་༢༦ཉིན་ཁ་དགེ་བཀྲ་ཤིས་ངོས་ལེགས་གྲུབ་བྱུང་བ་ལགས་སོ། །