ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> རྒྱལ་རོང་དུ་བསྐྱོད་པའི་བདག་གི་ཟིན་བྲིས་གནས་འགོ་མ།
རྒྱལ་རོང་དུ་བསྐྱོད་པའི་བདག་གི་ཟིན་བྲིས་གནས་འགོ་མ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཀ་ཤུལ་བསོད་རིན།] [ཟླ་ཚེས། 12-12-21] [ཀློག་གྲངས། ]

      ད་ལོའི་དགུན་རྟ་རྫའི་ཁ་བ་བུ་ཡུག་འཚུབ་སྐོར་གྱི་བོད་ཟླའི་ཚེས་བཅུ་གསུམ་ཉིན་རྒྱལ་རོང་བསྟན་པའི་རྒྱལ་མཚན་གྱིས་བཀའ་བབས་པར་བརྟེན་རྒྱལ་རོང་རིག་གནས་ཉམས་ཞིབ་ཆེད་དོན་ཞིག་ཏུ་ང་རྒྱལ་རོང་དུ་ཤར་རྒྱག་ཐེངས་གཅིག་བྱེད་དགོས་བྱུང༌། རྒྱལ་རོང་ནི་ས་མཐོའི་སྒར་གཞིས་སུ་ཆགས་པའི་ངའི་ཕ་ཡུལ་རྔ་བ་དང་བསྡུར་ན་ས་བབ་ཀྱིས་གནམ་གཤིས་སོགས་ལ་ཕྱོགས་གང་ཐད་ནས་ཅུང་ཙམ་དྲོད་ཁོལ་རྒྱས་འདུག་པས། ཕ་ཡུལ་ནས་གྱོན་པའི་བདག་གི་གཟན་ཤམ་དག་ཅུང་ཙམ་འཐུག་སོང་བསམ་དགོས་བྱུང༌། ང་རྣམ་རྒྱུན་རྒྱལ་རོང་ལུང་པ་དག་ལ་མྱུལ་ཐེངས་རེར་བདག་གི་སེམས་ལ་རྒྱལ་རོང་རིག་གནས་ཀྱི་བག་ཆགས་ཆེས་ཆེར་སྟེར་ས་ནི་རྒྱལ་རོང་གི་ཡུལ་ལུང་གཞན་དག་སྟེ་འབར་ཁམས་དང༌། ཆུ་ཆེན། བཙན་ལྷ། ཁྲོ་ཆུ་སོགས་མ་ཡིན་པར་དེ་ནི་རོང་བྲག་རྫོང་རེད་འདོད་དགོས་བྱུང༌། དེའི་རྒྱུ་མཚན་ཡང་རོང་བྲག་རྫོང་ལ་ཐོན་ཐེངས་རེར་རི་སྐེད་ལུང་ཟབ་བྲག་འཕྲང་རྫ་རྩེ་རྫོང་འགག་ལམ་སྲང་དག་ལ་ཆགས་པའི་རྒྱལ་རོང་གྲོང་སྡེ་རྣམས་ལ་གདོད་མའི་དུས་ཀྱི་མཁར་དང་ཁང་ཁྱིམ་སོགས་ཀྱི་དྲི་མ་ཡེ་ནས་མ་དོར་པར་གནས་ཡོད་པས་ཡིན་རྒྱུ་རེད། 

      རོང་བྲག་རྫོང་ནས་འབྲུ་སྨིན་ལུང་དུ་ཕྱོགས་ཏེ་སྤྱི་ལེའུ༥༠མཚམས་སུ་གནས་འགོ་དགོན་པ་ཞེས་མཚོ་ངོས་ལས་རྨི་༣༠༠༠ལྷག་ཡོད་པའི་རི་རྩེ་ཞིག་ལ་ལོ་རྒྱུས་ཀྱི་དུས་ཡུན་ཧ་ཅང་རིང་བའི་དགོན་པ་ཞིག་ཡོད་ལ། དགོན་པ་དེའི་མཚན་ཧྲིལ་བོ་ལ་གནས་འགོ་གཡུང་དྲུང་རྫོགས་ཆེན་གླིང་ཞེས་ཟེར་འདུག  དགོན་པ་དེ་ལ་བདག་ད་ཐེངས་བརྩིས་པའི་ཐེངས་གསུམ་ཙམ་འགྲོ་མྱོང་བའི་བོན་གྱི་དགོན་སྡེ་ཞིག་ཡིན། དེ་ནི་གནས་འགོ་ཀུན་དགའ་བླ་བྲང་གི་བླ་རབས་དང་པོ་ཀུན་དགའ་སེང་གེ་མཆོག༼སྤྱི་ལོ༦༢༨༽གིས་ཕྱག་བཏབ་མཛད་པ་ཞིག་ཏུ་གྲགས། ལོ་རྒྱུས་ཀྱི་དུས་ཡུན་ཧ་ཅང་རིང་བའི་དགོན་པ་འདི་ནི་ད་ལྟ་གནས་འགོ་ཀུན་དགའ་བླ་བྲང་གི་བླ་རབས་༣༣པ་རྒྱལ་རོང་བསྟན་པའི་རྒྱལ་མཚན་གྱིས་བདག་གིར་བཞེས་ཡོད་ལ། སྤྲུལ་སྐུ་དེ་ནི་ད་ལྟའི་ཆར་རྒྱལ་རོང་རིག་གནས་མྱུར་སྐྱོབ་བྱེད་མཁན་གྱི་མི་སྣ་གཙོ་བོ་དེ་ཡིན་པར་བདག་གིས་རྣམ་རྒྱུན་གླེང་བར་སྤོབས།

      དེའི་རྒྱུ་མཚན་ཡང་ཁོང་གིས་བསྡུ་ཉར་བྱས་དང་བྱེད་བཞིན་པའི་རྒྱལ་རོང་རིག་གནས་སུ་ཆགས་པའི་གནའ་རྫས་དང༌། ཡིག་རྙིང་དག་ནི་ཧ་ཅང་གཏིང་ཟབ་པར་མ་ཟད་ཡིག་རྙིང་དུ་མངའ་བའི་གདོད་མའི་གཏོ་རིགས་མང་དག་ཅིག་གི་མཛད་བྱང་ལ་བལྟས་ཚེ་སྤྲུལ་སྐུ་ལྷ་བོན་ཐོད་དཀར་ཞེས་པ་ཞིག་གིས་མཛད་པར་གསལ་འོང༌། དེ་ནི་སྤུ་རྒྱལ་བཙན་པོའི་རྒྱལ་སྲིད་མ་ཆགས་ཡར་སྔོན་ཏེ་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་དུས་རབས་ཀྱི་རྒྱལ་པོན་ཐོད་དཀར་ཏེ་སྟོན་པ་གཤེན་རབ་མི་བོའི་ཡབ་རྒྱལ་པོ་ཐོད་དཀར་དུ་གྲགས་པ་ཡིན་ཚེ་ཡིག་རྙིང་དེ་དག་གི་ལོ་རྒྱུས་ནི་ཆེས་རིང་མོའི་དུས་སུ་དེད་ཆོག་པ་ཞིག་རེད། ཡང་གཅིག་འདིར་བཤད་འདོད་པ་ཞིག་སྟེ་ཡབ་རྒྱལ་པོན་ཐོད་དཀར་ཞེས་པའང་གཏོ་ཡི་རིག་གནས་དང་དེའི་ལུང་མང་པོ་ཐོབ་མཁན་ཞིག་ཡིན་པར་བདག་གི་ལོ་རྒྱུས་ཉམས་ཞིབ་ལག་དེབ《སྲིད་པའི་རབས་བཤད》དུ་གསལ་བསྒྲགས་ཅུང་ཙམ་བྱས་ཡོད་པས་གོང་དུ་དོགས་སློང་ཡང་དེ་ལྟར་བརྩེངས་པ་ཞིག་ཡིན། མ་ཟད་རྒྱལ་རོང་བསྟན་པའི་རྒྱལ་མཚན་གྱིས༡༩༨༦ལོ་ནས་ད་བར་དུ་རྒྱལ་རོང་ལོ་རྒྱུས་མང་པོ་ཞིག་སྔོགས་འདོན་དང་དེ་དང་འབྲེལ་བའི་ངག་རྒྱུན་འཚོལ་སྡུད་བྱས་པས་ད་ལྟའི་བར་རྒྱལ་རོང་ལོ་རྒྱུས་དང་འབྲེལ་བའི་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས་དེབ་བཅུ་ཁ་ཞིག་བརྩམས་གནང་མཛད་ཡོད།

       བདག་རྒྱལ་རོང་དུ་འགྲོ་ཐེངས་རེ་དང་ཡང་ན་གནས་དགོན་དུ་སོན་ཐེངས་རེར་དགོན་པའི་རྒྱབ་གྱི་ས་ཐང་ཆུང་ཆུང་དེའི་སྟེང་དུ་བཞེངས་པའི་མཆོད་རྟེན་མགོ་ལོ་མང་པོ་མཐོང་སོང་བ་རེད་གནས་འགོ་དགོན་གྱི་ལོ་རྒྱུས་ཡིག་ཚང་ལྟར་ན་མཆོད་རྟེན་དེ་དག་ནི་རྒྱ་བོན་ཟིང་བ་མཐུ་ཆེན་གྱིས་བཞེངས་པར་ཡིན་པར་བཤད་ཡོད་ལ། ནུབ་ཕྱོགས་རིག་རྫས་བརྟག་དཔྱད་མཁན་ཚོས་བཤད་པར་ལྟར་ན་ལོ་དགུ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པར་བསྒྲགས་འདུག

      གང་ལྟར་བཞེངས་སྟངས་འདྲ་མིན་དུ་གྲུབ་པའི་མཆོད་རྟེན་དེ་དག་ད་ལྟ་རྙིང་རལ་དུ་སོང་དྲགས་པ་དང་མཆོད་རྟེན་དེ་དག་ལ་མཇལ་གྱིན་མཇལ་གྱིན་ངས་ལྕེ་གསུམ་པའི་སྙན་ངག《ང་དང༌། མཆོད་རྟེན་ཞིག་གི་བར་ཐག》ནང་གི་ཞིག་རལ་དུ་གྱུར་པའི་མཆོད་རྟེན་དེ་ཡང་ཡང་དྲན་འོང༌། དགོན་པའི་ལྷོ་ངོས་སུ་སྟར་ཁའི་སྡོང་བོ་ཧ་ཅང་ཆེན་པོ་ཞིག་སྐྱེས་ཡོད་ལ་དེ་ནི་གནས་འགོ་ཀུན་དགའ་བླ་བྲང་གི་བླ་རབས༡༦པ་ལེགས་པ་རྒྱལ་མཚན་ཚང་གི་གདོང་གི་སྟེང་ལས་སྐྱེས་པ་ཡིན་ཟེར་ནས། དགོན་པ་དེ་དང་ས་ཆ་དེའི་དད་ལྡན་འགྲོ་མི་གང་དག་ལ་མཚོན་ན་སྡོང་བོ་དེ་ནི་ཆེས་རྩ་ཆེ་བའི་དད་པ་བྱ་ཡུལ་ཞིག་ཏུ་གྱུར་ཡོད།

      ཡང་གཅིག་དགོན་པ་དེའི་ཕྱོགས་བཞི་མཚམས་བརྒྱད་དུ་མངའ་བའི་གནས་ཆེན་དབྲའུ་དགུ་རྫོང་དང་ཨ་རྒན་གཡུང་སྣ་སོགས་གནས་རི་འགངས་ཆེན་དག་དང་དེའི་རང་བྱུང་གནས་རིའི་མཛེས་སྡུག་གི་བྱུང་བ་སོགས་ལའང་གཏམ་རྒྱུད་སྣ་ཚོགས་ཀྱིས་བྱུག་ཡོད་པ་ཞིག་ཡིན་པས་དེ་དག་ལ་བལྟས་ཀྱིན་བལྟས་ཀྱིན་ངོ་མཚར་ཡོང་བ་དང༌། གནས་རི་དེ་དག་གི་དཀྱིལ་ན་ཡོད་པའི་གནས་འགོ་དགོན་ཡང་ལྷིང་འཇགས་ཀྱི་རི་རྩེ་དེ་ན་དབེན་ཁྲོད་ཀྱི་སྒྲུབ་ཕུག་ཅིག་དང་འདྲ་བར་སྤོས་དྲི་དང་བསང་དུད་ཀྱི་ཀློང་ན་བརྗིད་ཆགས་སེ་གནས་འདུག དགོན་པའི་འདུ་ཁང་དང༌། དེའི་མཐའ་འཁོར་གྱི་གྲྭ་ཤག་དང་བླ་བྲང་དེའི་ནང་དུ་བཞུགས་པའི་སངས་རྒྱས་སྟོན་པ་གཤེན་རབ་ཀྱི་སྐུ་བརྙན་དང༌། དེས་བསྐོར་བའི་བོན་གྱི་རིག་གནས་གྲངས་མེད་པ་ཞིག་དགོན་འདིར་རྟེན་གྱི་ཚུལ་དུ་བཞེངས་པ་དང༌། ཡང་ན་གནས་འགོ་བླ་རབས་ཉེར་བདུན་པ་བླ་མ་ཟང་ཐལ་ཆེན་པོས༼༡༤༩༥༽འཁོར་ཡུག་སྲུང་སྐྱོབ་དང་རི་དྭགས་གཅེས་སྐྱོང་གི་བསམ་བློའི་རྨང་བཏང་བ་དེས་ད་ལྟ་དགོན་འདིའི་མཐའ་སྐོར་གྱི་རི་ཀླུང་དག་ལ་བྱ་བྱིའུ་རི་དྭགས་སྣ་ཚོགས་བག་ཡངས་སུ་རྒྱུ་བ་མ་ཟད། མཐའ་འཁོར་གྱི་རྔོན་པ་དག་གི་ལག་ནས་འཕྲོག་པའི་རི་དྭགས་སོགས་གསོད་སྤྱད་ཀྱི་རྒྱ་རྙི་མང་པོ་ཞིག་ད་ལྟ་གནས་འགོ་དགོན་དུ་བདག་གཉེར་བྱས་ཡོད།

       གནས་འགོ་དགོན་འདི་ནི་རྒྱལ་རོང་ཕྱོགས་ཀྱི་བོན་གྱི་དགོན་སྡེ་དག་ལས་གནའ་བོའི་རིག་གནས་ཏེ་ཡིག་རྙིང་དང་གནའ་རྫས་ཧ་ཅང་མང་བའི་དགོན་པ་དེ་ཡང་ཡིན། བདག་དུས་ཡུན་ཉིན་གསུམ་ཙམ་གནས་འགོ་དགོན་དུ་བསྡད་རྗེས་རྫོང་མཁར་དུ་ཉིན་ཁ་ཤས་འདུག་དགོས་བྱུང་ལ། དེ་ག་ནས་རྒྱལ་རོང་བསྟན་པའི་རྒྱལ་མཚན་ལ་འགྲོ་རོགས་འོག་དགེ་ཤིས་ཁོག་ཏུ་གཤིན་ཆོས་ཤིག་སྒྲུབ་ཏུ་སོང་བ་ཡིན། དགེ་ཤིས་ཁོག་ཡང་རྒྱལ་རོང་གི་ལུང་པ་གཞན་དག་དང་འདྲ་བར་ལུང་ཕུག་ཧ་ཅང་རིང་བ་ཞིག་ཡིན་ལ། སྤྱི་ལེའུ༥༠ཙམ་སོང་རྗེས་འདོད་དགུ་ཕུན་ཚོགས་གླིང་དུ་ཐོན་ལ། ངེད་གཉིས་འགྲོ་སའི་ཡོན་བདག་ནི་དགོན་པ་དེའི་ལྷ་སྡེ་རུ་གཏོགས། གཤིན་ཐོག་དེར་དུས་རྒྱུན་རྒྱལ་རོང་ནས་མཐོང་དཀོན་པ་སྟེ། དེར་ཐོན་པའི་བོད་མི་དག་གིས་ལག་ཏུ་ཕྲེང་བ་བཟུང་ཞིང་རྒྱབ་ཏུ་བོད་ལཱ་གྱོན་ཏེ་དགེ་སྒྲུབ་སྡིག་སྤང་གི་ལས་དོན་རྒྱ་ཆེར་བསྒྲུབས་པ་མཐོང་འཕྲལ། བདག་ད་ལོའི་དབྱར་གནང་སྐབས་སུ་སྐུ་ཞབས་བྱང་སྐར་དང་འགྲོགས་ཡུན་བར་ཁོང་གིས“རྒྱལ་རོང་བསྐྱབ་ན་ཆོས་ལུགས་ཀྱིས་སྐྱོབས་དགོས”ཞེས་བཤད་པ་དེ་ཡིད་ལ་དྲན་འོང༌། ཕྱིར་ལམ་ལ་ཡོང་ཁར་ས་དེའི་ལམ་བར་དུ་ཆགས་པའི་ལྔ་སྟག་གཡུག་དྲུང་བདེ་ཆེན་གླིང་དུ་སོང་བ་ཡིན་ལ། དགོན་པ་དེ་རུ་ད་ལོར་སྣང་ཞིག་ནས་དགེ་རྒན་དུ་བཏང་བའི་དགེ་བཤེས་རྨེའུ་མོ་འགབ་ཚུལ་ཁྲིམས་ཡེ་ཤེས་མཆོག་གིས་སློབ་མ་རྣམས་ལ་དཔེ་ཁྲིད་བྱེད་བཞིན་པའི་སྒང་རེད། སློབ་མ་དེ་རྣམས་ནི་ད་ལོའི་དབྱར་ཁ་སྣང་ཞིག་སྐྱབས་མགོན་མཆོག་རྒྱལ་རོང་དུ་ཕེབས་སྐབས་དགོན་པ་བདུན་གྱི་དགོན་འགོ་སྣང་ཞིག་ལ་ཕུལ་བའི་བླ་སྤྲུལ་ཏེ་སྣང་ཞིག་རྒྱལ་འཚབ་རྣམ་པ་གཙོ་ཡིན་པའི་རྒྱལ་རོང་གི་བོན་གྱི་གྲྭ་བཙུན་ཁ་ཤས་རེད།

      ཁོང་གིས་སློབ་མ་དེ་རྣམས་ལ་བོན་ཕྱི་ནང་གསང་གསུམ་གྱི་རིག་གནས་གང་ལ་གང་མཁོ་ཡི་ཚུལ་དུ་དཔེ་ཁྲིད་གནང་བཞིན་ཡོད། ངས་བསམས་ན་རྒྱལ་རོང་དུ་བོན་གྱི་དགོན་སྡེ་དང་བོད་ཀྱི་མི་སྡེ་ཤིན་ཏུ་མང་ན་ཡང་བོད་སྐད་ཡིག་གི་ལམ་ནས་དཔེ་ཁྲིད་རྒྱག་ས་ནི་ལྔ་སྟག་གཡུང་དྲུང་བདེ་ཆེན་གླིང་གཅིག་པུ་རེད་བསམས་དགོས་བྱུང༌། དེ་ལྟར་བདག་གིས་ཐེངས་འདིའི་རྒྱལ་རོང་ལོ་རྒྱུས་ཆེད་དོན་ཉམས་ཞིབ་ཀྱི་ལས་དོན་རྣམས་བདེ་ལེགས་ངང་མཇུག་གྲུབ་རྗེས་འབར་ཁམས་བརྒྱུད་དེ་ཕ་ཡུལ་དུ་ཡོང་བ་ཡིན། འབར་ཁམས་ནས་བདག་གི་རྩོམ་པའི་གྲོགས་མཆོག་ཧྲེ་ཤུལ་གཡག་རྒོད་ཀྱིས་སྣེ་ལེན་འོག་རྣམ་རྒྱུན་ལྟར་ཁོང་གི་གཟིམས་ཤག་ཏུ་ཞག་འདུག་བྱས་ཏེ་ཁ་བརྡ་མང་དུ་བྱས་པ་ཡིན།

༢༠༡༢/༡༢/༧ཉིན་ཟིན་བྲིས་མཇུག་ཕ་ཡུལ་ནས་སླིགས་ཙོ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག