ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> དཔལ་གཤེན་བསྟན་སྤུ་ལ་ཁྱུང་ནག་དགོན་དུ་སྲིད་རྒྱལ་འབུམ་ཚོགས་ཕུལ་བའི་གནས་འཕྲིན་ཉུང་བསྡུས།
དཔལ་གཤེན་བསྟན་སྤུ་ལ་ཁྱུང་ནག་དགོན་དུ་སྲིད་རྒྱལ་འབུམ་ཚོགས་ཕུལ་བའི་གནས་འཕྲིན་ཉུང་བསྡུས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རོལ།] [ཟླ་ཚེས། 13-02-22] [ཀློག་གྲངས། ]


   དེ་ཡང་ཕན་དང་བདེ་བ་མ་ལུས་པ་འབྱུང་བའི་ཐབས་དམ་པ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་དང་བསྟན་པ་ཚུལ་བཞིན་འཛིན་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་བསྟན་དང་འགྲོ་བའི་མགོན་དུ་ཞབས་པད་ཡུན་དུ་བརྟན་ཅིང་རྣམ་བཞིའི་འཕྲིན་ལས་ཐམས་ཅད་བསྩལ་མེད་ལྷུན་གྱིས་གྲུབ་པ་དང་དེ་ལ་བརྟེན་ནས་ཡངས་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་ནད་མུག་འཁྲུག་རྩོད་ལས་སོགས་མདོར་ན་མི་མཐུན་རྒུད་པའི་ཚོགས་ཀུན་མིང་མེད་དུ་ཞི་ཞིང་དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་རྣམས་ཀྱིས་ཆར་ཆུ་དུ་སུ་འབེབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པ།འབྱུང་བ་ཁོད་སྙོམས་ཡོང་བ་སོགས་མདོར་ན་འཛམ་གླིང་ཀུན་ཏུ་དུས་རྟག་ཏུ་རྫོགས་ལྡན་གསར་པའི་དཔལ་ལ་ལོངས་སྤྱོད་པ་ལྟ་བུས་བདེ་ཞིང་སྐྱིད་པ་དང་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་གསུམ་དུ་བསགས་པའི་ལས་ཉོན་བག་སྒྲིབ་མ་ལུས་པ་བྱང་ཞིང་དག་ནས་ཁྱབ་གདལ་བོན་སྐུའི་ཀླང་དུ་མངོན་པར་སངས་རྒྱ་བའི་ཆེད་དུ་དཔལ་གཤེན་བསྟན་སྤུ་ལ་ཁྱུང་ནག་དགོན་གཡུང་དྲུང་བསྟན་འཕེལ་གླིང་གི་འདུས་སྤྱི་ནས་སྣེ་ཁྲིད་འོག་རྣམ་དཀར་དགེ་ལ་དད་སེམས་རབ་ཏུ་བརྟན་ཞིང་ཚོགས་གསོག་ལ་བློ་སྟོབས་མཆོག་ཏུ་མངའ་བའི་སྤུ་ལའི་ལྷ་སྡེ་ལྷན་ནས་སྤྱི་ལོ་༢༠༡༢ལོའི་ཟླ་བ་༡༢པའི་ཚེས་༢ནས་ཚེས་༡༣བར་བསྟན་སྲུང་གཙོ་མོ་མ་མཆོག་སྲིད་པ་རྒྱལ་མོའི་འབུམ་ཚོགས་རྒྱས་འབུལ་གནང་བ་རེད། དེའང་སྤྱི་ཚེས་༢ཉིན་ཡི་དམ་དབལ་གསས་རྔམ་པ་དང་མ་གཅིག་སྲིད་པ་རྒྱལ་མོ་དཀྱིལ་འཁོར་དང་རྟེན་གཏོར་ཚོགས་མཆོད་བསྟན་སྐྱོང་སྲུང་མ་རྣམ་དྲུག་གི་སྐང་མདོས་སོགས་ཕྱི་ནང་གསང་བའི་མཆོད་ཚོགས་རྣམས་བཅའ་བཀོད་ལེགས་པར་མཛད།།



   ཚེས་༣ཉིན་ནས་༡༢བར་ཉིན་བཅུའི་རིང་དཔལ་གཤེན་བསྟན་སྤུ་ལ་ཁྱུང་ནག་དགོན་གྱི་ཁྲི་འཛིན་ཞྭ་དཀར་བསྟན་པའི་གཙུག་རྒྱན་དཔལ་གཤེན་བསྟན་སྨན་རི་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་སྐྱབས་རྗེ་མདོ་སྔགས་བཤད་སྒྲུབ་ཉི་མ་རིན་པོ་ཆེ་གཙོས་དགོན་གྱི་མཁན་སློབ་རྣམ་པ་ཡེ་བཞུགས་འོག་དགོན་གྱི་བཤད་གྲྭ་དང་སྒྲུབ་གྲྭ་གྲ་ཚང་བཅས་ཚན་ཁག་གསུམ་གྱི་བླ་གྲ་ཚང་མ། ཀུན་ལས་རྣམ་པར་རྒྱལ་བའི་གསས་ཁང་མཐོང་གྲོལ་གཡུང་དྲུང་བཀྲ་གསལ་འབར་བའི་ཁང་དུ་ལྷན་འཛོམ་ཐོག་འབུམ་ཚོགས་རྒྱས་འབུལ་མཛད་ཡོད་པ་རེད།



  ཚེས་༡༣ཉིན་སྔ་དྲོའི་ཆར་བསྐང་གསོལ་རྒྱས་འབུལ་དང་ལྷ་སྡེ་དད་འབངས་ཀྱི་ཚོ་པ་སོ་སོའི་མཐུན་ཚབས་འགན་འཛིན་རྣམ་པ་འཛོམ་ནས་གསོལ་བ་སྨོན་ལམ་དང་བསང་དང་ཀླུང་རྟ་སོགས་དགེ་ཞིང་ཤིས་པའི་བརྟེན་འབྲིལ་ཤིས་བརྗོད་དང་བཅས་ལེགས་པར་གྲུབ་པ་དགེ་ལེགས་འཕེལ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག