ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> བྲག་དཀར་ལ་སོང་བའི་བདག་གི་ཟིན་བྲིས་བྲག་དཀར་མ།
བྲག་དཀར་ལ་སོང་བའི་བདག་གི་ཟིན་བྲིས་བྲག་དཀར་མ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཀ་ཤུལ་བསོད་རིན།] [ཟླ་ཚེས། 12-08-12] [ཀློག་གྲངས། ]

   ད་ལོའི་སྤྱི་ཟླ༧པའི་ཚེས་༢༧ཉིན་དམུ་དགེ་བླ་རི་དགོན་གྱི་ལྷ་སྡེ་མི་སྡེ་ཡོངས་ནས་རེ་ཞུས་ལྟར༧སྣང་ཞིག་སྐྱབས་མགོན་ཚང་ཟིང་ཆུ་རྫོང་དམུ་དགེ་བླ་རི་དགོན་དུ་ཆིབས་བསྒྱུར་གནང་ཞིང་།རང་ཉིད་ཁོང་དང་ལྷན་དུ་འགྲོ་རྒྱུའི་གོ་སྐབས་བླ་ན་མེད་པ་དེ་ཐོབ།དགོན་པ་དེ་ནི་ད་ལྟའི་ཟིང་ཆུ་རྫོང་དང་ཁྲོ་ཆུ་རྫོང་གཉིས་ཀྱི་ས་མཚམས་སུ་ཆགས་པའི་བོན་གྱི་དགོན་པ་ཞིག་རེད།ང་ཚོས་འདི་ནས་དགོན་པ་དེ་ངོ་སྤྲོད་རགས་ཙམ་བྱས་ན།དགོན་པ་དེ་ནི་སྣང་ཞིག་བྱ་ཆེན་ཉི་མ་འཛིན་གྱིས་ཕྱག་བཏབ་པར་ལོ་རྒྱུས་རྣམས་སུ་གསལ།

   རྗེས་སུ་དུས་ཀྱི་འགྱུར་བའི་དབང་གིས་དགོན་པའི་ས་མང་པོ་སྤར་དགོས་བྱུང་བ་ལོ་རྒྱུས་རྣམས་ལས་མཐོང་ཐུབ།དཔེར་ན་སྒང་བླ་མ་ཚང་གིས་ཆུ་རྐོང་དུ་དགོན་པ་གནས་སྤོར་བྱས།དེ་རྗེས་སྒང་བླ་མ་བསོད་ནམས་ཕུན་ཚོགས་ཚང་གི་རིང་ལ་སྐུ་མཆེད་རིག་འཛིན་དང་དབང་ལྡན་རྒྱལ་མཚན་སོགས་ཀྱིས་ཆུ་རྐོང་ནས་དགོན་པ་ལུང་ནག་ཏུ་གནས་སྤོར་བྱས་ཏེ་དགོན་པའི་མཚན་ལ་མུན་གྲོལ་བསམ་འགྲུབ་གླིང་ཞེས་པའི་མཚན་གསོལ་བ་མ་ཟད་དགོན་ཤུལ་དུ་གྲྭ་ཤག་སུམ་ཅུ་ལྷག་ཙམ་ཡོད་པའི་ཤུལ་དེང་སང་ཡང་དངོས་སུ་རིག་རྒྱུ་ཡོད། དགོན་པ་དེ་ནི་ཨ་འཁྱམས་སྟོབས་རྒྱས་ཞེས་པའི་ཇག་པ་དཔུང་སྡེ་ཞིག་གིས་གཏོར་སྟབས་དགོན་པ་དེ་ནས་ཕྱིར་ཆུ་རྐོང་དུ་གནས་སྤོར་བྱེད་དགོས་ཐུག་སྟེ།ཆུ་རྐོང་དགོན་པ་སླར་གསོ་བྱས།སྒང་བླ་མ་བློ་བཟང་འགྱུར་མེད་ཡན་བླ་རབས་བཅུ་གསུམ་སོང་བའི་ངག་རྒྱུན་ཡོད་ཀྱང་བླ་མ་རྣམས་ཀྱི་མཚན་གསལ་བོ་ཞིག་འདིར་བཀོད་ཐབས་མ་བྱུང་།དེ་རྗེས་གཉན་ཡུལ་མཁར་ཡག་དགོན་ནས་རྟོགས་ལྡན་ཚུལ་ཁྲིམས་བསྟན་འཛིན་གདན་དྲངས་ནས་སྒང་བླ་མའི་རྒྱལ་ཚབ་ཏུ་བསྐོས་བཞག་གནང་སྟེ་དམངས་ཚོགས་བཅོས་བསྒྱུར་བར་དུ་བསྐྱལ། དམངས་ཚོགས་བཅོས་བསྒྱུར་བྱས་རྗེས༡༩༨༣ལོར་རྒྱལ་ཁབ་ཀྱི་ཆོག་མཆན་འོག་ཆུ་རྐོང་དགོན་པ་སླར་གསོ་བྱས་ཏེ་མཁར་ཡག་དགོན་གྱི་བླ་མ་ཨ་ཁུ་ཨ་ཁོ་ཚང་གདན་འདྲེན་བྱས་ཏེ་དགོན་འདིའི་ཆོས་སྲིད་ལེགས་ཉེན་གང་ལ་གཟིགས་རྟོག་མཛད།དེ་རྗེས་རྔ་ཡུལ་སྣང་ཞིག་དགོན་ནས་མཁར་ཡག་དགོན་དུ་དགེ་རྒན་དུ་མངགས་པའི་རྟོགས་ལྡན་རྒྱལ་བ་བསྟན་འཛིན་དགོན་པ་འདིར་གདན་འདྲེན་ཞུས་ཤིང་ཁོང་གིས་ཆུ་རྐོང་དུ་ཡོད་པའི་དགོན་པ་ཡོད་སར་རླངས་འཁོར་སོགས་འགྲུལ་འགྲིལ་འགྲོ་ལམ་མི་བདེ་བས་རྐྱེན་ལ་བརྟེན་ཏེ་ལྷ་སྡེ་མི་སྡེ་ཚང་མ་བསྡུས་ཏེ་དགོན་པ་བླ་རིའི་ལྷ་སྡེ་ཚོ་བ་ལྔ་ཡི་དཀྱིལ་དེང་སང་བླ་རིའི་ཟམ་ཁར་གནས་སྤོར་བྱས་པར་ཟད།ས་གནས་དེར་དགོན་ཤུལ་ཙམ་དུ་གྱུར་པའི་གཡུང་དྲུང་དགོན་ཡང་དགོན་པ་དེ་དང་མཉམ་བསྲེས་བྱས་ཏེ་འདུ་ཁང་ཀ་བ་བཞི་བཅུ་ཅན་ཞིག་གསར་བཞེངས་བྱས་ཏེ་མཚན་གཡུང་དྲུང་ལྷ་རྩེ་དགོན་པ་བཏགས།

  ད་སྐབས་དགོན་པའི་ནང་གི་རྟེན་དང་ཕྱི་ཡི་འཁོར་ཕྲེང་སོགས་བཞེངས་པ་ཕུན་སུམ་ཚོགས་པ་ལེགས་གྲུབ་བྱུང་བའི་བོན་གྱི་དགོན་པ་ལྔ་བརྒྱའི་ཁྲོད་ཀྱི་དགོན་སྡེ་གཟེངས་སུ་ཐོན་པ་ཞིག་རེད་ཟེར་ན་ཆོག་གིརྒྱལ་ཚབ་ཚུལ་ཁྲིམས་བཟོད་པ་རྒྱལ་མཚན་སང་གཙོས་པའི་དགོན་འདིའི་བླ་གྲྭ་ཚང་མས་བོན་སྲིད་ཀྱི་མཛད་པ་རྒྱ་ཆེར་སྒྲུབ་བཞིན་ཡོད།དེའི་ལོ་རྒྱུས་རྒྱས་པ་ནི་ཁོ་བོས་བྲིས་པའི《དམུ་དགེ་བླ་རི་དགོན་གྱི་ལོ་རྒྱུས་དང་གནའ་བོའི་ཞང་ཞུང་དང་དེ་ལས་མཆེད་པའི་མི་རབས》ཞེས་པར་གཟིགས་ན་ཤེས་ཐུབ། ཚེས༡༨ཉིན་སྐྱབས་མགོན་ཚང་བྲག་དཀར་སྒོམ་རིར་ཕེབས་སྐབས་དགོན་སྡེ་འདིའི་སྐྱ་སེར་རྣམས་ཀྱིས་ས་ཚུགས་ས་ཚུགས་ནས་བསང་ཕུད་ཞོར་རླུང་རྟ་གཏོར་ཏེ་ཅིབས་བསྒྱུར་གནང་།

