རེབ་གོང་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་སྨིན་གྲོལ་གླིང་གི་གར་འཆམ།
བླ་མ་སངས་རྒྱས་ཀུན་འདུས་ལྷག་པའི་ལྷ། །ཡི་དམ་ཀློང་དགུའི་སྒྱུ་འཕྲུལ་བདེན་གཉིས་བོན། །
མཁའ་འགྲོ་བོན་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས། །སར་གནས་སེམས་དཔའ་དང་བཅས་གུས་པས་འདུད། །
༧སྒྲུབ་ཆེན་མཐའ་རུ་ཕྱིན་པའི་འབྲས་རྟགས་སུ། །ལས་མཐའ་གར་འཆམ་མངོན་པར་སྟོན་པ་ལ། །
གོ་རིམ་ཕྱག་ལེན་གོང་མའི་བཀའ་བཞིན་དུ། །ཡི་གེར་འགོད་ལ་སྲུང་མས་གནང་བ་སྩོལ། །
༼ཞྭ་ནག་བརྒྱད།༽
ཞྭ་དཀར་བསྟན་པ་འཛིན་སྐྱོངས་སྤེལ་བ་ནི། །ཞྭ་ནག་ཕུར་ཐོགས་རྣམ་བརྒྱད་གར་དུ་འཆམ། །
བསྟན་འཛིན་བརྒྱ་སྟོང་ཁྲི་འབུམ་འཕེལ་བ་དང་། །བསྟན་པའི་འཕྲིན་ལས་རྒྱས་པའི་རྟེན་འབྲེལ་ཤར། །
༼མཆོད་འབུལ་ལྷ་མོ་བཞི།༽
མཛེས་པའི་ལྷ་མོ་མཆོད་འབུལ་མ་བཞི་ཡིས། །གཟུགས་སྒྲ་དྲི་རོ་རེག་རྒྱན་བོན་གཏེར་དང་། །
ཕྱི་ནང་གསང་བའི་མཆོད་པ་སྣ་ཚོགས་པ། །འབུལ་བའི་སྟབས་བསྒྱུར་འདི་ཡིས་ལྷ་རྣམས་དགྱེས། །
༼གཤིན་རྗེ་ཡབ་ཡུམ་གཉིས།༽
གཤིན་རྗེ་ཁམས་གསུམ་རྒྱལ་བོ་དང་། །ཡུམ་ཆེན་ཨེ་ཀ་ཙ་ཏི་ཡིས། །
བསྟན་དགྲ་དུན་ཤང་ཉམས་པའི་གཟུགས། །ཕྱེ་མར་བཏང་བའི་གར་འདི་འཆམ། །
༼སྲིད་རྒྱལ་དམུ་བདུད་གཉིས།༽
བསྟན་སྲུང་གཙོ་བོ་མ་བདུད་རྣམ་གཉིས་ཀྱིས། །བསྟན་དགྲ་དམ་ཉམས་དབྱིངས་སུ་བསྒྲལ་བྱས་ཏེ། །
བསྟན་པ་ཕྱོགས་བཅུར་སྤེལ་བའི་དོན་སླད་དུ། །བསྟན་པའི་ལས་དོན་དྲག་པོའི་གར་འཆམ་འབུལ། །
༼སྟག་རི་རོང་།༽
མ་མོའི་གཙོ་བོ་མ་མོ་སྟག་རི་རོང་། །མ་ལུས་གཙོ་འཁོར་འབུམ་ཕྲག་འཁོར་བཅས་རྣམས། །
མ་རུང་གྱི་གྲན་དགྲ་ལ་ཐུགས་ཁྲོས་ཏེ། །མ་ལུས་ཚར་ཐག་བཅད་ཚུལ་འཆམ་ལ་ལྟོས། །
༼རྨ་ཆེན།༽
ཀུན་བཟང་ཐུགས་སྤྲུལ་རྨ་གཉན་པོམ་ར་མཆོག །ཀུན་གྱི་དོན་དུ་བསྟན་སྲུང་སྐུར་བཞེངས་ནས། །
ཀུན་ལ་བརྩེ་བའི་འཛུམ་མདངས་སྟོན་བཞིན་དུ། །ཀུན་གྱི་སྤྱན་སྔར་ཞི་བའི་གར་ཡང་བསྒྱུར། །
༼བྲག་བཙན།༽
སྔོན་ཚེ་རྣམ་འདྲེན་གཤེན་རབ་མི་བོ་ཡི། །སྤྱན་སྔར་བསྟན་པ་སྐྱོང་བར་ཞལ་བཞེས་པའི། །
བྲག་བཙན་གཡུང་དྲུང་དབང་གི་རྒྱལ་བོ་ཡིས། །བདུད་སྡེ་ཕྱེ་མར་བཏང་བའི་ངང་ཚུལ་སྟོན། །
༼ཨ་བསྭེ་དམག་དཔོན་གཉིས།༽
བསྟན་སྲུང་ཆེན་པོ་བཙན་རྒོད་དམར་པོ་དང་། །བསྟན་པའི་གྲོགས་མཛད་དམག་དཔོན་ཆེན་པོ་ཡིས། །
བསྟན་དགྲ་སྒྲོལ་བར་རྔམ་པའི་གར་བསྒྱུར་བཞིན། །བསྟན་པ་ཕྱོགས་བཅུར་སྤེལ་བའི་འཕྲིན་ལས་སྒྲུབས། །
༼ཤེལ་ཁྲབ་ཅན།༽
དཀོར་བདག་རྒྱལ་ཆེན་ཤེལ་ཁྲབ་འབར་བ་ཡིས། །དཀོར་མཛོད་གཏེར་གྱི་དངོས་གྲུབ་ཟད་མེད་ཆར། །
གཤེན་ལ་ཅི་དགར་འཇོ་བའི་ངང་ཚུལ་ནི། །གཤེན་གྱི་གར་འཆམ་ཚུལ་འདི་རྨད་དུ་བྱུང་། །
༼བྱ་སེང་གཉིས།༽
དྲ་བ་དམར་ནག་ལྷ་ཚོགས་འཁོར་དང་བཅས། །གཟེ་གྱད་སྤར་མའི་དམག་ཚོགས་དགྲ་ལ་ཆས། །
དགྲ་ཁམས་ལྷ་དབྱེ་འགུགས་སྒྲོལ་སྟབས་གསུམ་བཅས། །གསང་སྔགས་ལས་མཐའ་གར་འཆམ་འདི་བཞིན་སྟོན། །
༼ཀེང་རུས་བཞི།༽
མ་རུང་བསྟན་དགྲ་མ་ལུས་ཚར་བཅད་ནས། །དུར་ཁྲོད་མི་རོའི་གྲམ་པ་རི་ལྟར་སྤུངས། །
ཟད་མེད་བདུད་རྩིའི་སྦྱོར་བའི་སྟབས་དང་བཅས། །བསྟན་སྲུང་རྒྱ་མཚོའི་ཞལ་དུ་ལྷག་མེད་བསྟབ། །
༼འཆམ་མང་།༽
བར་འཁྱམས་ཁྲག་མཚོ་འབར་བའི་གསས་མཁར་ནས། །གཟེ་གྱད་སྤར་མའི་ཚོགས་ཀྱིས་རྔམ་སྟབས་ཀྱིས། །
ཤང་དུན་ཉམས་པའི་ཙི་ཏ་ཞལ་དུ་གསོལ། །དགྱེས་པའི་གར་འཆམ་གཟིགས་མོ་རྨད་དུ་བྱུང་། །