ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> སྤོབས་སེམས་ཀྱིས་མདུན་དུ་བསྐྱོད། རེ་འབྲས་ཀྱི་འོད་སྣང་འཚེར།
སྤོབས་སེམས་ཀྱིས་མདུན་དུ་བསྐྱོད། རེ་འབྲས་ཀྱི་འོད་སྣང་འཚེར།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དྲུང་ཆེ་གདོང་བཙུན་རྒྱ་ཐར།] [ཟླ་ཚེས། 12-08-27] [ཀློག་གྲངས། ]

མདོ་སྨད་ཟིང་ཆུའི་ཡུལ་གྱི་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་ལོ་དེབ༼མུ་ཁྲི་བཙན་པོ༽སྤེལ་ཏེ་ལོ་འཁོར་ལྔ་ལོན་པའི་རྩོམ་རིག་བྱ་དགའ་སྤེལ་བའི་གནས་ཚུལ་རགས་བཤད།

ཕྱོགས་ནས་ཕེབས་པའི་ཚོགས་བཞུགས་པ།

   བོད་ལ་མཚོན་ན་དུས་དེབ་དང་ལོ་དེབ་ཚགས་ཤོག་སོགས་སྣ་ཚོགས་རྩོམ་རིག་གི་གར་སྟེགས་སྤེལ་འགོ་ཚུགས་ཏེ་དུས་ཡུན་མི་ལོ་མང་པོ་ཕྱིན་མེད་ལ། ལྷག་པར་གཡུང་དྲུང་བོན་དང་འབྲེལ་བའི་སྣ་ཚོགས་རྩོམ་རིག་གི་ཞིང་ས་ལྟ་བུའི་ལོ་དེབ་སྤེལ་འགོ་བརྩམས་པ་ནི་ཆེས་ཤིན་ཏུ་འཕྱིས་པར་སྣང་། ཡིན་ན་ཡང་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་པ་གཉིས་ཀྱིས་བསྟན་སྤེལ་འགྲོ་ཕན་གྱི་ཐུགས་བསྐྱེད་དུས་དང་དུས་སུ་སྨིན་ཏེ་རྒྱ་གར་སྨན་རི་དགོན་པ་གསར་དུ་བཏབ་རྗེས་ཏེ་སྤྱི་ལོ༡༩༨༩ལོར་བོན་སྒོ་ཞེས་པའི་ལོ་དེབ་ཅིག་སྔོན་མེད་གསར་བསྐྲུན་བྱས་ཡོད་པ་དེ་ནི། བོན་ལ་མཚོན་ན་ལོ་དེབ་ཅེས་པའི་ཐོག་མ་རུ་བགྲང་ཆོག་པར་སྙམ་ལ། དེ་བཞིན་དུ་བོད་ཡུལ་སྟོད་སྨད་བར་གསུམ་དུའང་ཆར་རྗེས་ཀྱི་ཤ་མོང་བརྡོལ་བ་བཞིན་སྒེར་གཞུང་མང་པོས་གཉེར་བའི་གཡུང་དྲུང་བོན་དང་འབྲེལ་བའི་ལོ་དེབ་དང་ཚགས་ཤོག་སོགས་ཀྱི་རིགས་འདྲ་མིན་མང་དུ་ཐོན་ཏེ་གང་ལ་གང་འཚམས་དེ་ལ་དེ་བསྟུན་གྱི་ནུས་པ་ཐོན་དང་འདོན་བཞིན་ཡོད་པ་ནི་རྩོམ་སྒྲིག་པ་རྣམ་པའི་བླ་ན་མེད་པའི་གཟི་བརྗིད་ཅིག་དང་། རྩོམ་པ་པོ་དག་གིས་རྒྱུན་ཆད་མེད་པའི་རྒྱབ་སྐྱོར་སོགས་ལས་གྲུབ་པའི་རླབས་ཆེན་གྱི་བྱས་རྗེས་ཤིག་རེད་ཅེས་བཤད་ན་འདོད། འདི་ནས་ཡར་བརྩིས་པ་སྤྱི་ལོ་༢༠༠༧ལོར་མདོ་སྨད་ཤར་གྱི་དུང་རི་དཀར་པོའི་ཉེ་འགྲམ་གནའ་བོའི་བོན་གྱི་དགོན་རྙིང་རིན་སྤུངས་དགོན་པའི་གྲྭ་བ་རིན་སྤུངས་ཚུལ་ཁྲིམས་བསྟན་འཛིན་ལགས་དང་། ཨ་དཔལ་བཟང་རྣམ་གཉིས་ཀྱིས་བོན་རྒྱལ་གཉིས་པའི་མཚན་དང་འབྲེལ་བའི་ལོ་དེབ《མུ་ཁྲི་བཙན་པོ》ཞེས་པ་ཞིག་སྔོན་མེད་གསར་བསྐྲུན་ཞུས་པ་ནི། ཤར་ཟིང་ཆུའི་ཡུལ་དུ་བོན་ལུགས་གྲུབ་མཐའ་བརྗོད་བྱར་གཙོ་བོར་བཟུང་བའི་ལོ་དེབ་ཅིག་གསར་དུ་ཐོན་པ་རེད་ལ། གྲྭ་བ་གྲྭ་རྐྱང་གཉིས་ཀྱི་མི་ཚེའི་རིན་ཐང་མི་ཡུལ་དུ་ངོམ་པའི་གོམས་སྟབས་ཐོག་མ་སྤོས་པའང་རེད་ཅེས་བཤད་ན་ཆོག སྤྱིར་དུས་དེབ་བམ་ལོ་དེབ་ཅིག་སྒྲུབ་པ་ནི་ཕར་བལྟས་ཚོད་ལ་སླ་ཆོས་ལྟ་བུར་སྣང་མོད། དོན་དུ་དེ་ལྟ་བུ་ཞིག་ག་ལ་ཡིན་ཏེ་གཏན་ནས་མིན། ལྷག་པར་དུ་ལོ་དེབ་ཚད་ལྡན་ཞིག་སྒྲུབ་ན་ནི། པར་བསྐྲུན་གྱི་དུས་སུ་དཔལ་འབྱོར་གྱི་ཆ་རྐྱེན་འཛོམས་པ། སྒྲིག་སྦྱོར་གྱི་སྐབས་སུ་དཀའ་ངལ་གྱི་སུན་སྣང་མི་སྐྱེ་བ། ལོ་ནས་ལོ་ལྟར་མུ་ནས་མུ་རུ་མཐུད་དེ་དུས་དེབ་བམ་ལོ་དེབ་གང་ཞིག་གི་ཚེ་སྲོག་གི་ཆུ་རྒྱུན་ཆད་དུ་མི་འཇུག་པའི་ཐབས་ཤེས་ནུས་འདོན་སམ། སྤོབས་སེམས་དང་ལྷག་བསམ་ཡོད་པ། བྱ་ལས་འདིའི་ཆེད་དུ་ཀྱག་ཀྱོག་གི་ལམ་འཕྲང་ཅི་ཙམ་བརྒྱུད་དགོས་ཀྱང་ངལ་བ་དང་ལེན་གྱི་གདོང་བསུ་བྱེད་ཐུབ་པ། ཕྱི་ཤོག་འཆར་འགོད་ལ་རང་ཚུགས་ཐུབ་པའམ་ཐུན་མོང་མ་ཡིན་པའི་ལྟ་བ་ཡོད་པ། ནང་གི་ལེ་ཚན་ལ་འཐུས་སྒོ་ཚང་བའམ་དམིགས་པ་གནད་བཀར་གྱི་རིམ་པ་ལྡན་པ། རྩོམ་ཡིག་བསྡུ་འགོད་ལ་སྤང་བླང་བལྟ་བའི་མེ་ལོང་གསལ་བ། པར་བསྐྲུན་འགྲེམ་སྤེལ་སྐབས་འདྲ་མིན་ས་གནས་ལ་འབྲེལ་བ་ཐོན་པ་སོགས་ཀྱི་ཆ་རྐྱེན་ལྡན་དགོས་པས་མ་ཚད། དུས་དེབ་དང་ལོ་དེབ་གང་ཞིག་སྤེལ་བའི་དམིགས་ཡུལ་དང་མི་འགལ་བའི་རྩོམ་ཡིག་རིང་ཐུང་གང་ཞིག་ཡིན་རུང་བརྗོད་བྱ་དོན་གྱི་སྙིང་པོས་ཕྱུག་པ། རྗོད་བྱེད་ཚིག་གི་ལྷུ་རྐང་འགྲིག་བསྡད་ཡོད་པའི་རིགས་རྣམས་གདམ་གསེས་བྱེད་ཐུབ་དགོས་པ་སོགས་ནི་མ་མཐའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཏུ་ཆགས་ནས་ཡོད་པ་ལྟ་བུ་རེད།
   དེས་ན་འདི་ནས་གླེང་བར་བྱ་བའི་གཡུང་དྲུང་བོན་དང་འབྲེལ་བའི་སྒེར་གཉེར་ལོ་དེབ་མུ་ཁྲི་བཙན་པོ་ནི་གོང་དུ་ཟུར་ཙམ་ཞུས་ཟིན་ལྟར། ལྷག་བསམ་མོད་པོ་ཞིག་དང་རྣམ་དཔྱོད་དྭངས་མོ་ཞིག་ལས་ཅི་ཡང་མེད་པའི་གྲྭ་རྐྱང་གཉིས་ཀྱིས་ཞང་བོད་ཤེས་རིག་རྒྱུད་འཛིན་གྱི་སླད་དང་རྒྱལ་གཤེན་བསྟན་པ་ཁྱབ་སྤེལ་གྱི་ཆེད་དུ་དང་པོ་མེད་པ་ནས་ཡོད་པ། ཡོད་པ་ནས་གོང་སྤེལ་བཏང་སྟེ་ལོ་འཁོར་ལྔ་ལོན་པའི་དུས་མཚུངས་སུ། སྐབས་དང་པོའི་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོའི་རྩོམ་རིག་བྱ་དགའི་ཚོགས་འདུ་ཞེས་པ་ཞིག་དང་། ཞར་ལ་ཞང་ཞུང་སྨར་ཡིག་གི་ཡིག་གཟུགས་རྩིས་འཁོར་དུ་འཇུག་པའི་མཉེན་ཆས་གསར་བསྐྲུན་བྱས་པ་དང་། གསར་དུ་བཟོས་པའི་ཞང་ཞུང་སྨར་ཡིག་ཐོག་ནས་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་དྲི་མ་མེད་པ་ཀླུ་འབུམ་དཀར་ནག་ཁྲ་གསུམ་དང་། མདོ་འདུས་པ་རིན་པོ་ཆེ། བསྒྲགས་པ་གླིང་གྲགས་སོགས་ཀྱི་གཞུང་ལུགས་གླེགས་བམ་པར་བསྐྲུན་བཞེངས་ཏེ་ལེགས་གྲུབ་བྱུང་བའི་བྱ་འགུལ་མཛད་སྒོ་ཞིག


ཚོགས་རའི་ཟུར་ཅིག

ཚོགས་བཞུགས་པ།

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཞིབ་འཇུག་པ་ཤར་བ་ཐོགས་མེད་སོགས་དགོན་ཁག་ལྔའི་བླ་སྤྲུལ་ཁག

ཟིང་ཆུ་རྫོང་ཆོས་དོན་ཅུས་ཀྱི་ཅུས་ཀྲང་ཚོགས་འདུར་བཞུགས་པ།

སྤྱི་ལོ༢༠༡༢ལོའི་ཟླ༨ཚེས༢༥ཉིན་ལོ་དེབ་འདིའི་རྩོམ་སྒྲིག་པ་རྣམ་གཉིས་ཀྱི་ཕ་ས། ཨ་མདོ་ཤར་ཁོག་གཙོ་ཚང་དགོན་(川主寺)གྱི་གཙོ་ཚང་རྒྱལ་སྤྱི་མགྲོན་ཁང་ཆེན་མོ་རུ་ས་གནས་སྲིད་གཞུང་གིས་ཆོག་མཆན་ཡོད་པའི་སྒོ་ནས་དངོས་སུ་འཚོགས་པ་རེད། ཚོགས་ཐོག་ཏུ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལྷུན་ལ་རྫོགས་ཤིང་། བསྟན་འགྲོའི་དོན་ཆེན་གྱི་མཛད་བཟང་བདག་གིར་བཞེས་པའི་སྨྲ་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་ལགས་ཆེད་ཕེབས་ཀྱིས་དབུ་བཞུགས་གནང་འོག བྱ་དུར་དགའ་མལ་དགོན་ཆེན་གྱི་མཁན་ཆེན་བླ་མ་ཚེ་རིང་ལགས་དང་། དཔོན་སློབ་ཤེས་རབ་མཐར་ཕྱིན་རྣམ་གཉིས་སོགས་ཐེངས་འདིའི་རྩོམ་རིག་བྱ་དགའི་མཛད་སྒོ་ལ་མདོ་དབུས་ཁམས་གསུམ་ནས་ཆེད་དུ་ཕེབས་པའི་རྩོམ་པ་པོའི་སྡེ་དང་། རྩོམ་སྒྲིག་པའི་དཔུང་ཁག དེ་མིན་དགོན་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་ཤེས་ལྡན་པ་སོགས་མི་གྲངས་བཅུ་ཕྲག་བདུན་ལྷག་ཙམ་སྟེ། དགོན་སྡེ་ཉེར་ལྔ་ལྷག་ནས་ཕེབས་པའི་འདྲ་མིན་ལོ་དེབ་མང་པོའི་རྩོམ་སྒྲིག་པ་རྣམས་གནས་གཅིག་གྲལ་གཅིག་ཏུ་བཞུགས་ཏེ་མུ་ཁྲི་བཙན་པོའི་རྩོམ་རིག་བྱ་དགའི་མཛད་སྒོ་ལ་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་ཞུས་ཏེ་ཚོགས་ཞུགས་གནང་།



གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ༼མུ་ཁྲི་བཙན་པོ༽རྩོམ་སྒྲིག་པ་དང་ཐེངས་འདིའི་ཚོགས་འདུའི་འགན་འཛིན་པ་རིན་སྤུངས་ཚུལ་བསྟན་དང་ཨ་དཔལ་བཟང་གཉིས་ནས་ཚོགས་འདུའི་དམིགས་ཡུལ་སོགས་ངོ་སྤྲོད་གནང་བཞིན་པ།

དུང་རི་བླ་མ་མདོ་སྔགས་བཤད་སྒྲུབ་རྒྱལ་མཚན་ནས་མགོ་འཛིན་གནང་བཞིན་པ།

   ཉིན་འདིའི་སྔ་དྲོའི་ཆུ་ཚོད་༩དང་སྐར་མ༣༠ཐོག་སྐབས་འདིའི་བགྲོ་གླེང་ཚོགས་འདུ་འགོ་དངོས་སུ་རྩོམ་སྟེ་མུ་ཁྲི་བཙན་པོའི་སྤྱི་ཁྱབ་རྩོམ་སྒྲིག་པ་རྣམ་པ་གཉིས་ཀྱི་མུ་ཁྲི་བཙན་པོའི་འདས་མ་ད་གསུམ་གྱི་ལོ་རྒྱུས་གནད་སྨིན་རེ་དང་། ཐེངས་འདིའི་ཚོགས་འདུ་བསྡུ་བའི་གོ་རིམ་བྱ་དགའ་སྤྲད་སའི་རྩོམ་ཡིག་དཔྱད་འདེམ་(དཔྱད་འདེམས་པ། སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ། རྟོགས་ལྡན་ཁྲི་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་རིན་པོ་ཆེ། སྣང་ཞིག་དགོན་ཆེན་གྱི་སློབ་ཟུར་དགེ་བཤེས་ནམ་མཁའ་ཚུལ་ཁྲིམས་རིན་པོ་ཆེ། རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་མཁར་རྨེའུ་བསམ་གཏན་མཆོག ཀྲུང་དབྱང་བོད་རིགས་པའི་ཞིབ་འཇུག་སློབ་གླིང་གི་གླིང་གཙོ་མཁས་དབང་སྟོང་སྐོར་ཚེ་རིང་ཐར་མཆོག་བཅས་བོན་གྱི་མཁས་ཆེན་ལྔས་དཔྱད་འདེམས་གནང་བ་རེད།)བྱེད་སྟངས་ལ་སོགས་བརྗོད་དོན་ཟབ་ལ་རྗོད་བྱེད་སྙན་པའི་སྐད་ཆ་ཚིག་གསུམ་བསྡུ་མའི་ཚུལ་དུ་ཚོགས་ཞུགས་མི་སྣར་སྙན་སྒྲོན་ཞུས་པ་རེད།


སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་ནས་གསུང་བཤད་གནང་བཞིན་པ།

   དེ་ནས་ཐེངས་འདིའི་ཚོགས་མགོན་ཆེན་མོ་མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་ཚང་གིས་མུ་ཁྲི་བཙན་པོའི་ལོ་དེབ་ལ་བཅངས་པའི་ཐུགས་བསྐྱེད་སྨོན་ལམ་གྱི་གསུང་བཤད་རིན་ཐང་ལྡན་པ་མང་དུ་གནང་ཞིང་། དེ་བཞིན་དུ་དགའ་མལ་དགོན་ཆེན་གྱི་མཁན་དཔོན་སློབ་རྣམ་གཉིས་དང་། སྣང་ཞིག་སྤྲུལ་སྐུ་ཤེས་རབ་འོད་ཟེར་རྒྱལ་མཚན་ཚང་སོགས་ཀྱིས་རིམ་བཞིན་ལོ་དེབ་མུ་ཁྲི་བཙན་པོ་དང་ཞང་ཞུང་སྨར་ཆུང་ཡིག་གཟུགས་རྩིས་འཁོར་དུ་འཇུག་པའི་མཉེན་ཆས་གསར་བཟོ་མཛད་པ་སོགས་ཀྱི་བྱ་བའི་གོ་རིམ་ལ་གདེང་འཇོག་ཡང་ཡང་བྱས།


མཁན་ཆེན་ཤེས་རབ་གཡུང་དྲུང་དབང་རྒྱལ་ནས་གསུང་བཤད་གནང་བཞིན་པ།

དཔོན་སློབ་ཤེས་རབ་མཐར་ཕྱིན་ནས་གསུང་བཤད་གནང་བཞིན་པ།

མཆོག་སྤྲུལ་ཤེས་རབ་འོད་ཟེར་རྒྱལ་མཚན་ནས་གསུང་བཤད་གནང་བཞིན་པ།

ཉག་སྤྲུལ་བསོད་ནམས་རྒྱ་མཚོ་མཆོག་ནས་གསུང་བཤད་གནང་བཞིན་པ།

སྨན་རིའི་དགེ་བཤེས་གཡུང་དྲུང་བསྟན་རྒྱལ་ལགས་ནས་ཐེངས་འདིའི་བྱ་དགའ་ཐོབ་མཁན་གྱི་འཐུས་ཚབ་ཏུ་གསུང་བཤད་གནང་བཞིན་པ།

   ཉིན་འདིའི་སྔ་དྲོའི་ཆུ་ཚོད༡༡ནས་༡༢བར་མུ་ཁྲི་བཙན་པོ་སྤྱིའི་ལོ་དེབ་འདོན་ཐེངས་དང་པོ་ནས་ལྔ་བའི་བར་དུ་སྤེལ་བའི་དཔྱད་བརྗོད་རྩོམ་རིག་བྱ་དགའ་གནང་བའི་བྱ་འགུལ་ཨང་རིམ་གྱིས་བཀར་ཏེ། ཨང་དང་པོ་གཅིག་དང་། གཉིས་པ་གཉིས། གསུམ་པ་གསུམ། ཕུལ་བྱུང་བྱ་དགའ་གཅིག ཕུལ་བྱུང་རྐང་འཛིན་རྩོམ་པ་པོ་གཅིག་བཅས་ཁྱོན་མི་སྣ་བརྒྱད་ལ་བྱ་དགའི་ལེགས་སྐྱེས་གནང་།



སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་གཙོས་པའི་བླ་སྤྲུལ་ཁག་ནས་བྱ་དགའ་ཐོབ་མཁན་རྣམས་ལ་བྱ་དགའ་ལེགས་སྐྱེས་གནང་བཞིན་པ།

