ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་དྲན།
དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་དྲན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བགྲེས་གཏམ་གསར་འགོད་པ།] [ཟླ་ཚེས། 12-12-10] [ཀློག་གྲངས། ]

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་

རྟེན་འབྲེལ་མཛད་སྒོ་ཆེན་མོའི་གནས་བསྡུས།

      དེ་རིང་སྟེ་ཕྱི་ལོ་༢༠༡༢་ཕྱི་ཟླ་༡༢་པའི་ཚེས་༩་ཉིན་ཞོགས་ཀ་ཚོགས་སྡེ་ཁག་གིས་གདན་ས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་དགོན་གྱི་ཕྱི་ནང་རིམ་པའི་རྒྱ་སྒོའི་གཡས་གཡོན་དང་། ལམ་ཁའི་ཐེམ་སྐྲས་ཀྱི་ཕྱོགས་མཚམས་ཀུན་ཏུ་ཉེར་ལྔའི་དུས་དྲན་བསྲུ་བརྩི་ཞུ་བའི་ཤིས་ཚིག་མེ་ཏོག་གི་ཕྲེད་དར་རྣམ་པ་སྣ་ཚོགས་བཤམས་འདུག་པ་མ་ཟད་ཤིས་སྨོན་གྱི་མེ་ཏོག་འཐོར་མཁན་ཡང་གྲངས་ལས་འདས།
      ཕྱག་ཚོད་༩པའི་ཐོག་མཛད་སྒོའི་སྐུ་མགྲོན་དུ་ཕེབས་པའི་རྒྱལ་ཕྱི་ནང་ཁག་གི་འཐུས་ཚབ་སྟེ། སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་སྐུ་ཚབ་དང་། དཔལ་གཤེན་བསྟན་སྨན་རིའི་གླིང་གི་བླ་སྤྱིའི་འཐུས་ཚབ། བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ། སྨན་རིའི་གྲྭ་ཚང་གི་གཉེར་པ། དཔེ་མཛོད་འགན་འཛིན། བཙུན་དགོན་རད་ཎ་སྨན་གླིང་གི་གཉེར་པ། གཡུང་དྲུང་བོན་གྱི་དྲ་རྒྱའི་གསར་འགོད་པ། རྫ་སྨོན་རྒྱལ་གཡུང་དྲུང་གླིང་གི་སྐུ་ཚབ། ཞུ་རུ་ཞིང་གཡུང་དྲུང་ཀུན་གྲགས་གླིང་གི་འཐུས་ཚབ། ཝ་ན་མཐོ་སློབ་གཡུང་དྲུང་བོན་གྱི་དགེ་རྒན་རྣམ་པ་དང་། གཡུང་དྲུང་བོན་གྱི་སྤྱི་འཐུས། བལ་ཡུལ་རྒྱལ་ཁོངས་སུ་གནས་པའི་བོན་གྱི་དགོན་སྡེ་ཁག་གི་དབུ་བླ་རྣམ་པ་དང་། སློབ་གྲྭ་ཁག ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་དང་། དེ་བཞིན་ཕྷ་རན་སི་བོན་ཚོགས་ཀྱི་ཚོགས་གཙོ་དང་། ལིག་མིན་རྐྱ་བོན་ཚོགས་ཀྱི་སྐུ་ཚབ། འོམ་མོ་གླིང་བོན་ཚོགས་ཀྱི་བླ་མ། དེར་མཚུངས་ཨ་རི་དང་། ཡོ་རོབ། རྒྱ་པན། རྒྱ་ནག རྒྱ་གར་སོགས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དུ་མ་ནས་ཕེབས་པའི་སེར་སྐྱ་མི་མང་ལྷན་རྒྱས་མཛད་སྒོའི་ཚོམས་ཆེན་དུ་འདུ་འཛོམ་གནང་ཞིང་བཞུགས་གྲལ་དུ་འཁོད་པ་དང་། ཐོག་མར་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཉེར་ལྔའི་དུས་དྲན་གོ་སྒྲིག་འབྲེལ་མཐུད་པ་དགེ་བཤེས་བཤད་སྒྲུབ་རྒྱ་མཚོ་དང་། ཁྲོ་གསས་གཡུང་དྲུང་རྣམ་གཉིས་ནས་བལ་བོད་སྐད་རིགས་གཉིས་ཐོག་ནས་མཛད་རིམ་ངོ་སྤྲོད་གསུང་བཤད་ཀྱིས་མཛད་སྒོ་དབུ་འཛུགས་གནང་། 

       དེ་རྗེས་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་དང་བལ་ཡུལ་རྒྱལ་ཁབ་ཀྱི་སྤྱི་ཚོགས་བདེ་དོན་བློན་ཆེན་བྷ་དྲི་པྲ་སཱད་ནེའུ་(Bhadri Prasad Neupany)རྣམ་གཉིས་ནས་སྣང་གསལ་སྒྲོན་མེ་ཞལ་ཁ་ཕྱེས་ཏེ་འདུས་ཚོགས་ཀུན་ཀྱིས་བདག་ཅག་གི་སྟོན་པའི་གསོལ་འདེབས་སྟོན་པའི་རྒྱལ་པོ་དབྱངས་སུ་གྱེར། དེ་རྗེས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་བྱོན་པ་ལེགས་གསོལ་དང་འབྲེལ་བའི་ཉེར་ལྔའི་དུས་དྲན་ངོ་སྤྲོད་དབྱིན་བོད་སྐད་རིགས་གཉིས་ཐོག་ནས་གསུང་བཤད་ཟབ་རྒྱས་གནང་། དེ་རྗེས་བལ་རྒྱལ་སྤྱི་ཚོགས་བདེ་དོན་བློན་ཆེན་(Bhadri Prasad Neupany)མཆོག་ནས་ཆོས་ལུགས་རིས་མེད་དང་། ཞི་བདེ། འཆམ་མཐུན་བཅས་ཀྱི་སྒོ་ནས་ཉེར་ལྔའི་དུས་དྲན་དང་འབྲེལ་བའི་གསུང་བཤད་རིན་ཐང་ཆེ་བ་བསྩལ། དེ་རྗེས་བལ་ཡུལ་བློན་ཟུར་སྐུ་ཞབས་ན་ར་བྷཱ་འདུར་བྷུ་ར་ཐོ་ཀི་ལགས་ནས་གནའ་དེང་གི་ལོ་རྒྱུས་དང་འབྲེལ་བའི་ཐོག་ནས་བལ་ཡུལ་བོན་གྱི་གནས་སྟངས་དང་། ཉེར་ལྔའི་དུས་དྲན་བཅས་ཀྱི་གསུང་བཤད་གནང་། དེ་རྗེས་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གི་སྐུ་ཚབ་དཔལ་གཤེན་བསྟན་སྨན་རི་གླིང་གི་བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་མཆོག་ནས་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་ཞལ་གསུང་བདུད་རྩིའི་ཐིགས་པ་སྟེ་ཕྱི་ཚུལ་ནང་ཁྲིམས་དང་། མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གནང་དགོས་ཚུལ་བཅས་ཀྱི་སྒོ་ནས་བཀའ་སློབ་རིན་ཐང་ཆེ་བ་བསྩལ། དེ་རྗེས་བལ་ཡུལ་བོན་གྱི་ཆེས་མཐོའི་ལྷན་ཚོགས་ཀྱི་ཚོགས་གཞོན་དགེ་བཤེས་ཉི་མ་ཀུན་ཁྱབ་ལགས་དང་། ཕྷ་རན་སི་གཤེན་བསྟན་དར་རྒྱས་གླིང་གི་འགན་འཛིན་ཕུ་ལོ་རན་ཝན་ཁེན་སི་ཀྲེན་(Mr. Florens Van Canstein)དང་། བོན་སྤྱི་དགེ་བཤེས་རྣམ་དག་གཙུག་ཕུད་བཅས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་ཞིབ་རྒྱས་གནང་གྲུབ་མཚམས་སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གིས་ཐོག་མར་དབུལ་པོ་ཉམས་ཐག་གི་སྐུ་ཚེའི་བརྒྱུད་རིམ་བཤར་ཚུལ་མདོར་བསྡུས་དང་། དེ་ནས་ཡོངས་འཛིན་གོང་མ་རྣམས་ཀྱིས་རྒྱལ་བ་སྨན་རི་བའི་སློབ་དཔོན་གྱི་མཚན་གནས་བསྩལ་བ་ནས་བཟུང་། བཀའ་གསུང་ལྡོག་མེད་ཁུར་དུ་བཞེས་ཏེ་དགུང་ལོ་ཉེར་བདུན་ནས་ད་བར་དཀའ་ཁག་དུ་མའི་བརྒྱུད་རིམ་ནང་རྒྱལ་ཕྱི་ནང་ཀུན་ཏུ་བོན་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཕྱོགས་སྐོར་དང་། དེ་བཞིན་དུས་ཀྱི་གཉན་འཕྲང་དུ་མའི་ཁྲོད་ཧི་མ་ལ་ཡི་རི་རྒྱུད་དུ་གནས་པའི་བོན་གྱི་སེར་ཁྱིམ་པའི་སྡེས་མི་ལོ་སྟོང་ཕྲག་ནང་བོན་གྱི་གསུང་རབ་ཁག་པོད་བརྒྱ་ལྷག་ཙམ་ཞིག་སྲུང་སྐྱོབས་གནང་ཡོད་པའི་ཉེར་ལེན་ལ་བརྟེན་༸སྐྱབས་རྗེ་མཁན་སློབ་རྣམ་པས་ཕྱི་ཕྱོགས་ཡུལ་གྲུ་ཀུན་ཏུ་ཁྱབ་སྤེལ་དང་། པར་འགྲེམས་གནང་བའི་བཀའ་དྲིན་གྱིས་བོན་གྱི་ངོ་བོའི་ཡིན་ལུགས་དེ་ཉིད་གསུང་རབ་ཀྱིས་མིག་ཕྱེས་པ་ནས་བཟུང་། དེ་སྔོན་བོན་གྱི་གྲུབ་མཐའ་ལ་ལོག་རྟོག་གི་གཡའ་དྲི་འཐུག་པོས་གོས་པ་རྣམས་རིམ་བཞིན་གཙང་སེལ་དུ་གྱུར་ནས་བོན་གྱི་གནས་སྟངས་ལ་འགྱུར་བ་དང་ཡར་རྒྱས་སོང་ཚུལ་སྐོར་གྱི་བཀའ་སློབ་རིན་ཐང་ཆེ་བ་བསྩལ་བ་མ་ཟད་ཧི་མ་ལ་ཡི་རི་རྒྱུད་དུ་འཁོད་པའི་བོན་གྱི་སྡེ་དགོན་རྣམས་ལ་ཤིན་ཏུ་བཀའ་དྲིན་ཆེ་བའི་གསུང་བཤད་གཞལ་དུ་མེད་པ་གནང་གྲུབ་པ་དང་། མཐར་དཔོན་སློབ་རིན་པོ་ཆེ་ཚངས་པ་བསྟན་འཛིན་མཆོག་གིས་མཛད་སྒོ་འདིར་ཕེབས་པའི་སྐུ་མགྲོན་ལྷན་རྒྱས་དང་། དེ་བཞིན་འབྲེལ་ཡོད་ཕྱི་ནང་གི་མཐུན་རྐྱེན་སྦྱོར་མཁན་སྦྱིན་བདག་ཁག་དང་། ཕྱར་གྲུ་མཉམ་འདེགས་གནང་མཁན་ཀུན་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་གྲུབ་མཚམས་སེར་སྐྱ་མི་མང་ལྷན་རྒྱས་སྐུ་བཞེངས་གནང་སྟེ་བསྟན་པ་རྒྱས་པའི་སྨོན་ལམ་གྱིས་མཐར་བརྒྱན། དེ་རྗེས་སྐུ་མགྲོན་དང་། མི་མང་ལྷན་རྒྱས་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་དང་། ཉིན་རྒྱབ་ཕྱག་ཚོད་༢་པ་ནས་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེས་རྒྱལ་ཕྱི་ནང་ཀུན་ནས་ཕེབས་པའི་སེར་སྐྱ་མང་ཚོགས་རྣམས་ལ་བདུད་རྩི་སྨན་སྒྲུབ་འོད་ཟེར་འཁྱིལ་བའི་བརྒྱུད་རིམ་ལོ་རྒྱུས་དང་འབྲེལ་བའི་ཟབ་ཁྲིད་བཀའ་དྲིན་ཆེ་བ་བོད་སྐད་ཀྱི་ཐོག་ནས་གསུངས་པ་དང་། མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་མཆོག་གིས་དབྱིན་སྐད་ཀྱི་ཐོག་ནས་ཕྱི་རྒྱལ་བ་རྣམས་ཀྱི་ཆེད་དུ་གསུང་བསྒྱུར་གནང་། 
       དེ་མཚམས་གསོལ་ཇ་འདེགས་འབུལ་དང་བཅས་“གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་དབུ་བརྙེས་ནས་བགྲང་བྱ་ཉེར་ལྔ་འཁོར་བའི་དུས་སྟོན་གྱི་སྔོན་འགྲོའི་མཛད་སྒོ”དེ་ཉིད་ཁ་དགེ་བཀྲ་ཤིས་ངང་ནས་མཇུག་ལེགས་པར་གྲུབ་པ་དང་། ཕྱི་ཚེས་༡༠དང་༡༡གཉིས་རིང་རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་དེ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་འཚོག་རྒྱུ་དང་། ཕྱི་ཚེས་༡༢ནས་བཟུང་ཕྱི་ལོ་༢༠༡༣ཕྱི་ཟླ་༡ཚེས་༢བར་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་ཐེངས་གཉིས་པའི་བདུད་རྩི་འོད་ཟེར་འཁྱིལ་བའི་སྨན་སྒྲུབ་ཆེན་མོའི་སྒྲུབ་པ་དང་། བླ་ཆེན་དྲན་པ་ནམ་མཁའི་འབུམ་ཚོགས་ཆེན་མོ། དེ་བཞིན་སྐབས་བདུན་པའི་དགེ་བཤེས་མཛད་སྒོ་བཅས་རིམ་བཞིན་བསྐྱང་རྒྱུ་ལགས་ན་མཛད་རིམ་ཞིབ་ཕྲ་རྗེས་སུ་རིམ་འབུལ་ཞུ་རྒྱུ་བཅས་བགྲེས་གཏམ་གསར་འགོད་པས་ཕུལ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག