ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཁྱུང་མོ་དགོན་གྱི་སྐབས་དང་པོའི་དགེ་བཤེས་མཛད་སྒོ་ལེགས་འགྲུབ་བྱུང་བ།
ཁྱུང་མོ་དགོན་གྱི་སྐབས་དང་པོའི་དགེ་བཤེས་མཛད་སྒོ་ལེགས་འགྲུབ་བྱུང་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་བསོད་བསྟན།] [ཟླ་ཚེས། 13-02-25] [ཀློག་གྲངས། ]

མདོ་སྨད་ཁྲི་ཀའི་ཁྱུང་མོ་དགོན་གྱི་སྐབས་དང་པོའི་དགེ་བཤེས་མཛད་སྒོ་ལེགས་འགྲུབ་བྱུང་བ།

 

       གཤེན་གྱི་འབྱུང་ལྡན་༣༠༡དང་བོད་ཆུ་མོ་སྦྲུལ་ལོའི་ཟླ་དང་པོའི་ཚེས་༡༣སྤྱི་ལོ་༢༠༡༣ལོའི་ཧོར་ཟླ་༡ཚེས་༡༤ཉིན་ནས་མདོ་སྨད་མཚོ་ལྷོ་ཡུལ་གྱི་གཤེན་གྱི་འདུས་སྡེ་ཆེན་མོ་ཁྲི་ཀ་ཁྱུང་མོ་གཡུང་དྲུང་ཕུན་ཚོགས་གླིང་དུ། ཁྱུང་མོ་དགོན་གྱི་དབུ་བླ་རྒྱ་ནག་འཕོ་བ་གྲོང་འཇུག་གི་ཡང་སྤྲུལ་ཉེར་གསུམ་པ་༧ཁྱུང་མོ་སྟོབས་ལྡན་དབང་ཕྱུག་མཆོག་དང་ཁྱུང་མོ་དགོན་གྱི་མཁན་པོ་མདོ་སྔགས་གཞུང་ལུགས་ཀུན་ལ་སྤྱན་དཀྱུས་མངའ་བ་སྨན་རིའི་དགེ་བཤེས་བཟོད་པ་འགྱུར་མེད་གཉིས་དབུ་བཞུགས་ཐོག་དགེ་བཤེས་མཛད་སྒོ་སྐབས་དང་པོའི་དམ་བཅའ་ཆེན་མོ་དབུ་འཛུགས་གནང་བ་རེད།

 

      དེ་ཡང་ཧོར་ཚེས༡༤ཉིན་དང་༡༥ཉིན་གཉིས་ལ། ཁྱུང་མོ་བཤད་སྒྲུབ་སློབ་གླིང་གི་འདུས་པ་སྤྱི་ནས་ཚོགས་ཆེན་འདུ་ཁང་དུ་སྔ་དྲོར་སྔོན་འགྲོའི་ཚོགས་འདོན་དང་། ཉིན་གུང་རིམ་བཞིན་བཀའ་རམས་པ་རྦ་སར་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན་དང་སྒར་བ་ཤེས་རབ་ཚུལ་ཁྲིམས་རྣམ་དག་གཉིས་ནས་འགྱེད་གཏོང་ལེགས་འབུལ་དང་གུང་ཚིགས་རྒྱས་སྤྲས། ཕྱི་དྲོར་བཀྲ་ཤིས་སྨོན་ལམ་སོགས་ཀྱིས་མཐར་བརྒྱན།

 

       དེ་རིང་སྟེ་ཚེས་༡༦ཉིན་གྱི་ཞོགས་པར་ཚོགས་འདོན་དང་སྔ་དྲོར་དགེ་བཤེས་རྣམ་པ་གཉིས་ནས་དམ་བཅའི་ངག་རྒྱུགས་ཕུལ་བ་དང་དམ་བཅར་བཞུགས་ཏེ་ཁྱུང་མོ་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་སྨན་རིའི་དགེ་བཤེས་བློ་གྲོས་རབ་རྒྱས་ནས་རིམ་བཞིན་ཕྱོགས་སོ་སོ་ནས་ཕེབས་པའི་བཤད་གྲྭ་བ་རྣམས་ཀྱིས་རྫོགས་ཆེན་དང་སྔགས། དབུ་མ། འདུལ་བ། མཛོད། ཕར་ཕྱིན། ས་ལམ། ཚད་མ། སྡུད་རྟགས་བཅས་འཛིན་གྲྭ་མཐོ་རིམ་ནས་རིམ་བཞིན་དུ་རྟགས་གསལ་གཏོང་བ་དང་། ཕྱི་དྲོར་མཁན་པོ་བཟོད་པ་འགྱུར་མེད་ལགས་ནས་བཀའ་རམས་པ་གཉིས་ལ་མཚན་གསོལ་གནང་ནས་དགེ་བཤེས་ལག་འཁྱེར་བསྩལ་བ་དང་བཀྲ་ཤིས་ཚིག་བཀྲ་གསོལ་རྗེས། བཤད་སྒྲུབ་སློབ་གླིང་གི་སློབ་ཁྲིད་ཐོག་ཁང་གཉིས་པར་དགེ་བཤེས་རྣམ་པ་གཉིས་ཁྲི་བཞེངས་མཛད་དེ་ཕྱོགས་ཀུན་ནས་ཕེབས་པའི་དད་ལྡན་སྦྱིན་བདག་ཁག་གིས་མཇལ་ཁ་ཞུས་ཏེ་བཀྲ་ཤིས་ལེགས་འགྲུབ་བྱུང་བའི་གནས་བསྡུས་ཙམ་མོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག