སྤྱི་ལོ་༢༠༡༢ཟླ་༡༢ཚེས་༡༠་༡༡ཉིན་གཉིས་རིང་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དགོན་པར་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་ཚོགས་པའི་སྐོར་གྱི་གནས་ཚུལ་རགས་བསྡུས།
རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་བལ་ཡུལ་ཁྲི་བརྟན་ནོར་རྩེ་ལ་འཚོགས་པ།
International Symposium on Bon Triten Norbutse Monastery, Kathmandu. 10–11 December 2012
སྤྱི་ལོ་༢༠༡༢ཟླ་༡༢ཚེས་༡༠ཞོགས་པ་ཆུ་ཚོད་༩པའི་ཐོག་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཚོམ་ཆེན་དུ་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་འཛམ་གླིང་རྒྱལ་ཁབ་གང་སར་ནས་ཕེབས་པའི་མཁས་དབང་རྣམ་པ་གཙོས་ཆེས་མཐོའི་མི་སྣ་རྒྱས་འཛོམས་དང་ཁྲི་བརྟན་ནོར་བུ་རྩེ་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་སློབ་རྣམ་པ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་སློབ་འགན་འཛིན་རྣམ་པ་ཝ་ར་ན་སའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བོན་གྱི་དགེ་སློབ་རྣམ་པ་ཧི་མ་ལ་ཡའི་རི་རྒྱུད་རྒྱ་བལ་འབྲུག་གསུམ་གྱི་བོན་གྱི་གལ་ཆེའི་མི་སྣ་དང་བླ་སྤྲུལ་ཁག་བཅས་ལྷན་འཛོམས་ཐོག་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་ཀྱི་མཆོད་མེ་སྒྲོན་སྤར་གནང་བ་དང་ཆབས་ཅིག་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་བགྲོ་གླེང་ཚོགས་འདུའི་ངོ་སྤྲོད་གནང་། དེ་ནས་དབྱིན་ལན་གྱི་མཁས་དབང་ཆར་སི་རམ་བྷོལ་Charles Ramble ༼གཡུང་དྲུང་ཚེ་དབང་༽མཆོག་ནས་ཉིན་དང་པོའི་ཚོགས་འདུའི་གཙོ་སྐྱོང་གནང་སྟེ་ངོ་སྤྲོད་གསུང་བཤད་དང་སྦྲགས།
དེ་ནས་ཏ་པི་ཧྲི་ཙའི་སུད་སི་རོགས་ཚོགས་ཀྱི་ཚོགས་གཙོ་མ་རིས་ཏ་ཀ་ཡན་ཌ་Marietta Kind ནས་དོལ་པོའི་ཁུལ་དུ་ཏྲེ་སྟོན་བླ་མ་དང་ཁྱུང་པོ་བླ་མ་སོགས་ཀྱིས་བོན་བསྟན་སྤེལ་བ་དང་བརྒྱུད་འཛིན་བྱུང་ཚུལ་སྐོར་གྱི་བགྲོ་གླེང་གསུང་བཤད་དང་དྲི་བ་དྲིས་ལན་གནང་།
དེ་རྗེས་ཉི་ཧོང་གི་མཁས་དབང་ཡ་སུའི་ཀོ་ན་ག་ནོ་Yasuhiko Nagano ནས་ཉི་ཧོང་ནང་དུ་བོན་པོའི་སྐོར་གྱི་ཞིབ་འཇུག་དང་སློབ་གཉེར་གནང་ཚུལ་སྐོར་གྱི་བགྲོ་གླེང་གསུང་བཤད་དང་དྲི་བ་དྲིས་ལན་གནང་།
དེ་རྗེས་དགེ་བཤེས་དྲང་སྲོང་རྣམ་རྒྱལ་ལགས་ནས་བོན་དང་སྟོན་པ་གཤེན་རབ་ཀྱི་མཛད་པ་ལ་ངོས་འཛིན་བྱེད་ཕྱོགས་སྐོར་གྱི་བགྲོ་གླེང་གསུང་བཤད་དང་དྲི་བ་དྲིས་ལན་གནང་།
དེ་རྗེས་ཧྥ་རན་སའི་མཁས་དབང་ཧྥོ་རན་ཀོ་སེ་པོ་མར་ཊ་Francoise Pommaret ལགས་ནས་འབྲུག་ཡུལ་དུ་ཡོད་པའི་བོན་པོ་དང་དེ་དག་གི་ཐ་སྙད་སྐོར་གྱི་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་།
ཕྱི་དྲོ་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་བཀའ་ཁྲིད་བཀའ་དྲིན་བསྩལ།
སྤྱི་ཚེས་༡༡ཉིན་གྱི་ཞོགས་པ་ཆུ་ཚོད་༩ཐོག་ཉིན་དང་པོ་ལྟར་ལྷན་འཛོམས་ཐོག་ཧྥ་རན་སའི་མཁས་དབང་ཧྥོ་རན་ཀོ་སེ་པོ་མར་ཊ་Francoise Pommaretལགས་ནས་ཉིན་གཉིས་བགྲོ་གླེང་གི་གཙོ་སྐྱོང་གནང་ཞིང་།
ཐེ་ཝན་གནས་སྡོད་མཁས་དབང་རི་ཁར་ཌོ་ཁན་ཛོ་Ricardo Canzio ལགས་ནས་བོན་པོའི་དུས་ཆེན་གྱི་གདངས་དབྱངས་སྐོར་བགྲོ་གླེང་གསུང་བཤད་དང་དྲི་བ་དྲིས་ལན་གནང་།
དེ་རྗེས་ཧྥ་རན་སའི་མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ནས་ཨ་རིའི་ནེའུ་ཡོག་རུ་བྷིན་Rubin Museum འགྲེམ་སྟོན་ཁང་དུ་ཡོད་པའི་བོན་པོའི་ཐང་ཀའི་སྐོར་བགྲོ་གླེང་གསུང་བཤད་དང་དྲི་བ་དྲིས་ལན་གནང་།
དེ་རྗེས་དབྱིན་ལན་གྱི་མཁས་དབང་ཆར་སི་རམ་བྷོལ་Charles Ramble ལགས་ནས་བལ་ཡུལ་ཁུལ་གྱི་བོན་པོའི་རིག་གཞུང་ངོས་འཛིན་སྐོར་གྱི་བགྲོ་གླེང་གསུང་བཤད་དང་དྲི་བ་དྲིས་ལན་གནང་།
དེ་རྗེས་ཨ་རིའི་མཁས་དབང་རྗོན་མེར་དྷིན་རེ་ནོཌ་སི་John Myrdhin Reynolds ལགས་ནས་བོན་གྱི་ཡི་དམ་དྲག་པོ་དབལ་ཆེན་གེ་ཁོད་དང་ཞང་ཞུང་མེ་རི་སྐོར་གྱི་བགྲོ་གླེང་གསུང་བཤད་དང་དྲི་བ་དྲི་ལན་གནང་།
དེ་ནས་མཁན་པོ་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་ནས་བགྲོ་གླེང་གསུང་བཤད་གནང་མཁན་རྣམ་པར་ལེགས་སྐྱེས་ཉེར་ལྔའི་དྲན་དེབ་དབྱིན་བོད་གཉིས་ཀྱི་དེབ་རེ་གནང་ཞིང་མགུལ་དར་སྒྲོན་ཏེ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་ཀྱང་གནང་སྟེ་རྒྱལ་སྤྱི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་དེ་གཟི་བརྗིད་ཆེན་པོའི་ངང་ནས་མཇུག་གྲུབ་པའོ།།
དེའི་ཕྱི་དྲོ་ཡང་༧སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་བཀའ་ཁྲིད་བཀའ་དྲིན་བསྩལ་བ་བཅས་ཀྱི་གནས་ཚུལ་རགས་བསྡུས་སུ།
༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བགྲེས་པོའི་འབེལ་གཏམ་རྩོམ་སྒྲིག་ཁང་ནས་སྤྱི་ལོ་༢༠༡༢ཟླ་༡༢ཚེས་༡༢ཉིན་སྤེལ།