བྱ་དགའི་ལེགས་སྐྱེས་ལ། ཨང་དང་བོའི་བྱ་དགའ་ལ། གསེར་རྟགས་༡། དཔང་ཡིག་༡། བྱ་དགའི་དངུལ་༢༠༠༠། ཧོར་བ་དྲུངས་རམ་པའི་གསུང་འབུམ་ཚར༡། དཔོན་སློབ་བསྐལ་བཟང་དར་རྒྱས་ཀྱི་གསུང་འབུམ་ཚར་༡། མདོ་འདུས་དང་གླིང་གྲགས་པོད་༡། ཀླུ་འབུམ་༡། དར་དཀར་བཅས་དང་།
ཨང་གཉིས་པའི་བྱ་དགའ། བྱ་དགའ་རེ་ལ། དངུལ་རྟགས་༡། དཔང་ཡིག་༡། བྱ་དགའི་དངུལ་༡༥༠༠། ཧོར་བ་དྲུངས་རམ་གསུང་འབུམ་ཚར༡། མདོ་འདུས་དང་གླིང་གྲགས་པོད་༡། ཀླུ་འབུམ་༡། དར་དཀར་བཅས་དང་།
ཨང་གསུམ་པའི་བྱ་དགའ། བྱ་དགའ་རེ་ལ། ཟངས་རྟགས་༡། དཔང་ཡིག་༡། བྱ་དགའི་དངུལ་༡༠༠༠། དཔོན་སློབ་བསྐལ་བཟང་དར་རྒྱས་ཀྱི་གསུང་འབུམ་ཚར་༡། མདོ་འདུས་དང་གླིང་གྲགས་པོད་༡། ཀླུ་འབུམ་༡། དར་དཀར་བཅས་དང་།
ཕུལ་བྱུང་བྱ་དགའ་ལ། རྟགས་མ་༡། དཔང་ཡིག་༡། བྱ་དགའི་དངུལ་༡༠༠༠། དཔོན་སློབ་བསྐལ་བཟང་དར་རྒྱས་ཀྱི་གསུང་འབུམ་ཚར་༡། མདོ་འདུས་དང་གླིང་གྲགས་པོད་༡། ཀླུ་འབུམ་༡། དར་དཀར་བཅས་དང་།
ཕུལ་བྱུང་རྐང་འཛིན་རྩོམ་པ་པོ་ལ། རྟགས་མ་༡། དཔང་ཡིག་༡། བྱ་དགའི་དངུལ་༡༠༠༠། དཔོན་སློབ་བསྐལ་བཟང་དར་རྒྱས་ཀྱི་གསུང་འབུམ་ཚར་༡། མདོ་འདུས་དང་གླིང་གྲགས་པོད་༡། ཀླུ་འབུམ་༡། དར་དཀར་བཅས་ཕུལ་བ་སྟེ།
   དེ་ཡང་མུ་ཁྲི་བཙན་པོ་སྤྱིའི་དེབ་གྲངས་བཞི་བར་བཀོད་པ་བོད་ཀྱི་ན་གཞོན་ངག་རིག་སྨྲ་བ་པོ་ཆོས་འཁོར་ཚང་ཉི་མ་འོད་ཟེར་ལགས་ཀྱིས་བྲིས་པའི་རྩོམ་ཡིག་《དམུ་རིགས་གཤེན་གྱི་དམུ་ལས་འཕྲོས་ཏེ་དམུ་ཡི་རིགས་རུས་རྣམས་ཀྱི་སྐོར་ལ་སྔོན་འགྲོའི་རགས་དཔྱད》ཅེས་པར་ཨང་དང་པོའི་བྱ་དགའ་ཐོབ། 
   དེང་རབས་བོད་ཀྱི་ན་གཞོན་དཔྱད་གླེང་རྩོམ་པ་པོ་བན་ཤུལ་དཔལ་མཁར་རྒྱལ་ལགས་ཀྱིས་བྲིས་པའི་མུ་ཁྲི་བཙན་པོ་སྤྱིའི་དེབ་གྲངས་གསུམ་པའི་སྟེང་གི《གནའ་བོའི་ཞང་ཞུང་ཞེས་པའི་ཐ་སྙད་ཀྱི་འཇུག་ཡུལ་ལ་དཔྱད་པ།》ཞེས་པར་ཨང་གཉིས་པའི་བྱ་དགའ་ཐོབ། དེ་བཞིན་དུ་ཁོ་བོའི་རྩོམ་གྲོགས་ཁྲི་གཡུང་དྲུང་ལགས་ཀྱིས་བྲིས་པའི་མུ་ཁྲི་བཙན་པོ་སྤྱིའི་དེབ་གྲངས་གསུམ་པའི་སྟེང་གི《གཡུང་དྲུང་བོན་དང་འབྲེལ་བའི་བོད་ཀྱི་སྙན་ངག་གི་རིགས་པ་དང་དེའི་གཞུང་ལུགས་ཀྱི་བྱུང་ཁུངས།》ཞེས་པར་ཨང་གཉིས་པའི་བྱ་དགའ་ཐོབ། ཡང་མུ་ཁྲི་བཙན་པོ་སྤྱིའི་དེབ་གྲངས་བཞི་བར་བཀོད་པ་གཙོས་མི་རིགས་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ངག་དབང་རྒྱ་མཚོ་ལགས་ཀྱིས་བྲིས་པའི《བོན་པོ་ལེ་གུ་དང་〔ལེའུ〕ཞེས་པའི་མིང་གི་བྱུང་ཁུངས་དང་དེའི་གོ་དོན་མཐའ་དཔྱད།》ཅེས་པ་དང་། མུ་ཁྲི་བཙན་པོ་སྤྱིའི་དེབ་གྲངས་གཉིས་པར་བཀོད་པ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དོན་གྲུབ་ལྷ་རྒྱལ་ལགས་ཀྱིས་བྲིས་པའི་《བསྒྲགས་པ་གླིང་གྲགས་ཀྱི་མ་དཔེ་ཁག་བཞིར་དཔྱད་བསྡུར་ཞིབ་འཇུག་བྱས་པ།》ཞེས་པ་དང་། མུ་ཁྲི་བཙན་པོ་སྤྱིའི་དེབ་གྲངས་གསུམ་པའི་སྟེང་དུ་བཀོད་པ་རྒྱ་བོད་སྐད་གཉིས་སྨྲ་བ་པོ་མཁར་ནག་སྐལ་བཟང་རྒྱ་མཚོ་ཚང་གིས་བྲིས་པའི《བརྒལ་ལན་སྣང་བྱེད་ཉི་མའི་དཀྱིལ་འཁོར》ཞེས་པ་སོགས་ཀྱི་རྩོམ་ཡིག་མི་འདྲ་བ་ཁག་གསུམ་ལ་ཨང་གསུམ་པའི་བྱ་དགའ་རེ་རེ་ཐོབ། མུ་ཁྲི་བཙན་པོ་སྤྱིའི་དེབ་གྲངས་གཉིས་པར་བཀོད་པ་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ལགས་ཀྱིས་བྲིས་པ《གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་སྐོར།》ཞེས་པར་ཕུལ་བྱུང་བྱ་དགའ་ཐོབ་པ་དང་། སྨན་རིའི་དགེ་བཤེས་གཡུང་དྲུང་བསྟན་རྒྱལ་ལགས་ལ་མུ་ཁྲི་བཙན་པོའི་རྐང་འཛིན་རྩོམ་པ་པོའི་བྱ་དགའ་ཐོབ་པ་སོགས་བྱ་དགའི་རྣམ་གྲངས་བརྒྱད་དུ་བཀར་ཏེ་ཉིན་དེའི་སྔ་དྲོའི་ཆུ་ཚོད་༡༡ནས་༡༢གྱི་བར་དུ་བྱ་དགའི་ལེགས་སྐྱེས་གནང་བའི་བྱ་འགུལ་དངོས་སུ་སྤེལ་བ་རེད། ཡིན་ན་ཡང་ཡིད་ཕངས་པ་ཞིག་ལ་བྱ་དགའ་ཐོབ་མཁན་གྱི་མི་སྣ་ལས་རྐང་འཛིན་རྩོམ་པ་པོའི་མཚན་སྙན་ཐོབ་མཁན་གཅིག་པུ་མ་གཏོགས། ལ་ལ་ཡུལ་དང་དུས་ཀྱིས་བསྐལ་པའི་དབང་དང་། ཁ་ཤས་བྱ་བའི་བྲེལ་འཚུབ་ཀྱི་དབང་སོགས་ཀྱིས་གནས་ཚུལ་འོག་ཐེངས་འདིའི་ཚོགས་འདུར་དངོས་སུ་ཞུགས་མ་ཐུབ་པ་ནི་རྩོམ་སྒྲིག་པ་རྣམ་གཉིས་ཇི་བཞིན་ཚོགས་མི་ཡོངས་རྫོགས་ཞེ་ཕམ་ཞིང་ཡིད་སྐྱོ་བའི་གནས་སུ་གྱུར་པ་མ་ཟད། ཐེངས་རྗེས་མར་འདི་དང་འདི་ལྟ་བུའི་རིན་ཐང་ལྡན་ལ་དོན་སྙིང་ཡོད་པའི་བྱ་འགུལ་ས་གནས་གང་ཞིག་ནས་སྤེལ་ན། མི་སྣ་སུ་ཞིག་བསྡུས་ན་རྗེས་སུ་ཡིད་རང་ཞིག་གི་ཚུལ་དང་། རོགས་རེམ་རྒྱབ་སྐྱོར་ཞིག་གི་ངོས་ནས་ཕེབས་འབྱོར་ཡོད་རྒྱུ་དང་། ཚོགས་ཞུགས་གནང་རོགས་མཛད་དགོས་རྒྱུ་ནི་གལ་བོ་ཆེ་ལ་ནན་བཤད་ཀྱི་གཏམ་དུ་མི་བརྒྱ་ངག་གཅིག་དང་། གླུ་བརྒྱ་གདངས་གཅིག་གི་ཉམས་ཀྱིས་ཡང་ཡང་བཤད་དེ་ཉིན་གུང་ཆུ་ཚོད༡༢ནས་ཕྱི་དྲོའི་ཆུ་ཚོད་༢གྱི་བར་གཙོ་ཚང་དགོན་གྱི(川主寺)བོད་པའི་ཁྱད་ཆོས་ལྡན་པའི་ཁམས་བདེའི་སྤྱི་གླིང་ཞིག་ཏུ་ཉིན་གུང་གི་གསོལ་ཟས་བཞེས་ཏེ་ངལ་གསོ་མཛད།


སྣང་ཞིག་དགོན་ཆེན་གྱི་མཁན་ཟུར་དགེ་བཤེས་ཤེས་རབ་གྲགས་པ་ནས་གསུང་བཤད་གནང་བཞིན་པ།

༼གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས༽ཀྱི་དྲུང་ཆེ་གདོང་བཙུན་རྒྱ་ཐར་ནས་གཏམ་བཤད་སྤེལ་བཞིན་པ།

༼གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས༽ཀྱི་དྲུང་གཞོན་པ་རྟོགས་ལྡན་སྐལ་ཁོ་ནས་གཏམ་བཤད་སྤེལ་བཞིན་པ།

རིན་སྤུངས་དགོན་གྱི་སྒྲུབ་གྲྭའི་དཔོན་སློབ་ལྷུན་གྲུབ་བསྟན་འཛིན་ནས་གསུང་བཤད་གནང་བཞིན་པ།

དགའ་མལ་དགོན་ཆེན་གྱི་ཀྲུའུ་རེན་གནམ་གནམ་ནས་གཏམ་བཤད་སྤེལ་བཞིན་པ།

སྣང་ཞིག་དགོན་ཆེན་གྱི་དགེ་རྒན་རྫ་ཚེ་དབང་བསྟན་འཛིན་ནས་གཏམ་བཤད་སྤེལ་བཞིན་པ།

དཀར་མཛེས་ཁུལ་བྲག་འགོ་རྫོང་གཞི་རིང་དགོན་བྱམས་བརྩེའི་སློབ་གྲྭའི་དགེ་རྒན་རྟོགས་ལྡན་ཀུན་གྲོལ་རྒྱ་མཚོ་ནས་གཏམ་བཤད་སྤེལ་བཞིན་པ།

   ཕྱི་དྲོའི་ཆུ་ཚོད་༢གྱི་སྟེང་སླར་ཡང་ཚོགས་འགོ་བཟུང་སྟེ་ཚོགས་ཞུགས་མི་སྣ་བླ་མ་དང་སྤྲུལ་སྐུ། དགེ་བཤེས་དང་། དགེ་རྒན། རྩོམ་པ་པོ་དང་། རྩོམ་སྒྲིག་པ་རྣམས་ཀྱིས་ལོ་དེབ་མུ་ཁྲི་བཙན་པོར་བརྗོད་པའི་དགེ་འདོན་སྐྱོན་སེལ་མང་དུ་མཛད་ཅིང་། དེ་བཞིན་དུ་ཞང་ཞུང་སྨར་ཆུང་ཡིག་གཟུགས་མཉེན་ཆས་གསར་བསྐྲུན་ལ་དགེ་མཚན་ཆེ་ཚུལ་གྱི་ཕྱོགས་ལའང་རང་རང་སོ་སོའི་ལྟ་ཚུལ་ཤར་འདོན་བྱས་པ་དང་། ལྷག་པར་དུ་ཐེངས་འདིའི་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་མི་སྣ་བརྒྱད་ལ་རྗེས་སུ་ཡི་རང་གི་སྒོ་ནས་བསྔགས་བརྗོད་ཀྱི་དར་དཀར་ཡང་ཡང་འཐེན་བཞིན། སླད་མར་ཡང་དེ་ལས་ལྷག་པའི་རྩོམ་ཡིག་རིན་ཐང་ཅན་དུ་མང་དུ་སྤེལ་བའི་འབོད་བསྐུལ་བསྟུན་མར་གནང་བ་དང་། ཡང་མཁས་དབང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ་མཆོག་གིས་རྩོམ་སྒྲིག་པ་རྣམ་གཉིས་ཀྱིས་ཆུང་ནས་བཟུང་སྔ་ཕྱི་བར་གསུམ་དུ་ཡ་རབས་སྤྱོད་བཟང་གི་བྱ་བ་ལས་ཀྱི་འཁོར་ལོས་དུས་འདའ་ཚུལ་དང་། མུ་ཁྲི་བཙན་པོའི་ལོ་དེབ་ཀྱི་ཚེ་སྲོག་གི་བརྒྱུད་རིམ་ཁྲོད་རིན་ཐང་གི་གཟི་འོད་འཚེར་ཚུལ་སོགས་མདོར་ན་འདི་ལྟ་བུའི་ལོ་དེབ་ཅིག་སྒྲུབ་པ་ནི་དོན་སྙིང་ཡོད་པ་ཞིག་ཡིན་ཏེ། རང་རེའི་བསྟན་པའི་རྒྱལ་མཚན་རྣམ་གསུམ་དུ་གྲགས་པའི་གྲས་ནས་རྩོམ་པས་བསྟན་པའི་སྒྲོན་མེ་ཡོངས་ལ་འདེགས་པར་བྱེད་པའི་ཁོངས་སུ་གཏོགས་པ་སོགས་ཀྱི་བཀའ་སློབ་གནད་དུ་ཐིངས་པ་ཡང་ཡང་གནང་། དེ་བཞིན་དུ་ཚོགས་ཞུགས་མི་སྣ་རྣམས་ཀྱིས་ཀྱང་མུ་ཁྲི་བཙན་པོའི་རྩོམ་སྒྲིག་པ་རྣམ་གཉིས་ཀྱིས་སྤེལ་བའི་བྱ་ལས་འདིར་རིན་ཐང་ཧ་ཅང་ཆེ་ཚུལ་དང་། རང་རེ་བོན་གྱི་ལོ་དེབ་མང་པོའི་ཁྲོད་ནས་མུ་ཁྲི་བཙན་པོ་ནི་ཅུང་བཟང་ཤོས་ཀྱི་གྲས་ཤིག་ཡིན་པ། འདི་ལྟར་རྩོམ་རིག་གི་བྱ་འགུལ་སྤེལ་བ་ནི་བོན་གྱི་ལོ་དེབ་ཁག་ལས་ཆེས་ཐོག་མ་ཡིན་པས། གཞན་དང་གཞན་ལ་སྐུལ་ལྕག་གི་ནུས་པ་ཐོན་ཐུབ་པ་སོགས་ཀྱི་དགེ་མཚན་རང་བཞིན་ཅན་གྱི་གཏམ་བཤད་མང་དུ་མཛད།


བོད་ལྗོངས་ཆབ་མདོ་སྟེང་ཆེན་དགོན་གྱི་དགེ་བཤེས་གཙུག་གཤེན་དོན་འགྲུབ་ནས་གཏམ་བཤད་སྤེལ་བཞིན་པ།

ཁོད་སྤུངས་གཟི་རྩ་སྡེ་དགུའི་དར་རྒྱས་དགོན་གྱི་སྤྲུལ་སྐུ་དབང་རྒྱལ་ཚེ་རིང་ནས་གཏམ་བཤད་སྤེལ་བཞིན་པ།

འབར་ཁམས་བྷོ་ལ་དགོན་གྱི་དགེ་རྒན་རབ་འབྱམས་པ་རྒྱལ་མཚན་དྲི་མེད་ནས་གཏམ་བཤད་སྤེལ་བཞིན་པ།

ལོ་དེབ༼གཉའ་ཁྲི་བཙད་པོ༽རྩོམ་སྒྲིག་པ་ཀ་ཤུལ་བསོད་རིན་ནས་གཏམ་བཤད་སྤེལ་བཞིན་པ།

དགའ་མལ་དགོན་ཆེན་གྱི་བཤད་སྒྲུབ་སློབ་གླིང་གི་དགེ་སྐོས་ཚེ་དབང་ཕུན་ཚོགས་ནས་གཏམ་བཤད་སྤེལ་བཞིན་པ།

གནའ་བོའི་ཞང་བོད་ཁྱད་ནོར་དཔེ་ཚོགས་ཀྱི་གཙོ་སྒྲིག་པ་དགེ་བཤེས་ལྷ་བུ་བློ་བཟང་ནས་གཏམ་བཤད་སྤེལ་བཞིན་པ།

དཔལ་སྐྱང་ཚང་དགོན་གྱི་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་དགེ་བཤེས་བསོད་ནམས་ཚེ་རིང་ནས་གཏམ་བཤད་སྤེལ་བཞིན་པ།

དཀར་མཛེས་ཉག་རོང་ཡེ་ཤེས་དགོན་གྱི་ལོ་དེབ༼མེས་པོའི་ཞལ་ལུང་༽རྩོམ་སྒྲིག་པ་ཉག་ཉི་གྲགས་ནས་གཏམ་བཤད་སྤེལ་བཞིན་པ།

སྣང་ཞིག་དངུལ་སྐུ་དགོན་གྱི་དགེ་བཤེས་ཤར་བ་བདེ་ལེགས་ཀུན་འབྱུང་ནས་གཏམ་བཤད་སྤེལ་བཞིན་པ།

ལོ་དེབ༼རྔ་བ༽རྩོམ་སྒྲིག་པ་དཔའ་ཀི་བསམ་གཏན་ནས་གཏམ་བཤད་སྤེལ་བཞིན་པ།

ལོ་དེབ༼གནས་ལྔའི་ཞིང་ས༽རྩོམ་སྒྲིག་པ་རྫ་ཚེ་དབང་རྒྱ་མཚོ་ནས་གཏམ་བཤད་སྤེལ་བཞིན་པ།

   ཉིན་དེའི་ཕྱི་དྲོའི་ཆུ་ཚོད་༦པའི་སྟེང་སྐབས་དང་པོའི་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོའི་རྩོམ་རིག་བྱ་དགའ་སྤེལ་བའི་ཚོགས་འདུ་མགོ་བཀྲ་ཤིས་ཤིང་མཇུག་བདེ་ལེགས་ངང་གྲུབ་མཐར་ཚོགས་ཞུགས་ཡོངས་ཀྱིས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ས་ཆེན་པོའི་རྒྱན་དུ་དར་ཞིང་རྒྱས་ཏེ་མི་ནུབ་སྲིད་མཐར་དར་བའི་དགའ་སྟོན་རྟེན་འབྲེལ་སྨོན་པས་མཚམས་སྦྱར་ཏེ་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་དབྱངས་ཀྱིས་གྱེར་བཞིན་མཇུག་ལེགས་པར་བསྡུས་པ་དང་། གཞན་དེའི་དགོང་དྲོ་ལ་ཟིང་ཆུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་མི་རིགས་ཆོས་དོན་ཅུས་ཀྱི་ཅུས་ཀྲང་རྣམ་གཉིས་དངོས་སུ་ཕེབས་ནས་ཚོགས་བཞུགས་པ་རྣམས་ལ་དགོང་དྲོའི་གསོལ་ཟས་དྲངས་པ་སྟེ། གནས་ཚུལ་འདི་ལྟ་བུ་ནི་རྒྱལ་ནང་དུ་མཚོན་ན་བོན་དང་འབྲེལ་བའི་སྒེར་གཉེར་ཚོགས་འདུ་ལ་རྒྱལ་ཁབ་གཞུང་ནས་ཆོག་མཆན་ཐོབ་པ་དང་གཞུང་ནས་རྒྱབ་སྐྱོར་འདི་འདྲ་ཞིག་ཐོབ་པ་དེ་ཆེས་གནས་ཚུལ་གལ་ཆེན་ལེགས་པ་ཞིག་རེད།



གནས་ཆེན་ཤར་གཉན་དུང་རི་གསེར་མཚོ་ནས་དྲན་རྟེན་གྱི་འདྲ་པར་བླངས་པ།

ཤར་གཉན་དུང་རིའི་གནས་ཁང་།

གོང་མའི་ལ་ཆེན་ནས་དྲན་རྟེན་འདྲ་པར་བླངས་པ།

བྱང་བྱ་དུར་དགའ་མལ་དགོན་ཆེན་དུ་མཆོད་མཇལ་དུ་ཕེབས་སྐབས་དྲན་རྟེན་འདྲ་པར།

  ཚེས་༢༦ཉིན་གྱི་ཞོགས་ཀའི་ཆུ་ཚོད་༩སྟེང་ཐེངས་འདིར་ཕེབས་པའི་ཚོགས་ཞུགས་མི་སྣ་སྐོར་ཞིག་རྩོམ་སྒྲིག་པ་རྣམ་གཉིས་ཀྱིས་བཀོད་སྒྲིག་ཕེབས་བསུ་འོག་ཤར་ཕྱོགས་དུང་རི་དཀར་པོར་གནས་མཇལ་དུ་བསྐྱོད་དེ་གནས་མདུན་དུ་དྲན་རྟེན་འདྲ་པར་མཉམ་བསྒྲོན་པ་དང་། ཞོར་དུ་རིན་སྤུངས་དགོན་དང་བྱང་བྱ་དུར་དགའ་མལ་དགོན་ཆེན་སོགས་ལ་མཆོད་མཇལ་ཕེབས་པ་སོགས་ཐེངས་འདིའི་གནས་ཚུལ་རགས་རིམ་དུ་ཀློག་མཁན་རྣམས་ལ་མཚམས་སྦྱོར་བྱེད་པ་པོ་ནི་རྩོམ་སྒྲིག་པ་རྣམ་གཉིས་དང་བྱ་བའི་དགའ་ཕྱོགས་གཅིག་ཀྱང་། ཤེས་འཇོན་ནུས་གསུམ་གྱི་འཁོས་ཀ་ཆུང་བ་གདོང་བཙུན་རྒྱ་ཐར་གྱིས་གཙོ་ཚང་རྒྱལ་སྤྱིའི་མགྲོན་ཁང་ཆེན་མོར་ཉིན་དེའི་དགུང་མོར་སྦྱར་བ་ལགས་སོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག