ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> བརྙན་རིས། >> བརྙན་གཟུགས། >> གངས་ཐིག་ལས་བོན་བསྟན་བྱུང་འཕེལ་མདོར་བསྡུས།
གངས་ཐིག་ལས་བོན་བསྟན་བྱུང་འཕེལ་མདོར་བསྡུས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། TriSoten] [ཟླ་ཚེས། 11-07-25] [ཀློག་གྲངས། ]
    ཚིག་རྩོམ་པ་པོ།   ཚུལ་ཁྲིམས་བསྟན་པ་འབྲུག་གྲགས།  རྒྱང་སྒྲོག་པ།  བཀྲ་ཤིས་དབང་ཕྱུག

      ཚུལ་ཁྲིམས་བསྟན་པ་འབྲུག་གྲགས།

      ༼གངས་ཏི་སེ་བོན་གཞུང་རིག་མཛོད་༽དཔེ་ཚོགས་ཀྱི་གཙོ་སྒྲིག་གཞོན་པ།

བོན་བསྟན་བྱུང་འཕེལ་མདོར་བསྡུས།

       དེ་ཡང་གནས་ཕུན་སུམ་ཚོགས་པའི་ཏོག ཤིང་འཛམ་བུ་པྲིཀྵའི་གླིང༌། ཆུ་གཙང་བོ་བཞི་འདུས་ཀྱི་འགོ གངས་དཀར་པོས་བསྐོར་བའི་ལྗོངས། ལས་དགེ་སྡིག་འཛོམ་པའི་ཞིང༌། བོད་ཁ་བ་ཅན་དུ་གྲགས་པ་ནི། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། ཚེ་ཚད་སྒྲ་མི་སྙན་ན་རིང༌། །དཀོར་ཕྱུགས་བ་ལང་སྤྱོད་ན་ཆེ། །གཟུགས་བྱད་ལུས་འཕགས་པོ་རུ་བཟང༌། །ཡོན་ཏན་འཛམ་བུ་གླིང་ན་འཚོགས། །ཞེས་གསུངས་པ་བཞིན། འགྲོ་བ་སེམས་ཅན་གྱི་ལས་དང་གདུལ་བྱ་ཐུན་མོང་གི་དབང་འབྲས་ཀྱི་སྟོབས་ལས། ཁྱད་མཚར་བའི་རང་བྱུང་གི་བཀོད་པ་སྣ་ཚོགས་འབྱམས་ཡས་སུ་སྣང་བ་ལས། བསིལ་ལྡན་གངས་ཀྱི་ཡུལ་ལྗོངས་འདི་ནི། དང་པོ་གནོད་སྦྱིན་དང་བདུད་བོན་ཁ་སྟ་འགྲེང་ཡུག་གིས་དབང་བྱས་ཤིང༌། དེ་བཞིན་རིམ་གྱིས་སྲིན་པོ་དང་ཀླུ། མ་སངས་མཆེད་དྲུག རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱིས་དབང་བྱས་ནས། དེ་དག་གི་གོང་ན་བོན་དང་གཤེན་གཉན་པ་ཡིན་ནོ། །

      ལྷོ་རྒྱལ་འཛམ་བུ་གླིང་ཆེན་འདི་ལ་མཐའ་དབུས་གཉིས་ལས། ཡོན་ཏན་གྱི་གཏེར་དུ་གྱུར་བའི་ཞིང་མཆོག་འོལ་མོ་ལུང་རིང་ནི། སྐལ་བཟང་སངས་རྒྱས་སྟོང་རྩ་གཉིས་དང་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ་བྱོན་པའི་བསྟི་གནས། འགྲོ་བ་སེམས་ཅན་གྱི་དོན་རྒྱ་ཆེར་དཔག་མེད་མཛད་པའི་གནས་ལགས་ཕྱིར། དེ་ལ་གནས་ཆེན་གཡུང་དྲུང་དགུ་བརྩེགས་ཀྱི་མཐའ་ན། ཤར་དུ་རྒྱལ་ས་ཤམ་པོ་ལྷ་རྩེ། བྱང་ན་རྒྱལ་ས་ཁོལ་མ་ནེའུ་ཆུང༌། ནུབ་ན་རྒྱལ་ས་ཁྲི་སྨོན་རྒྱལ་བཞེད། ལྷོ་ན་རྒྱལ་ས་བར་བོ་སོ་བརྒྱད་དང༌། དེ་དག་གི་མཐའ་འཁོར་ན་ཡུལ་ཁམས་མི་འདྲ་བ་སུམ་བརྒྱ་དྲུག་ཅུའི་གནས་སུ་གཡུང་དྲུང་གི་བོན་གྲངས་མང་བསམ་གྱིས་མི་ཁྱབ་པ་དར་ཞིང་རྒྱས་པར་མཛད་པ་ཡིན།
      ས་ཚིགས་ཀྱི་དབང་དུ་བྱས་ན། འཛམ་གླིང་དབུས་ཀྱི་ལྟེ་བ་གངས་རྒྱལ་ཏི་སེ་ཤེལ་གྱི་མཆོད་རྟེན་བཞེངས་འདྲའི་མཐའ་བསྐོར་དུ། ཞང་ཞུང་དང་བོད་ཆེན་པོའི་དཔུང་གིས་ཡོངས་སུ་བཟུང་སྟེ། ཞང་ཞུང་ལ་གནས་ཀྱི་དང་མ་སྒོ་ཕུག་བར་གསུམ་དང༌། བོད་ཡུལ་དུ་ཆོལ་ཁ་རྣམ་གསུམ་དུ་གྲགས་པ་ལས། ཞང་ཞུང་ལ་གསེར་དངུལ་རིན་ཆེན་གྱིས་མཚན་པས་བྱ་རུ་ཐོབ་པའི་རྒྱལ་བོ་བཅོ་བརྒྱད་དང༌། བོད་ཡུལ་ལ་ལྷ་གཤེན་མཉམ་འཛོམ་གྱི་རྒྱལ་བོ་གནམ་གྱི་ཁྲི་བདུན། བར་གྱི་ལྡིང་གཉིས། ས་ཡི་ལེགས་དྲུག ཆུ་ལ་ལྡེ་བརྒྱད། ཕུན་ཚོགས་བོན་བཞི། འོག་གི་བཙན་ལྔ་སོགས་རྒྱལ་རབས་ཞེ་གསུམ་ལ་ཐུག་གི་བར་དུ། རྒྱལ་གཤེན་བསྟན་པ་མཉམ་ཆགས་སུ་གནས་ཞེས། སྲིད་ཁྲིམས་སྐྱོང་བའི་རྒྱལ་བོ། ཐར་ལམ་འདྲེན་པའི་སྐུ་གཤེན། སྒྲ་སྐད་བསྒྱུར་བའི་ལོ་པན། ཕན་བདེ་བསྐྲུན་པའི་གསས་ཁང་སོགས་རིམ་གྱིས་འཕེལ་བ་ནི། ཡོངས་གྲགས་བོད་པ་རྣམས་ཀྱི་ངག་རྒྱུན་ལ། གཤེན་ལ་སྔ་བ་སྣང་བ་མདོག་ཅན། རྗེ་ལ་སྔ་བ་གཉའ་ཁྲི་བཙད་པོ། ཡུལ་ལ་སྔ་ཡར་ཀླུང་སོག་ཁ། མཁར་ལ་སྔ་བ་བྱིང་བ་སྟག་རྩེ་རུ་གྲགས་པའི་ལོ་རྒྱུས་ཀྱི་གཏན་ཚིགས་ཐོག་མ་དེ་ཡང་བྱུང་བ་ཡིན་ནོ། །
      སྤྱི་ལོ་མ་ཚིགས་སྔོན་གྱི་མི་ལོ་ཆིག་ཁྲི་དྲུག་སྟོང་བཅུ་བདུན་གྱི་དུས་སུ། རྣམ་མཁྱེན་སྟོན་པ་གཤེན་རབ་མཆོག་ཉིད། ཞིང་མཆོག་འོལ་མོའི་གླིང་དུ་སྐུ་འཁྲུངས་ཏེ། ཐུགས་གསང་ཡེ་ཤེས་ཀྱི་ཀློང་ནས་དཔའ་བོ་འབྲུ་ལྔ་རང་བརྡོལ་དུ་བྱུང་བ་ལས། འཕྲུལ་གྱི་ཡི་གེ་བཞི་བཅུ་གཏན་ལ་ཕབས། གཡུང་དྲུང་ལྷ་ཡི་སྐད་ལས། ཐོག་མཐའ་བར་མའི་བཀའ་འཁོར་རྒྱ་ཆེར་བསྐོར། ཉེ་སྲས་བརྒྱད་དང༌། བསྡུ་འཁོར་བཅུ་གསུམ་གྱིས་བཀའ་རྣམས་ལེགས་པར་ཕྱེས་ཏེ། མདོ་འབུམ་རྒྱུད་མཛོད་བཞི་རུ་བསྡུས། འཛམ་གླིང་མཁས་པ་རྒྱན་དྲུག་གིས། མདོ་སྔགས་སེམས་གསུམ་གྱི་བཀའ་རྣམས་དག་པ་ལྷ་ཡི་སྐད་དང༌། སྟག་གཟིག་སྤུངས་སོ་ཆེ་ཆུང་ལ་སོགས་སྐད་རིགས་དུ་མར་བསྒྱུར་ཏེ། འཛམ་གླིང་མཐའ་དབུས་ཀྱི་ཡུལ་གྲུ་ཀུན་ཏུ་དར་སྤེལ་མཛད༌། ཁྱད་པར་དུ་མཁས་པ་བཞིའི་སྐུ་རིང་ལ། གཡུང་དྲུང་གི་བོན་རྣམས་ཞང་ཞུང་སྨར་གྱི་སྐད་དང༌། སྤུ་རྒྱལ་བོད་ཀྱི་སྐད་དུ་བསྒྱུར་ཏེ་ཞང་བོད་ཀྱི་ཡུལ་ལྗོངས་ཀུན་ཏུ་ཉི་མའི་འོད་ལྟར་གསལ་ཞིང་ད་ལྟའི་བར་དུ་ཁྱབ་གདལ་དུ་དར་བ་ཡིན་ནོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག