༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་༣༥འཁོར་བའི་དུས་ཆེན་མཛད་སྒོ།
གཤེན་གྱི་འབྱུང་ལྡན་ ༣༠༡ བོད་ཆུ་སྦྲུལ་ལོའི་ཟླ་བ་གཉིས་པའི་ཚེས་བཅུ་བདུན་ཉིན་སྟེ། ཕྱི་ཟླ་(༣)པའི་ཚེས་(༢༩)ཉིན་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་༣༥འཁོར་བའི་དུས་ཆེན་བརྩི་སྲུང་ཞུས་ཡོད་པ་རེད།
དེ་ཡང་གོང་ཚེས་ཞོགས་པའི་འཁོར་དུས་བདུན་པའི་ཐོག་འཆར་ཅན་ལྟར་བཤད་སྒྲུབ་འདུས་སྡེའི་དར་ཆེན་སྒྲེང་འཛུགས་དང་། བཤད་སྒྲུབ་སློབ་གཉེར་པ་རྣམས་ནས་བསང་གསོལ་ལྷ་རྒྱལ་དང་༧སྐྱབས་རྗེ་མཁན་སློབ་རྣམ་པའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་ཁའི་མཛད་རིམ་གྲུབ་རྗེས་སུ། བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་གཞོན་གཉིས་ཀྱིས་ལྷ་རྫས་དྲི་མ་མེད་པའི་སྤོས་དར་གྱིས་སྣེ་དྲངས་ཏེ། མཛད་སྒོའི་སྐུ་མགྲོན་གཙོ་བོ་༧ཞྭ་དཀར་བསྟན་པའིི་གཙུག་རྒྱན་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། གསང་གསུམ་བསྟན་པའི་མཛོད་འཛིན་༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་རྣམ་པ་གཉིས་གདན་ཞུས་ཀྱིས་༧སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་བཤད་སྒྲུབ་བསྟན་པའི་དར་ཆེན་མཁའ་དབྱིངས་སུ་སྒྲེང་འཛུགས་མཛད་དེ་ཀུན་གྱིས་དགའ་བའི་ཐལ་སྒྲ་ལྡིར་ཞིང་། དེ་ནས་སྐྱ་སེར་ཡོངས་ཀྱིིས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུང་བའི་མཇུག་གྲུབ་མཚམས་རང་རང་གི་བཞུགས་གྲལ་དུ་འཁོད་པ་བཅས་སྔོན་འགྲོའི་མཛད་རིམ་ཡོངས་སུ་གྲུབ་པ་དང་།
དངོས་གཞིའི་མཛད་རིམ་ཐོག་མར་སྐྱ་སེར་ཡོངས་ལ་རྟེན་འབྲེལ་གྱི་འབྲས་སིལ་དང་གསོལ་ཇ་འདེགས་འབུལ་ཞུས་པ་དང་ཆབས་ཅིག གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་ཚོགས་གཙོ་མཆོག་ནས་རྣམ་འདྲེན་རྒྱལ་ བའི་དབང་པོ་ནས་བཟུང་ད་བར་གྱི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེའི་བྱུང་རབས་དང་ལོ་གཅིག་གི་བཤད་སྒྲུབ་འདུས་སྡེའི་ལས་བསྡོམ་སོགས་ཀྱི་གཏམ་བཤད་གནང་ཡོད་པ་དང་། ཚོགས་མགོན་དུ་ཞབས་སོར་འཁོད་པའི་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་དབུས་པའི་བཤད་སྒྲུབ་འདུས་སྡེའི་མཁན་པོ་དང་སློབ་དཔོན། དཔེ་ཁྲིད་དགེ་བཤེས་རྣམ་པ། དེ་མིན་ཚོགས་སྡེ་ཁག་གི་གནད་ཡོད་ཀྱི་དཔོན་རིགས་རྣམས་ཀྱིས་བཀའ་སློབ་དང་གཏམ་བཤད་ཟབ་རྒྱས་གནང་ཡོད་པ་དང་།
གཞན་ཡང་དམིགས་བསལ་ལོ་འཁོར་ཡིག་རྒྱུགས་སྐབས་ཀྱི་བརྒྱ་ཆའི་ཨང་ཐོབ་རྩེར་ཐོན་ཁག་དང་། འཆར་ཅན་གཞུང་རྒྱུགས་རིགས་ཕུད་པའི་འཕར་རྒྱུགས་ལ་བོན་གྱི་སྤྱན་ལྡན་ཆེན་པོའི་ཚད་མ་ཀུན་བཏུས་ཆ་ཚང་དང་། རྗེ་རིན་པོ་ཆེའི་ས་ལམ་འཕྲུལ་གྱི་སྒྲོན་མའི་རང་འགྲེལ་དང་། ཚད་མ་རང་འགྲེལ་སོགས་དམིགས་བསལ་ངག་རྒྱུགས་འབུལ་མཁན་གྱི་བཤད་སྒྲུབ་སློབ་གཉེར་བ་རྣམས་ལ་༧དཔལ་ལྡན་སྨན་རིའི་བླ་སྤྱིའི་གོ་སྒྲིག་གིས་༧ སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་གསོལ་རས་གཟེངས་བསྟོད་བསྩལ་གནང་ཡོད་པ་དང་།
མཇུག་མཐར་ཚོགས་གཙོ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་དང་སེར་སྐྱ་མང་ཚོགས་ཡོངས་ལ་ཉིན་གུང་གསོལ་ཚིགས་བཅས་ཕུལ་ཏེ་མཛད་སྒོ་བདེ་བླག་ངང་གྲུབ་ཡོད་པ་བཅས་སོ།།
པར་པ་གྱེར་ནག་ཚང་བློ་གྲོས་འགྱུར་མེད།
གཡུང་དྲུང་བོན་གྱི་དྲ་ཚིགས་ལས་བཤུས།