ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> བརྙན་རིས། >> བརྙན་གཟུགས། >> ཐུབ་བསྟན་ཕུན་ཚོགས་ནས་ཕུལ་བའི་ཤིས་ཚིག
ཐུབ་བསྟན་ཕུན་ཚོགས་ནས་ཕུལ་བའི་ཤིས་ཚིག
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། TriSoten] [ཟླ་ཚེས། 11-07-24] [ཀློག་གྲངས། ]

ཚིག་རྩོམ་པ་པོ།  ཐུབ་བསྟན་ཕུན་ཚོགས།  ལེན་མཁན།  དགའ་ལྡན།

ཐུབ་བསྟན་ཕུན་ཚོགས།
      ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པའི་ཞིབ་འཇུག་གླིང་གི་སློབ་དཔོན་ཆེན་མོ།
      འབུམ་རམས་པ་དང་རབ་འབྱམས་པའི་མཛུབ་སྟོན་དགེ་རྒན།

གཡུང་དྲུང་བོན་གྱི་དཔེ་ཚོགས་པར་དུ་སྐྲུན་པའི་ཤིས་ཚིག

ཏི་སེའི་གངས་ལས་དཔང་མཐོ་ཞིང་། །མ་ཕམ་མཚོ་ལས་གཏིང་ཟབ་པའི། །
གངས་ཅན་བོད་ཀྱི་རིག་གཞུང་གི །ཕྱི་མོ་གཡུང་དྲུང་བོན་གྱི་མཛོད། །
མགར་དང་ཤིང་བཟོ་ལག་པའི་རྩལ། །རྒྱན་དང་ཁང་བཟང་བློ་ཡི་དཔྱིད། །
ལྷ་མིའི་སྐུ་བརྙན་མིག་གི་བརྒྱན། །བཟོ་རིག་འཇའ་ཚོན་འདི་ན་བཀྲ། །
གཞོན་ནུའི་ལང་ཚོ་རྫས་ཀྱིས་བསྐྱེད། །ནད་ཀྱི་ཟུག་རྔུ་སྨན་གྱིས་བཅོམ། །
རྒན་པོའི་སྐུ་ཚེ་བཅུད་ཀྱིས་བསྲིངས། །གསོ་རིག་རྒྱ་མཚོ་འདི་ན་བསྐྱིལ། །
མིང་གི་རྒྱ་མཚོ་གདོད་མའི་གྲོང་། །ཚིག་གི་སྡེབ་སྦྱོར་མཁས་པའི་ངག །
ཡི་གེའི་ཐོག་མ་བོན་གྱི་རྩལ། །བརྡ་སྤྲོད་དབྱར་རྔ་འདི་ན་ལྡིར། །
མངོན་སུམ་དཔྱོད་པའི་བློ་མིག་རྣོ། །རྗེས་དཔག་རྟོགས་པའི་ཐབས་ལམ་མང་། །
ལྐོག་གྱུར་དོན་ལ་མངོན་ཤེས་ཟབ། །རིགས་པའི་སྲང་ལམ་འདི་ན་ཡངས། །
ནད་གདོན་ཞི་བྱེད་གཏོ་མདོས་གཞུང་། །ལུས་སེམས་བདེ་བྱེད་དམ་པའི་ཆོས། །
ཕྱི་ནང་མཐུན་བྱེད་དཀར་ནག་རྩིས། །ཕན་བདེའི་བང་མཛོད་བོན་གྱི་སྒོ། །
ཕྱི་ཡི་ངོ་མཚར་འབྱུང་བའི་རྫས། །ནང་གི་བདེ་དྲོད་སེམས་ཀྱི་གཤིས། །
སྤྱི་ཚོགས་མཐུན་སྦྱོར་ཐབས་ཀྱི་སྒོ། །ཚན་རིག་ཀུན་འདུས་བོན་གྱི་གཞུང་། །
དེ་ལྟར་གཡུང་དྲུང་བོན་གཞུང་གི །དཔེ་ཚོགས་གསར་དུ་བསྐྲུན་པ་ལ། །
བསྟོད་དབྱངས་ངག་གི་རོལ་མོ་འདི། །དྭགས་བརྒྱུད་རྒན་པོའི་འབངས་དེས་དཀྲོལ། །

ཞེས་པ་བོད་ཀྱི་ཤེས་རིག་ཐམས་ཅད་ཀྱི་ཕྱི་མོ་གཡུང་དྲུང་བོན་གྱི་རིག་གཞུང་དཔེ་ཚོགས་གསར་དུ་སྐྲུན་པའི་ཤིས་ཚིག་ཏུ།
རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་ཀྱིས་པེ་ཅིན་དུ།
སྤྱི་ལོ༢༠༡༠ལོའི་ཟླ༡པོའི་ཚེས༢༩ཉིན།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག