ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཁྱུང་ལུང་དངུལ་མཁར་གྱི་ཉེ་འགྲམ་དུ་བང་སོ་ཁག་རྙེད་པ།
ཁྱུང་ལུང་དངུལ་མཁར་གྱི་ཉེ་འགྲམ་དུ་བང་སོ་ཁག་རྙེད་པ།
[རྩོམ་གྱི་ཡོང་ཁུངས། མཚོ་སྔོན་པོ་དྲ་བ།] [རྩོམ་པ་པོ། བདེ་ཆེན་མཚོ།] [ཟླ་ཚེས། 12-08-25] [ཀློག་གྲངས། ]

      2012ལོའི་ཟླ6པ་ནས་ཟླ8པའི་བར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གནའ་རྫས་རྟོག་དཔྱོད་ཁང་གིས་བོད་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་དང་མཉམ་འབྲེལ་བྱས་ནས་བོད་ལྗོངས་མངའ་རིས་ས་ཁུལ་གྱི་སྒར་རྫོང་མོན་འཚེར་ཡུལ་ཚོ་གུར་གྱམ་བང་སོ་རུ་ས་དཔྱད་དང་ཚོད་སློག་བྱས་པ་རེད།
      རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིར་བང་སོ་ཆེན་པོ་དྲུག་རྙེད་པ་དང་། དེ་དག་མངའ་རིས་སྒར་རྫོང་གི་མོན་འཚེར་ཡུལ་ཚོའི་གླང་ཆེན་ཁ་འབབ་གྱི་བྱང་འགྲམ་སྟེ་བོན་དགོན་སྟོད་ཁྱུང་ལུང་དངུལ་མཁར་གུར་གྱམ་མདོ་སྔགས་གྲགས་རྒྱས་གླིང་གི་མདུན་ངོས་སུ་འདུག་ཅིང་། དུས་ནི་བོད་གནའ་རབས་ཀྱི་དུས་ཏེ་རྒྱ་ནག་གི་ཧཱན་ཅིན་དུས་སུ(སྤྱི་ལོ་སྔོན་གྱི202ལོ་ནས་སྤྱི་ལོ347བར)ཡིན་པ་དང་། དབྱིབས་ནི་བོད་ཀྱི་སྔ་མོའི་རྡོ་ལས་གྲུབ་པའི་གྲུ་བཞི་ནར་གཟུགས་ཅན་གྱི་དུར་སྲོལ་དུ་བཏབ་འདུག
      བང་སོའི་ཁྲོད་ཟངས་རིགས་ཀྱི་ཡོ་ཆས་དང་། ལྕགས་གྲི། དུར་དུ་སྦེད་པའི་སྲོག་ཆགས་ཀྱི་རུས་པ་སོགས་འདུག་ཅིང་། དེ་ལས་ཚོན་རྩི་བྱུགས་འདུག་པའི་གསེར་གྱི་ཞལ་འབག་ཆུང་ཤས་དེ་རྩ་མདའ་དང་བྱང་ཕྱོགས་རྒྱ་གར་ས་ཁུལ་དུ་རྙེད་པའི་གསེར་གྱི་ཞལ་འབག་དང་རིག་གནས་མ་ལག་གཅིག་ཏུ་གཏོགས་པ་རེད།
      ཀྲུང་གོ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གནའ་རྫས་རྟོག་དཔྱོད་ཁང་གི་འབུམ་རམས་པ་ཐུང་ཐའོ་ལགས་ཀྱིས་བཤད་རྒྱུར། ས་ཁར་བྱུང་བའི་དངོས་རྫས་དེ་དག་གི་ཚད་རིམ་ཤིན་ཏུ་མཐོ་ཞིང་ཡུལ་འདི་དང་ཉེ་འགྲམ་གྱི་རྩ་མདའ་དང་། ལྷོའི་ཞིན་ཅང་། རྒྱ་གར་བྱང་ཕྱོགས། ཐ་ན་རྒྱ་ནག་ས་ཁུལ་བཅས་སུ་རིག་གནས་འབྲེལ་འདྲིས་ཆེ་ལ། ཡུལ་དེ་ནི་མདོ་དབུས་མཐོ་སྒང་གི་རིག་གནས་ལྟེ་བའི་གྲས་ཤིག་ཡིན་པ་བདེན་དབང་བྱེད་ཐུབ་ཅིང་། ཕལ་ཆེར་ཞང་ཞུང་རྒྱལ་ཁབ་ཀྱི་ལྟེ་གནས་ཤིག་ཡིན་པས་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡིན་ཅེས་བརྗོད་པ་རེད།
    ཐེངས་འདིའི་གནའ་རྫས་རྟོག་དཔྱོད་རུ་ཁག་གིས་བང་སོའི་ཉེ་འགྲམ་གྱི་རི་མགོའི་མཁར་ཤར་མ་ལ་ས་དཔྱད་དང་ཚོད་སློག་བྱས་ཤིང་། གནས་ཤུལ་འདི་ནི་ཕལ་ཆེར་ཞང་ཞུང་རྒྱལ་ཕྲན་གྱི་ཁྱུང་ལུང་དངུལ་མཁར་གྱི་མཁར་ཤུལ་ཁག་ཅིག་ཡིན་པར་བཞེད། དེར་མ་ཟད་ད་ལྟའི་མཁར་གྱང་འོག་ཏུ་དེ་ལས་སྔ་བའི་མཁར་གྱང་ཞིག་ཡོད་པ་མཐོང་བས་མཁར་ཤུལ་ལ་དུས་རིམ་སྔ་རྗེས་གཉིས་སུ་ཡོད་པར་ཁ་ཚོན་བཅད་པ་རེད།
       གནའ་རྫས་རྟོག་དཔྱོད་པ་རྣམས་ཀྱི་བཞེད་པ་ལྟར་ན། མཁར་བརྩིགས་པའི་རྒྱུ་ཆ་དང་རིམ་པའི་སྟེང་ནས་བལྟས་ན་སྔ་མོའི་མཁར་གྲོང་མ་བརྩིགས་པའི་ཡར་སྔོན་དུ་འཚོ་སྡོད་བྱེད་པའི་དུས་ཡུན་ཤིན་ཏུ་རིང་བོ་ཞིག་འདུག་པས། མཁར་ཤར་མ་ནི་མིག་སྔའི་བར་དུ་བོད་ལྗོངས་སུ་རྙེད་པའི་མཁར་ཤུལ་ཆེས་སྔ་ཤོས་ཡིན་ཅིང་། བདག་ཉར་བྱས་པ་ཆེས་ལེགས་པ་དང་རིག་གནས་ཧ་ཅང་གྱ་ནོམ་པའི་མཁར་ཤུལ་ཞིག་ཀྱང་ཡིན་པ་རེད།
      གནའ་རྫས་རྟོག་དཔྱོད་ཆེད་མཁས་པ་རྣམས་ཀྱིས་ཐེངས་འདིའི་རྟོག་དཔྱོད་ཀྱི་གྲུབ་འབྲས་ནི་ཧ་ཅང་ཆུང་ལ། སང་ལོར་རྟོག་དཔྱོད་རུ་ཁག་གིས་ཡུལ་འདིར་རྒྱ་ཆེ་ཞིང་ཕྱོགས་ཡོངས་ཀྱི་སྲུང་སྐྱོབ་རང་བཞིན་གྱི་སྔོག་འདོན་བྱས་ནས་བང་སོ་འདི་དག་དང་མཐའ་འཁོར་གྱི་ཤེས་རིག་བར་གྱི་འབྲེལ་བ་ལ་རྟོག་དཔྱོད་གསལ་བོ་ཞིག་བྱས་ཏེ་གྲུབ་འབྲས་དེ་ལས་ལྷག་པ་ཞིག་ལེན་རྒྱུའི་རེ་བ་ཡོད་ཚུལ་བསྟན་པ་རེད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག