དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེས་གཞི་རྒྱ་ཆེ་བའི་བོན་ཁྲིད་དྲ་ལམ་ནས་སྤེལ་བའི་གནས་བསྡུས།
ལིག་མིན་རྐྱའི་དབུ་འཛིན་དང་ཨ་རིའི་ཆོས་བརྒྱུད་རིས་མེད་མཁས་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་ནི་ནམ་རྒྱུན་ཨ་རིའི་ས་ཁུལ་ཝིར་ཇི་ནི་ཡ་ལ་བཞུགས་ནས་རྒྱལ་ཁབ་ཁག་ཏུ་ཚུགས་པའི་གཡུང་དྲུང་བོན་གྱི་ཆོས་ཚོགས་སུམ་ཅུ་སོ་ལྔ་ཙམ་ལ་འཛིན་སྐྱོང་གནང་བཞིན་འདུག །ཕྱི་ལོ་༢༠༡༢ལོའི་ཟླ་༧པའི་ནང་ཨ་རིའི་ནུབ་ཕྱོགས་ཁེ་ལི་ཧྥོར་ནི་ཡའི་ས་ཁུལ་སན་ཧྥ་རན་སི་སི་ཀོའི་ཉེ་སྐོར་ལ་བཞུགས་ཁང་གསར་པ་ཞིག་ཉོས་ཏེ་ས་གནས་དེར་རྟེན་གཞི་མཛད་ནས་སྔར་ལྟར་ཆོས་ཚོགས་ཁག་འཛིན་སྐྱོང་མུ་མཐུད་ཐོག་ཟླ་རེ་བཞིན་ལིག་མིན་རྐྱ་ཆོས་ཚོགས་ཀྱི་མཛད་ཕྲིན་སྔར་ལས་ལྡབ་ཀྱིས་འཕེལ་བ་དང་། གླ་ཡོད་ལས་བྱེད་ཁག་ཀྱང་སྔར་ལས་ལྡབ་འཕར་ཕྱིན་པ་དང་། ཁྱད་པར་ད་ལོ་འགྲོ་གྲོན་ཕོན་ཆེན་བཏང་ནས་རྒྱལ་སྤྱིའི་དྲ་ལམ་༼www.ligminch.org༽གསར་བསྐྲུན་གནང་བ་དང་། ལོ་རེར་ཆོས་ཚོགས་ཁག་ཏུ་བཤད་ཁྲིད་ཀྱི་ཆེད་ཕེབས་སྐྱོད་གནང་སྐབས་མིལ་ལེ་འབུམ་གཅིག་ལྷག་གི་བགྲོད་ལམ་དུ་ཕེབས་སྐྱོད་གནང་གི་ཡོད་འདུག ལིག་མིན་རྐྱ་དང་། གྷི་ལཱ་ཌི་ཝིང་གཉིས་ཀྱིས་བརྡ་འཕྲིན་དྲྭ་བའི་བརྒྱུད་ནས་ཟླ་ངོ་རེ་རེ་བཞིན་སློབ་མ་རྒན་པ་ཉམས་མྱོང་ཅན་རྣམས་དང་སློབ་མ་གསར་པ་རྣམས་ལ་སློབ་ཁྲིད་བར་མེད་དུ་གནང་བཞིན་འདུག །
ཧ་ལས་དགོས་པའི་གནས་ཚུལ་ཅིག་ནི་ཁ་སང་༢༠༡༣ལོ་ཟླ་༣ཚེས་༢༣གཟའ་སྤེན་པ་ཉིན་རིན་པོ་ཆེའི་མཛད་རིམ་ཞིག་ལ་གསང་སྔགས་དང་ལྷག་པར་སེམས་ཕྱོགས་དང་འབྲེལ་བའི་སྐྱབས་འགྲོའི་བཤད་ཁྲིད་དྲྭ་ཐོག་ནས་སྤེལ་བའི་གནས་ཚུལ་ཉུང་ངུ་ཞིག་མ་བསྐུལ་དང་བླངས་ཀྱིས་གནས་བསྡུས་སུ་འགོད་འདོད་བྱུང་། བཤད་ཁྲིད་དེའི་གོ་སྒྲིག་བྱེད་མཁན་གཙོ་བོ་རྒྱལ་སྤྱིའི་སློབ་མ་མི་སུམ་ཅུ་ཙམ་དང་ཕྱག་རོགས་བསྡོམས་པའི་མི་ལྔ་བཅུ་ཙམ་ས་གནས་མི་འདྲ་བ་སོ་སོར་ཡོད་འདུག དྲ་ལམ་བརྒྱུད་བཤད་ཁྲིད་ལ་ཉན་མཁན་ཚོད་དཔག་ལྟར་ན་མི་གྲངས་སུམ་སྟོང་མ་ཟིན་ཙམ་དུས་ཐོག་དེར་ཉན་མཁན་བྱུང་ཡོད་པ་དང་། བཤད་ཁྲིད་དེ་སྐད་ཡིག་མི་འདྲ་བ་དགུ་སྟེ། དབྱིན་ཇི་དང་། ཧྥ་རན་སི། ཇར་མ་ནིའི། པོ་ལན་ཌི། ཨི་ཊ་ལི། ཅིག་ཀན། ཨུ་རུ་སུ། ཏུར་ཀིའི་ཤི། ཧང་གི་རིའི་བཅས་སྐད་ཡིག་མི་འདྲ་བ་དགུའི་ཐོག་ནས་དུས་མཉམ་དུ་བསྒྱུར་ཏེ་བཤད་ཁྲིད་གནང་ཡོད་འདུག ཁོང་གི་ཆོས་ཚོགས་ཁག་ཏུ་ཉུང་མཐའ་མི་གཅིག་ནས་མང་མཐའ་ལྔ་བཅུ་བར་དངོས་སུ་གློག་ཀླད་བཙུགས་ནས་དུས་ཐོག་ཏུ་བཤད་ཁྲིད་ཉན་ཡོད་འདུག རིན་པོ་ཆེས་གསུངས་དོན་ལྟར་ད་ཆ་སྐད་ཡིག་དགུའི་ཐོག་ནས་བསྒྱུར་བ་རེད་དེ། རྗེས་ནས་རྒྱ་སྐད་དང་། ཌན་མག ཧྥིང་ལན། པོར་ཆུ་གྷལ་བཅས་ཁ་སྣོན་བྱ་རྒྱུ་ཡིན་གསུངས་སོང་། ཁོང་དང་བཀའ་མོལ་བྱུང་དོན་ལྟར་ན། བཤད་ཁྲིད་བྱ་ཡུལ་ནི་ཁང་པ་ཆུང་ཆུང་ཞིག་གི་ནང་དུ་ཐང་སྐུ་རྐྱང་པ་ཞིག་མ་གཏོགས་མི་འདུག དེ་འདྲའི་ཁང་ཆུང་ཞིག་ནས་བཤད་ཁྲིད་ཁྱབ་རྒྱ་ཆེན་པོ་དེ་འདྲ་བ་ཞིག་གནང་ཐུབ་པ་ཇི་འདྲའི་ངོ་མཚར་མི་ཆེའམ་ཞེས་ཞུས་པ་ཡིན། དེང་སང་ཚན་རིག་གི་འཕྲུལ་ལ་དེ་འདྲ་ཡ་མཚན་ཡོད་པ་རེད། དྲྭ་ལམ་གྱི་ཐོག་ནས་བཤད་ཁྲིད་ནམ་རྒྱུན་འགྲོ་བསྡད་ཡོད་ཀྱང་། ད་ལན་རྒྱལ་ཁབ་མི་འདྲ་བ་སོ་སོ་ནས་དམིགས་གསལ་དྲ་ལམ་གྱི་ལས་གཞི་རྒྱ་ཆེན་གོ་སྒྲིག་བྱས་པ་དེ་ཐེངས་དང་པོ་ཡིན། ད་ལན་བཤད་ཁྲིད་དེ་གཞི་རྒྱ་ཆེན་པོ་ཞིག་ཆགས་སོང་གསུངས་ནས་ཞལ་འཛུམ་མངོན། བཤད་ཁྲིད་ཀྱི་བརྗོད་གཞིའི་སྐོར་ལ་དྲིས་ལན་གསུངས་དོན། དེང་སང་གི་དུས་ཚོད་དུ་ང་དང་ཁོ་ཟེར་བ་དེ་ཤུགས་ཆེན་པོ་ཞེད་དྲག་རེད། དེ་འདྲ་ཡིན་དུས་ང་གང་ཟག་གང་ཞིག་གི་རྗེས་སུ་ཞུགས་པའམ། ལྷ་གང་ཞིག་ལ་སྐྱབས་སུ་འགྲོ་དགོས་མིན་སྐོར་དེ་ང་ཚོའི་འཆར་ཅན་གྱི་བསམ་བློ་ཞིག་རེད་དེ། གནས་ཚུལ་དེས་སྐབས་འགར་མི་མང་པོ་རྙོགས་དྲའི་ནང་དུ་ལྷུང་བཅུག་གི་ཡོད། ཁ་ཡོད་ལག་ཡོད་ཀྱི་མིའི་སེམས་ལ་ཕན་པའི་སྐད་ཆ་ག་རེ་ཡོད་པ་དེ་གལ་ཆེན་པོ་རེད། དེ་འདྲ་ཡིན་དུས་ངས་དཔེ་མཚོན་ཅིག་བཤད་པ་ཡིན་ན། འདིའི་ཐང་སྐུ་དེ་ཏ་པི་ཧྲི་ཙའི་སྐུ་རེད། མི་ཚོས་མཐོང་ཡོང་དུས་རྗེན་མེད་གཅེར་བུ་རང་མཐོང་གི་རེད། རྗེན་མེད་གཅེར་བུ་ཡེ་ཉིད་སྙིང་པོའི་དོན་གསུངས་པ་རེད། རྗེན་མེད་གཅེར་བུ་དེ་དངོས་པོའི་གཤིས་སེམས་ཀྱི་གནས་ལུགས་ཐོག་ལ་ཕར་འཁྲིད་ཡོང་དུས་མི་མང་པོ་ཞིག་སེམས་ལ་ར་འཕྲོད་པོ་ཡོང་གི་འདུག དེ་མིན་མཚན་བཅས་ཀྱི་བསམ་ཚུལ་སྟོན་པ་ཞིག་གི་བཀའ་རེད་ཟེར་བ་དང་། ཡང་ན་ངའི་ལུགས་སྲོལ་འདི་རེད་ཟེར་ནས་ཕར་བཤད་དུས་ར་འཕྲོད་ཁག་པོ་ཞིག་འདུག མི་ཚང་མ་དོགས་པ་རྣམ་རྟོག་གི་རང་བཞིན་རེད། ནམ་རྒྱུན་ནས་རང་གི་སློབ་མ་རྣམས་ལ་ངས་འདི་ལྟར་ཤོད་ཀྱི་ཡོད། ཁྱེད་ཚོས་ང་ལ་ཕྱག་འཚལ་དགོས་ཀྱི་མ་རེད། སྐྱབས་སུ་འགྲོ་དགོས་ཀྱི་མ་རེད། ཕྱག་འཚལ་ན་གནས་ལུགས་ལ་འཚོལ་ཟེར་ནས་ཤོད་ཀྱིན་ཡོད། ང་དང་ངའི་ཚོགས་པ་ལ་དད་འདུན་བྱ་དགོས་ཀྱི་མ་རེད་ཟེར་གྱི་ཡོད། ངས་ཐབས་ཤེས་ཀྱི་ཐོག་ནས་དངོས་པོའི་གནས་ཚུལ་ལ་འཁྲིད་ཐབས་གཙོ་བོ་བྱེད་ཀྱི་ཡོད། དེའི་བཀའ་དྲིན་གྱིས་བཤད་ཁྲིད་ཀྱི་སྐབས་སུ་མི་མང་པོ་ཞིག་མིག་ཆུ་ཤོར་མཁན་ཡང་ཡོང་གི་འདུག ཉན་མཁན་བོད་རིགས་ལའང་དེ་འདྲ་ཡོང་གི་འདུག གསུངས་སོང་།
བཤད་ཁྲིད་དོ་སྣང་སླེབས་རྒྱུ་དེ་སྐད་རིགས་མང་པོའི་ཐོག་ཏུ་ཡོད་པའི་གསུང་རྩོམ་དེབ་བཅུ་གཉིས་ལྷག་ཙམ་ཞིག་ཡོད་པ་རེད། དེ་ཚོ་མི་ཕལ་པ་གང་ཞིག་གི་མི་ཚེའི་བདེ་སྡུག་གི་ཚོར་བ་དང་སྦྱར་ནས་ཉམས་སུ་ལེན་རྒྱུ་ཡོད་པ་ཁ་ཡོད་ལག་ཡོད་ཀྱི་ར་འཕྲོད་ཐབས་ཤིག་གི་ཐོག་ནས་བྲིས་ཡོད་པའི་ཆ་ནས་རེད་བསམ་གྱི་འདུག་ཅེས་གསུངས་པ་ལྟར་ན་ཁོང་གི་རྩོམ་རིག་གི་རིན་ཐང་མཚོན་ཡོད་པར་སྙམ། ཕྱི་ནང་གསང་བའི་འབྱུང་བའི་བཅུད་བསྡུས་ནས་བླ་སྲོག་ཉམས་གསོ་བྱེད་ཚུལ་སྐོར་དང་། གཞན་དག་ཚོར་བའི་རུ་ཤན་སྐོར་དེབ་གཅིག་སྟེ་ད་ཆ་གསར་དུ་ཕྱག་ལས་གནང་བ་ལ་ཕྱག་དེབ་གཉིས་ཙམ་ཡོད་འདུག
ལོ་རྗེས་མར་དགེ་བཤེས་རིན་པོ་ཆེའི་གསུང་རྩོམ་ལས་རྒྱ་སྐད་ཐོག་ལ་བསྒྱུར་རྒྱུའི་དེབ་གཉིས།
རྒྱ་སྐད་དུ་བསྒྱུར་ཟིན་ནས་པར་བསྐྲུན་གནང་བའི་རིན་པོ་ཆེའི་གསུམ་རྩོམ༼བོད་ཀྱི་རྨི་ལམ་རྣལ་འབྱོར༽
ན་ནིང་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་རྨི་ལམ་སྐོར་དེ་རྒྱ་སྐད་ཐོག་དཔར་སྐྲུན་བྱས་ཡོད་འདུག དཔེ་སྐྲུན་ཁང་དེ་ནས་རྒྱ་སྐད་ཐོག་ཏུ་ལོ་རྗེས་མ་དེབ་གསུམ་དཔར་སྐྲུན་བྱ་རྒྱུ་ཐག་ཆོད་བྱུང་འདུག གཞན་ཡང་ཨ་རིའི་བོད་ཀྱི་ཆོས་བརྒྱུད་རིས་མེད་མཁས་པའི་ལྷན་ཚོགས་ཀྱིས་ཁོང་ལ་སྤྱི་མོས་གྲོས་ཆོད་ཐོག་ནས་ཚོགས་གཙོར་བསྐོ་བཞག་ཞུས་འདུག ད་ལོའི་ཕྱི་ཟླ་༦པའི་ནང་བོད་ཀྱི་ཆོས་བརྒྱུད་རིས་མེད་མཁས་པའི་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་གསུམ་པ་དེ་ཁེ་ལི་ཧྥོར་ནི་ཡར་འཚོག་འཆར་འདུག ཚོགས་འདུ་དེ་ནི་ནུབ་ཕྱོགས་སུ་ཆོས་ལུགས་དར་སྤེལ་གཏོང་ཕྱོགས་དང་། བོད་ཀྱི་ཆོས་ལུགས་ཁག་གི་བླ་མ་རྣམས་ཐུགས་ནང་གཤིན་པོ་ཡོང་བའི་ཆེད་བགྲོ་གླེང་གང་ཟབ་གནང་རྒྱུའི་ཆེད་དུ་རེད་འདུག
འདིར་དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་ལ་འཕྲོས་དོན་གྱི་དྲི་བ་ཞུས་པ་ཁག་ཅིག་དགོད་རྒྱུ་ཡིན། དྲི་བ། ཁྱེད་ཀྱི་མཛད་འཕྲིན་མང་པོ་ཞིག་ཡོད་རེད་དེ། གསར་ལམ་ཁག་ཏུ་མ་སྤེལ་བ་གང་ཡིན་ནམ། ལན། ངས་ད་ལྟ་བར་དུ་དཀའ་ལས་ཞེད་དྲག་བརྒྱབས་ནས་ལས་ཀ་མང་པོ་ཞིག་བསྒྲུབས་ཡོད་རེད་དེ། ལས་ཀ་དེ་ཚོ་མིའི་ཤེས་དགོས་པའི་འདུན་པ་བྱས་མེད། དེ་འདྲ་ཡིན་དུས་མང་ཆེ་བ་མང་ཚོགས་ཀྱིས་ཤེས་ཀྱི་མ་རེད།
དྲི་བ། ད་ལན་ཆོས་ཚོགས་ག་ཚོད་ལ་ཕྱག་ལས་ག་རེ་གནང་གི་ཡོད་དམ། ལན། རང་གི་ཆོས་ཚོགས་སུམ་ཅུ་སོ་ལྔ་ཙམ་ལ་འཛིན་སྐྱོང་བྱེད་ཅིང་ཡོད། ཡིན་ན་རང་རང་ལ་ལས་བྱེད་བསྐོ་བཞག་བྱས་ཡོད་རེད། ཁོང་ཚོས་ལས་དོན་སྒྲུབ་བཞིན་པ་རེད། ད་ལོ་ངས་སྒེར་གྱི་བསྒྲུབ་དགོས་རྒྱུ་དེ་ཨ་རིའི་ཆོས་བརྒྱུད་རིས་མེད་མཁས་པའི་བགྲོ་གླེང་ལྷན་ཚོགས་ཀྱི་ལས་ཀ་ཞིག་ཡོད། དེ་མིན་ནུབ་ཕྱོགས་བོན་གྱི་བླ་མ་ཁག་ལྷན་འཛོམས་ཀྱི་ཚོགས་འདུ་ཞིག་བྱེད་འཆར་ཡོད། ཚོགས་འདུའི་སྙིང་དོན་ནི། ནུབ་ཕྱོགས་སུ་གཡུང་དྲུང་བོན་གྱི་བསྟན་པ་ཇི་ལྟར་སྤེལ་ཕྱོགས་དང་། ནུབ་ཕྱོགས་སུ་བཞུགས་པའི་བོན་གྱི་བླ་མ་རྣམས་མཐུན་ལམ་དམ་ཟབ་ཐོག་བོན་བསྟན་སྤྱི་ལ་ཕན་པའི་མཛད་བཟང་གོང་འཕེལ་ཡོང་སླད། ལོ་མང་རིང་ནས་ལྷག་བློ་ཆེན་པོས་ཐུགས་འདུན་གནང་ནས་དེའི་ཐོིག་དུས་ཚོད་མང་པོ་ཞིག་བཏང་འབྲས་སུ། ནུབ་ཕྱོགས་སུ་བོན་པོའི་བླ་མ་ལྷན་འཛོམས་ཀྱི་ཚོགས་འདུག་ཞིག་ཕྱི་ལོ་༢༠༢༣ལོའི་ཟླ་བ་༡༠ནང་ལིག་མིན་རྐྱ་ཆོས་ཚོགས་སུ་འཚོག་འཆར་རེད་འདུག། མ་འོངས་པར་བོད་དང་རྒྱ་གར་སོགས་སུ་དེ་བཞིན་མཉམ་འཛོམས་ཡོང་བའི་འདུན་པ་ཡོད་གསུངས། །དེ་གལ་ཆེན་པོ་ཞིག་མཐོང་སོང་། གང་ཡིན་ཞེ་ན་ང་ཚོ་རང་རང་གིས་ང་དང་ཁོ་ཟེར་བ་མ་ཡིན་པར་འདྲ་མཉམ་ལྷན་འཛོམས་ཀྱི་ཐོག་ནས་ཕན་ཚུན་མཐུན་ལམ་དང་བསྟན་དོན་ལ་གོམ་གང་མདུན་སྤོ་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་མཐོང་གི་ཡོད་གསུངས། །
དྲི་བ། ཁྱེད་ཀྱིས་ཆོས་ཚོགས་འཛིན་སྐྱོང་གནང་སྟངས་ཐད་ལ་དཀའ་ངལ་ཆེ་ཤོས་དེ་གང་བྱུང་སོང་ངམ། ལན། ང་དང་པོ་ཕྱི་རྒྱལ་ལ་སླེབས་དུས་རང་ལོ་༢༨ལ་སླེབས་ཡོད་པ་རེད། ཕྱི་རྒྱལ་ལུང་པའི་འགྲོ་སྟངས་མ་ཤེས་ནས་ལས་ཀ་བྱེད་སྟངས་ཤེས་མ་ཤེས་མང་པོ་བྱུང་ནས་དཀའ་ངལ་ཡོད་མོད་ཀྱང་། ཕྱི་རྒྱལ་མི་ཡིས་བོན་པོའི་ཚོགས་པ་བཙུགས་པ་བྱུང་ཡོད་རེད་དེ། བོན་པོའི་བླ་མའི་ཆོས་ཚོགས་བཙུགས་པ་དང་པོ་དེ་ཆགས་པ་རེད། རང་ཉིད་ལྟ་བུ་ཡིན་ན་ལམ་ཁ་གཅིག་ལ་ཨུ་ཚུགས་བྱས་བསྡད་པ་མིན་པར་དཀའ་ངལ་ཅན་གྱི་ལམ་ཁ་དུ་མ་ལ་བགྲོད་ནས་མཐར་གྲུབ་འབྲས་འཚོལ་མཁན་ཞིག་དང་། རང་གིས་མ་ཤེས་པའི་དོན་དེ་གཞན་ནས་བློ་སྐྱེད་ཞུ་འདོད་ཡོད་མཁན་ཞིག་ཡིན། བསམ་བློ་དེ་འདྲའི་ཐོག་ནས་འགྲོ་བསྡད་དུས་འགྲིག་འགྲོ་གི་འདུག །
དྲི་བ། ཁྱེད་ཀྱིས་མ་འོངས་པར་ཆོས་ཚོགས་འཛིན་སྐྱོང་བྱེད་ཚུལ་ཐད་ལ་དགོངས་འཆར་གསར་པ་གང་ཡོད་དམ། ལན། དེ་ལ་སྣ་ཁ་ཁ་ཤས་ཤིག་ཡོད་རེད། དཔེ་ཁྲིད་ཀྱི་དབང་དུ་བྱས་ན་བློ་ཁ་མཐོ་དམན་ཅི་རིགས་ལ་ལྟོས་ཏེ་བཤད་ཁྲིད་བྱེད་ཀྱི་ཡོད། ད་ལྟ་གཙོ་བོ་ཉམས་རྒྱུད་རྒྱལ་བའི་ཕྱག་ཁྲིད་དང་། མ་རྒྱུད་ཐབས་དྲུག་ལམ་འཁྱེར་དེ་ཚོ་འཁྲིད་ཀྱི་ཡོད། མ་འོངས་པར་ཆོས་ཚོགས་རེ་རེའི་ནང་དུ་དགེ་བཤེས་དེ་འདྲ་བཞུགས་ནས་བཤད་ཁྲིད་གནང་བའི་རེ་བ་ཡོད། །
དྲི་བ། ཆོས་ཚོགས་ཀྱི་བརྒྱུད་ནས་བོན་ཆོས་ཁྱབ་བསྒྲགས་ག་ཚོད་བྱུང་སོང་ངམ། ལན། སྔར་བོན་པོའི་སྐོར་ལ་དོགས་པ་རྣམ་རྟོག་མང་པོ་ཞིག་ཡོད་བསྡད་པ་དེ་ཚོ་སེལ་ནས་ཕྱི་ཡི་མི་རིགས་ལ་བོན་ཆོས་ཀྱི་ཉམས་ལེན་བརྒྱུད་དངོས་སུ་ཉམས་མྱོང་སྤེལ་ཐུབ་པ་བྱུང་ཡོད། ཆོས་ཚོགས་ནས་བོན་པོའི་སྐོར་ལ་ཁྱབ་བསྒྲགས་ཁྱབ་ཆེ་བ་དེ་བྱུང་ཐུབ་ཡོད། །དུས་ཕྱིས་སུ་ནུབ་ཕྱོགས་ཁུལ་དུ་བོན་གྱི་ཆོས་ཚོགས་གསར་པ་འགའ་ཙམ་ཚུགས་ཡོད་པ་རྣམས་རང་གི་སློབ་མ་རྙིང་པ་མང་པོ་ཞིག་གིས་རྐང་བཙུགས་ནས་ལས་དོན་བསྒྲུབས་ཏེ་དོན་ཕན་ལྡན་པ་བྱུང་ཡོད་པ་རེད། དེ་ཕྱོགས་སུ་རང་གིས་ཁོང་རྣམ་པའི་ཆོས་ཚོགས་སུ་རོགས་པ་གནང་རོགས་ཀྱི་རེ་སྐུལ་དང་རྒྱབ་གཉེར་གྱི་ཡི་གེ་སྤྲད་ནས་སེམས་ཤུགས་སྤར་བ་སོགས་བྱས་ཏེ་བོན་གྱི་ཆོས་ཚོགས་གཞན་ལ་རོགས་རམ་ཅི་ཐུབ་ཞུས་ཡོད། འདི་ལིག་མིན་རྐྱ་ཆོས་ཚོགས་ཀྱི་ལས་འགན་ཞིག་ཀྱང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
དྲི་བ། ཨེ་ཤ་ཡའི་ཕྱོགས་སུ་ཆོས་ཚོགས་བཙུགས་གནང་ཡོད་དམ་མེད། ལན། ས་ཁུལ་དེ་ཕྱོགས་སུ་ད་ལྟ་ཆོས་པྱོགས་གང་བཙུགས་ཡོད་མ་རེད་དེ། ངའི་དེབ་དེ་ཚོ་རྒྱ་ནག་གི་སྐད་དང་། ཉི་ཧོང་། ཀོ་རི་ཡ་སོགས་ལ་བསྒྱུར་ཡོད་རེད། ཀོ་རི་ཡ་དང་ཇར་པན་སོགས་ལ་ཡོང་དགོས་པའི་སྐུལ་མ་གཏོང་མཁན་ཡོད། རྗེས་སུ་དེ་ཕྱོགས་སུ་འབྲེལ་བ་བྱ་འཆར་ཡོད།
དྲི་བ། ཆོས་ཚོགས་ཀྱི་དཔལ་འབྱོར་གནས་སྟངས་ཐོག་གང་འདྲ་ཡིན་ནམ། ལན། ཆོས་ཚོགས་ལ་དཔལ་འབྱོར་ཐོག་དཀའ་ངལ་དམིགས་གསལ་གང་ཡོད་མ་རེད། ཡིན་ན་དཀའ་ངལ་བགྲང་ན་བགྲང་རྒྱུ་ཡོད་ཡོད་པ་རེད། ད་ལྟ་ཡོད་བསྡད་པའི་རང་གི་ཆོས་ཚོགས་ལ་གྲོང་ཁྱེར་གྱི་ཕྱི་ས་ཆའི་རྒྱ་ཁྱོན་ཆེ་གྲས་ཆོས་ཚོགས་དྲུག་ཙམ་ཡོད། ཆོས་ཚོགས་གཞན་དག་གྲོང་ཁྱེར་ནང་དུ་གནས་སྡོད་བྱས་ཡོད་པ་རེད། མིག་སི་ཀོ་ལ་ཐོག་བརྩེགས་བཅུ་གཅིག་ཅན་གྱི་མཆོད་རྟེན་གསར་བཞེངས་བྱས་ཡོད་པའི་མཆོད་རྟེན་གྱི་ལྷ་ཁང་དབུས་མའི་ནང་དུ་མི་ཉིས་བརྒྱ་ལྷག་ཙམ་ཤོང་ས་ཡོད། མཆོད་རྟེན་དེ་ལྷོ་ཨ་རི་ཁུལ་དུ་མཆོད་རྟེན་ཆེ་ཤོས་དེ་རེད། ད་ལྟ་པོ་ལན་ཌར་དགོན་པ་གསར་པ་ཚོགས་ཁང་ལ་མི་སུམ་བརྒྱ་ལྔ་བཅུ་ཙམ་ཤོང་ཐུབ་པ་ཞིག་བཞེངས་ཡོད། ཨ་རིའི་ཁ་ལི་ར་རྡོ་ཕྱོགས་སུ་རྒྱ་ཁྱོན་ཨེ་ཀ་ལྔ་བཅུ་ང་དྲུག་ཡོད་པའི་མཚམས་ཁང་དང་མུན་མཚམས་སྡོད་ས་སོགས་བཟོ་སྐྲུན་བྱེད་ཀྱིན་ཡོད།
དྲི་བ། ཁྱེད་ཀྱིས་བརྩམས་དེབ་བཏོན་པའི་ནང་ནས་མང་ཚོགས་ཀྱི་དགའ་ཤོས་དེ་གང་ཡིན་ནམ། ལན། རྨི་ལམ་གྱི་དེབ་དེ་རེད། ད་ལྟ་དེབ་གསར་པའི་ནང་ནས་རྫོགས་ཆེན་གྱི་སྐོར་ནས་ཟླ་བ་རྒྱལ་མཚན་གྱི་ཚིག་ལྔའི་འགྲེལ་བཤད་དེ་དང་། དཔའ་བོ་འབྲུ་ལྔའི་དེབ་དེ་ལའང་དགའ་པོ་བྱེད་ཀྱི་འདུག །
དྲི་བ། ཁྱེད་ཀྱིས་དེབ་དེ་ཚོ་བོད་ཡིག་ཐོག་ཏུ་ཡོད་དམ། ལན། བོད་ཡིག་ཐོག་ལ་དེབ་གསུམ་ཡོད། བོད་ལ་ཕྱིན་པའི་ཟིན་ཐོ་དེབ་གཅིག་དང་། བོན་གྱི་གསུང་རབ་དཀར་ཆག་དེབ་གཉིས་བཅས་དེབ་གསུམ་ཡོད། རྗེས་སུ་དབྱིན་ཡིག་ཐོག་ནས་བོད་ཡིག་ལ་བསྒྱུར་རྒྱུའི་འཆར་གཞི་ཡོད། །ཅེས་གསུངས། །