   སྔོན་ཆད་ངར་བླ་རིའི་རྒྱལ་ཚབ་ཚུལ་ཁྲིམས་བཟོད་པ་རྒྱལ་མཚན་ཚང་གིས་འགྲོ་རོགས་འོག་གནས་མཇལ་ལ་ཐེངས་ཤིག་འགྲོ་མྱོང་ཡང་།ཐེངས་འདིའི་ཚོར་བ་ལྟ་བུ་ཞིག་ཡོང་མེད།ང་ཚོས་ལུང་གཟར་ནས་འབབ་པའི་ཆུ་འགྲམ་བརྒྱུད་ནས་འགྲོ་སྐབས་གནས་འདིའི་རང་བྱུང་གི་བཀོད་པ་དང་།བཀོད་པའི་རྒྱན་དུ་འཛིན་པའི་རྦབ་ཆུའི་རླབས་དཀར་དང་།རླབས་དཀར་འཕྱོ་བའི་དབུ་ཡི་ཟེགས་མ།

  ཟེགས་མའི་ཁྲོད་ནས་ཐོས་པའི་ཆར་ཆིལ་གྱི་སྒྲ་དབྱངས་སྒྲ་དབྱངས་ཀྱི་རྩེ་ན་འཁྱིལ་བའི་བསང་གི་དུ་བ།དུ་བའི་རྩེ་ནས་མཐོང་བའི་བྲག་རིའི་རྔམས་ཟིལ་སོགས་ཀྱིས་བསླུ་བྲིད་ཀྱི་མཛེས་པ་དག་གིས་རང་ཉིད་མཛེས་རྟོག་གི་འཇིག་རྟེན་ཞིག་ཏུ་ཡུན་གྱིས་ཁྲིད་བཞིན་རང་ཉིད་མཛེས་མཛེས་རང་ཉིད་མཛེས་རྟོག་གི་འཇིག་རྟེན་ཞིག་ཏུ་ཡུན་གྱིས་ཁྲིད་བཞིན་པའི་མྱོང་སྣང་བསྟུན་མར་སྐྱེ་རུ་བཅུགས།

   ཉིན་དེ་ནས་བཟུང་སྟེ་དབུ་བཞུགས་སྐྱབས་མགོན་ཚང་གཙོར་བྱས་ཏེ་ཚུལ་ཁྲིམས་བཟོད་པ་རྒྱལ་མཚན།སྐུ་མདུན་ཝོར་རོ་ཚང་ན་མེ།ང་ཚོ་ལྷན་འདུས《སྙན་རྒྱུད་རིན་ཆེན་སྒྲོན་གསལ》གྱི་གཞུང་བསྲིངས་ཏེ་ཉིན་བདུན་རིང་མཚམས་ལ་བསྡད་པ་ཡིན།བྲག་དཀར་སྒོམ་རིའམ་སྒྲུབ་ཕུག་དེ་ནི་སྐལ་ལྡན་ཉི་མ་རང་ཤར་དང་།རྡོ་དབུ་ཆགས་མེད་ཚང་གཉིས་ཀྱིས་སྒྲུབ་པ་མཉམ་ལེན་བྱ་སའི་གནས་རི་འགངས་ཆེན་ཞིག་ཡིན་པར་མ་ཟད།དེང་སང་བྲག་དཀར་སྒོམ་རི་ན་བླ་མ་དེ་གཉིས་ཀྱི་སྐུ་གདུང་དངོས་སུ་མཇལ་རྒྱུ་ཡོད་པའི་གནས་རི་བྱིན་ལྡན་ཞིག་རེད།

   ང་ཚོས་འདི་ནས་དེའི་གནས་ཚུལ་ཤེས་གསལ་ལྟར་ན།བླ་མ་དེ་གཉིས་ནི།སྔོན་ཆད་དམུ་དགེའི་ཁོག་ཏུ་བོན་བསྟན་ཤིན་ཏུ་དར་རྒྱས་སོང་སྐབས་ཀྱི་བླ་མ་གཉིས་རེད།ལོ་རྒྱུས་ཡིག་ཚང་ལྟར་ན།དམུ་དགེ་ཁོག་འདི་ལ་སྔོན་ཆད་བོན་གྱི་དགོན་པ་ཆེ་ཆུང་མང་པོ་ཡོད་པར་གསལ།དཔེར་ན་ཨ་སྔར་ཁྱུང་ཚང་དགོན།མདོ་བསྟན་དབལ་མོ་གླིང་།ཨ་སྐྱིད་ནོར་བུ་གླིང་།བླ་རི་གཡུང་དྲུང་དགོན་སོགས་ཡོད་པར་མ་ཟད།དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་ཡང་སྔོན་ཆད་བོན་དགོན་ཞིག་ཡིན་པའང་དམུ་དགེ་དགོན་པའི་ལོ་རྒྱུས་ཤིག་ཏུ་གསལ།དེ་རྗེས་ཧོར་སྟོང་སྐོར་བླ་མ་ཡོན་ཏན་རྒྱ་མཚོ་འཁོར་དང་བཅས་པའམ་སོག་པོའི་དཔུང་སྡེ་ཞིག་གིས་མདོ་བསྟན་དབལ་མོ་གླིང་དང་།ཨ་སྐྱིད་ནོར་བུ་གླིང་།ཨ་སྔར་ཁྱུང་ཚང་དགོན་གསུམ་ཨ་སྔར་དགོན་དུ་ཚོགས་སུ་བཅུགས་ཏེ་མེ་སྲེག་བཏང་།དེའི་ནང་ནས་རྩ་རླུང་རང་དབང་འབྱོར་བའི་སྐལ་ལྡན་ཉི་མ་རང་ཤར་དང་རྡོ་དབུ་ཆགས་མེད་གཉིས་འཕུར་ཏེ་བྲག་དཀར་སྒོམ་རི་ཡོང་ནས་མཚམས་ལ་བཞུགས་པར་མ་ཟད་བླ་མ་དེ་གཉིས་ཀྱིས་གྲུབ་རྟགས་ཞབས་རྗེས་མང་པོ་བྲག་རྡོ་དང་ཕ་བོང་སོགས་ཀྱི་ངོ་ལ་བཞག་པར་དེང་སང་དམུ་དགེའི་ལ་ལུང་མང་པོ་ཞིག་ནས་མཇལ་ཐུབ་པ་ཞིག་རེད།དེ་ཡང་བྲག་དཀར་གནས་རི་དམུ་དགེ་བླ་རི་དགོན་ནས་སྤྱི་ལེའུ༣ཙམ་ཡར་སོང་བ་ནས་མཇལ་ཐུབ་ལ་གནས་རི་དེའི་བཀོད་པ་ནི་ཧ་ལས་ཤིང་ཧང་སང་དགོས་པ་ཞིག་རེད། དེའི་རྒྱུ་མཚན་གཞན་ཞིག་ནི་བདག་གི《ཡང་བསྐྱར་རྒྱ་རོང་ཀློག་པ》ཞེས་པའི་ལྗོངས་རྒྱུའི་ཟིན་ཐོ་ཞིག་ཏུ་གསལ་ལ།རྩོམ་དེ་ནི༢༠༡༡ལོའི《གཉའ་ཁྲི་བཙད་པོའི》སྟེང་བཀོད་ཡོད་པས་དེ་ཙམ་བྱ།དེ་ལྟར་གོང་ནས་ཟུར་ཙམ་གླེང་བ་བཞིན་སྣང་ཞིག་སྐྱབས་མགོན་ཚང་གནས་འདིར་ཕེབས་ཏེ་ཉིན་བདུན་གྱི་རིང《སྙན་རྒྱུད་རིན་ཆེན་སྒྲོན་གསལ》གྱི་མཚམས་ལ་བཞུགས།ཉིན་ལྔ་བ་སྟེ་སྟག་ཟླའི་བཅོ་ལྔའི་ནིང་དུས་རྔ་གཤང་སྦིབ་ཆོལ་སོགས་ཀྱི་སྒྲ་མང་པོ་རང་གྲགས་བྱས།དེར་ཉེ་གནས་རྣམས་དང་བླ་རིའི་བླ་གྲྭ་རྣམས་ཧ་ལས་ཏེ་བཤད་རྒྱུར།སྔོན་ཆད་རྟོགས་ལྡན་བསྟན་འཛིན་དབང་རྒྱལ་ཚང་མཚམས་ལ་གནས་དེར་བཞུགས་སྐབས་ཡང་ཁོང་གིས་དེ་ལྟ་བུའི་རྔ་གཤང་གི་སྒྲ་མང་པོ་གྲགས་རྒྱུ་ཡོད་རབས་དང་།ད་དུང་བླ་གྲྭ་མང་པོ་ཚོགས་ལ་བཞུགས་པའི་སྒྲ་སོགས་ཐོས་རྒྱུ་ཡོད་པར་ཡང་ཡང་གསུངས་མྱོང་བ་དང་།ཐེངས་འདིའི་རྟགས་དང་ཧ་ཅང་མཚུངས་པས་དེར་ཡོད་ས་གནས་མང་ཚོགས་རྣམས་ཧ་ལས་ཡོད་པར་ཁོ་བོས་ཡང་ཡང་མཐོང་བ་ཡིན།ངག་རྒྱུན་དུ་ཨ་སྔར་ཁྱུང་ཚང་དགོན་མེ་སྲེག་བཏང་རྗེས་བླ་མ་དེ་གཉིས་ཀྱིས་གྲྭ་བ་རྣམས་བྲག་དཀར་སྒོམ་རི་ལ་ཁྲིད་ཡོང་བར་བཤད།ཉིན་མོར་དེར་སྐྱབས་མགོན་ཚང་གིས་བྲག་དཀར་གནས་ཡིག་དང་བླ་མ་དེ་གཉིས་ལ་གསོལ་འདེབས་སོགས་བརྩམས་གནང་མཛད། ཉིན་དེར་ངར་བླ་རི་དགོན་གྱི་ཀྲུའུ་རིན་ཤེས་རབ་བློ་གསལ་གྱིས་འགྲོ་རོགས་འོག་བྲག་དཀར་སྒོམ་རི་ནས་ཅུང་ཐག་རིང་བའི་བྲག་དཀར་རི་བ་ལ་སོང་བ་ཡིན།བྲག་དཀར་རི་བོའི་གནས་བདག་གི་མཚན་ལ་བྲག་དཀར་ཉི་མ་རྒྱལ་མཚན་ཟེར་ལ།གནས་རི་དེ་ནི་དམུ་དགེ་ཕྱོགས་ཀྱི་རི་བོ་ཀུན་ལས་ཁྱད་དུ་འཕགས་པའི་བྲག་དཀར་པོས་ཡོངས་སུ་བརྒྱན་ཞིང་རྩེ་མོ་རྣོ་བའི་བྲག་རི་ཟར་ཟར་ཟོར་ཟོར་ཧ་ཅང་མང་བས་མཐོང་མ་ཐག་ནས་གནས་རི་ཞིག་ལོས་ཡིན་བསམ་སྤྱད་ཅིག་རེད།

   ངེད་གཉིས་རི་རྩ་ནས་ཡར་བྲག་མགོ་འཇལ་ཏེ་རིའི་རྩེ་མོར་བུད་པ་ཡིན།སྤྱིར་བཏང་ཉིན་དེའི་གནམ་གཤིས་ཧ་ཅང་དྭངས་ནའང་།ངེད་གཉིས་རི་རྩེར་ཐོན་ནས་ཅུང་མ་འགོར་བར་སེར་དྲག་ཧ་ལས་པ་ཞིག་བབས།ཡིན་ནའང་ཉིན་དེར་དམུ་དགེ་སྨད་པའི་བྲག་གཤོང་སྡེ་བ་དང་།གྱིམ་ཙ་སྡེ་བ་གཉིས་ལབ་ཙེའི་བསྟོད་དུ་ཡོང་བས་ཇ་དང་གོ་རེ་སོགས་ཀྱིས་ངེད་གཉིས་ལ་ཟས་མགྲོན་མང་དུ་བརྒྱབ་པར་མ་ཟད།ཆར་གོས་སོགས་ཀྱང་ངེད་གཉིས་ལ་གཡར་བས།སེར་དྲག་སོགས་ལ་ཅི་ཡང་སྐྲག་མ་དགོས།སྐབས་དེར་ངའི་སེམས་ལ་ཤར་བ་ནི་བོད་ཀྱི་འཁོར་ཡུག་གམ་ཡང་ན་དད་པ་ཆེ་བའི་བོད་མི་དག་གི་མདུན་དུ་ང་ལྟ་བུའི་གྲྭ་རྐྱང་དཀྱུས་མ་ཞིག་གི་གོ་ཐང་ཡང་ཇི་འདྲའི་མཐོ་ཨང་སྙམ་བྱུང་།བྲག་དཀར་གནས་རིའི་རྩེ་མོ་ནས་ས་ཆ་འདིའི་རྩྭ་ཆུ་མེ་ཏོག་རི་ལུང་བྲག་གསུམ་སོགས་པར་ཆས་དང་གཟུགས་ལེན་འཕྲུལ་ཆས་སུ་ལེན་སྐབས་དེ་ག་ནས་རྒན་པོ་ཅུང་ན་བསགས་ཤིག་གིས་ངའི་པར་ཆས་ལྟ་ནས་འདི་རྒྱང་མཐོང་ཨེ་རེད་ཅེས་དྲིས་བྱུང་།སྐབས་དེར་ངའི་སེམས་ལ་ཤར་བ་ནི་ད་ལྟའང་པར་ཆས་དང་རྒྱང་མཐོང་གི་དབྱེ་བ་མི་ཁོར་བའི་བོད་མི་དག་གི་ཀླད་པ་ཇི་འདྲའི་རྗེས་སུ་ལོས་པའང་བསམ་བྱུང་། སྤྱི་ཟླ་བདུན༨པའི་ཚེས༤ཉིན་གནས་ཆེན་བྲག་དཀར་སྒོམ་རིའི་གནས་མདུན་དུ་གནས་སྒོ་ཕྱེ་བའི་མཛད་སྒོ་བསྡུས་ཤིང་།མཛད་སྒོའི་སྟེང་མཁར་ཡག་དགོན་གྱི་སྤྲུལ་དབང་རྒྱལ་གཙོས་པའི་གྲྭ་བ་རྣམས་དང་།ཚེ་དགེ་སྟག་མགོ་དགོན་གྱི་སྤྲུལ་ཤེས་རབ་ཕུན་ཚོགས་དང་།

   དེ་མིན་དམུ་དགེ་ཁོག་དང་།མེ་ཙ་ཁོགམངའ་བའི་ཁོག ཞང་ངུ་ཁོག་སོགས་ནས་བན་བོན་གྱི་དད་ལྡན་མང་པོ་གནས་དེར་འཛོམས་ཤིང་།མཛད་སྒོའི་འགོ་བཟུང་མ་ཐག་དམུ་དགེ་བླ་རི་དགོན་གྱི་རྒྱལ་ཚབ་ཚུལ་ཁྲིམས་བཟོད་པ་ཚང་གིས་མཛད་སྒོའི་འགྲིག་རིམ་རྣམས་རིམ་གྱིས་བཤད་པར་མ་ཟད།གནས་རིའི་བྱུང་རིམ་དང་ཐེངས་འདིར་སྣང་ཞིག་སྐྱབས་མགོན་ཚང་ཕེབས་པའི་བརྒྱུད་རིམ་སོགས་རིམ་བཞིན་ངོ་སྤྲོད་བྱས་རྗེས།གནས་རིའི་སྒོ་འབྱེད་གྱི་ཆོ་ག་དངོས་སུ་འགོ་བཟུང་ཞིང་སྒོ་དབྱེའི་སྐབས་སུ་ནམ་མཁའི་སྤྲིན་རྣམས་རིམ་གྱིས་དྭངས་ཏེ་སྔོ་བསང་ནམ་མཁའི་བཞིན་མདངས་སྔོ་དྭངས་སེ་ཤར་བས་དད་ལྡན་མི་མང་ཡོངས་ཀྱིས་ཧ་ལས་པའི་ཉམས་འགྱུར་རྣམས་ཀྱིས་བདག་གི་སེམས་ལ་བོད་མི་དག་གི་སེམས་ཀྱི་རྟེན་འབྲེལ་དང་རྟེན་འབྲེལ་བཟང་བོ་ལས་བྱུང་དད་པའི་མིག་ཟུང་དག་ནི་ཇི་འདྲའི་དྭངས་ཤིང་གཙང་བ་ཞིག་རེད་བསམ་དགོས་བྱུང་།དེ་རྗེས་སྐྱབས་མགོན་ཚང་གིས་གསུང་བཤད་གནང་སྟེ་ཐེངས་འདིའི་རྟགས་དང་རྟེན་འབྲེལ་མང་པོ་བྱུང་བ་ལ་བརྟེན་སྐལ་ལྡན་ཉི་མ་རང་ཤར་དང་རྡོ་དབུ་ཆགས་མེད་གཉིས་ཀྱི་སྒྲུབ་ཕུག་འདི་ནི་དཀར་མོ་སྲིད་པ་རྒྱལ་མོའི་གནས་རི་འཁྲུལ་མེད་ཡིན་པར་ཞལ་གསུང་གནང་ཞིང་།དཀར་མོ་སྲིད་པ་རྒྱལ་མོའི་སྐུ་རང་བྱོན་སོགས་ཡོད་པར་དད་ལྡན་མི་མང་ཡོངས་ལ་བསྟན་ཏེ་གནས་རི་འདི་ཡི་ཕྱི་ནང་གི་བཀོད་པ་དང་།དེར་ཕྱག་སྐོར་བྱས་པའི་དགེ་བའི་ཕན་ཡོན་སོགས་ཞལ་གསུང་མང་དུ་མཛད།

   ཚེས༥ཉིན་བླ་རི་དགོན་གྱི་བླ་གྲྭ་རྣམས་དང་ལྷན་དུ་སྐྱབས་མགོན་ཚང་སྐུ་འཁོར་ལྷན་རྒྱས་བཅས་སྤྲོ་བསེང་དུ་ཚོགས་པར་མ་ཟད།བླ་རི་དགོན་ནམ་གཡུང་དྲུང་ལྷ་རྩེ་དགོན་གྱི་འདུ་ཁང་གི་ཕྱི་ནང་རྟེན་དང་བསྟན་པ་དང་དགོན་པའི་འཁོར་ཡུག་སོགས་ཕྱི་ནང་མ་ལུས་པར་གཟིགས་རྟོག་མཛད་དེ་དགོན་འདིའི་བླ་གྲྭ་རྣམས་ལ་སྔགས་བརྗོད་མང་དུ་ཕུལ།

   ཚེས༦ཉིན་ཟིང་ཆུ་རྫོང་གཉན་ཡུལ་མཁར་ཡག་དགོན་གྱི་བླ་གྲྭ་རྣམས་ཀྱིས་གདེན་ཞུས་ལྟར་སྐྱབས་མགོན་ཚང་དགོན་པ་དེ་རུ་ཕེབས་ཤིང་།དགོན་པ་དེ་ནི་ཟིང་ཆུ་རྫོང་ནས་སྤྱི་ལེའུ༡༡༠ཙམ་གྱི་མཚམས་སུ་ཆགས་པའི་བོན་གྱི་དགོན་སྡེ་ཞིག་ཡིན།དགོན་པ་དེ་ནི་སྣང་ཞིག་རིན་ཆེན་རྒྱལ་མཚན་གྱིས་ཕྱག་བཏབ་པ་ཞིག་རེད།ད་ལྟ་གསར་བཞེངས་བྱེད་བཞིན་པའི་ཚོགས་ཆེན་འདུ་ཁང་སོགས་ལ་སྐྱབས་མགོན་ཚང་གིས་གཟིགས་རྟོག་མཛད་པར་མ་ཟད།དགོན་འདིའི་བསྟན་བདག་སྤྲུལ་ཚུལ་ཁྲིམས་དབང་རྒྱལ་ཚང་དང་ཁོང་རྣམ་པ་གཉིས་ཀྱིས་བསྟན་དོན་ཕྱོགས་ཀྱི་བགྲོ་གླེང་སྣ་ཚོགས་པར་བྱས་ཤིང་ང་ཚོ་ལྷན་དུ་མཚན་མོར་དེར་མཁར་ཡག་དགོན་དུ་བསྡད་པ་ཡིན་ཕྱི་ཉིན་ཟིང་ཆུ་རྫོང་བརྒྱུད་དེ་ཁྱུང་མཆུ་རྫོང་དུ་ཐོན་དུས་ང་རྒྱལ་རོང་དུ་ལམ་ལ་བུད་པ་ཡིན།དེའི་རྗེས་ཀྱི་ཟིན་ཐོ་རྣམས་ལ་གལ་ཆེ་བའི་དོན་དག་ཡོད་ན།ཀློག་མཁན་དག་གི་སྤྱན་ལམ་དུ་བསྟར་བ་འོང་།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག