འོལ་མོ་ལུང་རིང་ནི་བོན་གྱི་ཆོས་གཞུང་ལས་བྱུང་བའི་གནས་ཚུལ་ཞིག་ཡིན་པས་ཆོས་ལས་ཇི་ལྟར་བྱུང་བ་ལྟར་ཁས་ལེན་པ་ལ་ཧ་ལས་དགོས་པ་ཞིག་གཏན་ནས་མིན། ཆོས་ཀྱི་བརྗོད་གཞི་ཞིག་ཤོད་པར་བྱེད་པ་ལ་ཆོས་ཀྱི་གནས་ཚུལ་ལ་ལྟོས་དགོས་པ་ཞིག་ཡིན་པ་ནི། དཔེར་ན། ཆོས་ལུགས་ཕལ་མོ་ཆེས་ཁས་ལེན་པའི་ལྷ་ཡུལ་དང་དམྱལ་བ་ལྟ་བུ་རེད། དེ་གཉིས་ཁས་མ་བླངས་ན་ཆོས་ལུགས་ཀྱི་བླང་དོར་འབྲས་བུ་འཆོལ་བར་འགྲོ་རྒྱུ་ཡིན་པས་ཆོས་ལུགས་ཀྱི་བརྗོད་གཞི་དེ་བརླགས་ཚར་བ་རེད། འོན་ཀྱང་འདི་གཉིས་ཀྱི་གནས་ཚུལ་ལ་དཔྱད་པ་གཏོང་ཆོག་པའི་སྐབས་ཀྱང་ཆོས་ལུགས་ལས་འབྱུང་བ་ཡིན། བཅོམ་ལྡན་འདས་ཀྱི་མདོ་ལས་ང་ལ་གུས་པ་ཙམ་གྱིས་མི་ཚིམ་པར་ངས་བཤད་པ་ལ་དཔྱད་པ་བྱས་ཏེ་བློར་འཐད་པ་བྱུང་ན་དང་དུ་ལོངས་ཤིག་ཅེས་གསུངས་ཡོད་པ་རེད་ལ། སྟོན་པ་གཤེན་རབ་ཀྱི་བཀའ་ལས་ཀྱང་དེ་བཞིན་དཔྱད་པ་གཏོང་དགོས་པར་གསལ་ཡོད་པ་ལས་གང་དུའང་བཀག་ཡོད་པ་མེ་རེད། །
བོན་ལུགས་སུ་འོལ་མོ་ལུང་རིང་ལ་ངོས་འཛིན་ཇི་ལྟར་བྱེད་ཀྱི་ཡོད་པ་ནི། ཤར་རྫ་རིན་པོ་ཆེས། ཞིང་ཁམས་འདི་ལ་གླིང་བཞིའི་མི་རྣམས་ཀྱིས་གསོལ་བའི་མཚན་བཞི། འཛམ་གླིང་གི་མི་རིགས་སོ་སོས་མཚན་རེ་ཡོད་པའི་ནང་ཚན། ཞང་ཞུང་གི་མི་རྣམས་ཀྱིས་སྟག་གཟིག་ཁྲོམ་པའི་གླིང་། རྒྱ་གར་གྱི་མི་རྣམས་ཀྱིས་བྱང་ཤམྦྷ་ལའི་གནས་མཆོགབོད་ཀྱི་མི་རྣམས་ཀྱིས་སྟག་གཟིག་གི་ཡུལ་འོལ་མོ་ལུང་རིང་ཞེས་གསོལ། ཞེས་གསུངས་པ་ལྟར་རོ། །བཅོམ་ལྡན་འདས་ཀྱི་རིང་ལུགས་པ་རྣམས་ཀྱིས་ཤམྦྷ་ལའི་ཚད་ཅི་ཙམ་ཞིག་ཡིན་པ་ནི་རགས་ཙམ་འབྲུག་པད་མ་དཀར་པོས་གསུངས་ཡོད་པས་མཚོན་ཐུབ་པ་རེད། དེང་སྐབས་ཞིབ་འཇུག་པ་རྣམས་ནས་འོལ་གླིང་ནི་གངས་ཏི་སེའི་བརྒྱུད་དུ་ཡིན་པ་མདོ་འདུས་སོགས་ཀྱི་ལུང་གིས་གྲུབ་པར་འཆད་ཀྱི་ཡོད་ཀྱང་། དོན་དུ་མདོ་འདུས་ཀྱི་ལུང་ཚིག་སྔ་ཕྱི་མང་པོར་དཔྱད་པ་བཏང་ན་འདི་ལྟར་གོ་རྒྱུ་ཡོད་དེ། མདོ་འདུས་ལེའུ་གཉིས་པ་ནས། དེ་ཡང་ཁྱད་པར་འཛམ་གླིང་དབུས། །རི་བོ་གངས་ཅན་ཏི་སེ་ནི། །ཞེས་པ་ནས། དེ་ཡི་ནུབ་བྱང་གཤེན་ཡུལ་འོལ་མོ་གླིང་། །དཔག་ཚད་སྟོང་ཕྲག་བཞི་གནས་ཡོད། །ཆུ་བོ་པག་ཤུ་སི་ཏིས་བར་བཅད་དོ། །རི་ནག་པོ་དགུས་བཅད་པའོ། །ཞེས་གསལ་བ་ལྟར་ན་ཏི་སེའི་སྐོར་ལ་ངོས་མི་འཛིན་པར་ཏི་སེ་དང་འོལ་གླིང་བར་དུ་རི་ནག་དགུ་དང་། ཆུ་ཆེན་པོ་དུ་མས་ཡོད་པའི་ཏི་སེའི་བྱང་ནུབ་ཕྱོགས་ཤིག་ཏུ་ངོས་འཛིན་གནང་ཡོད་པས་འདི་ལ་དྭོགས་པ་ཞིག་སྐྱེ་མི་སྲིད་དམ། གཞན་ཡང་ལུང་གཞན་དག་འདྲེན་པར་བྱེད་པ་མ་ཟད། བོད་བཙན་པོའི་སྐབས་སུ་བོན་ལ་ཆེ་ཐབས་ཡིག་ཚང་ཕུལ་བའི་ས་ཆ་ཞིག་ལ་འོལ་མོ་ལུང་ངམ་འོལ་མོ་ལུང་རིང་ཞེས་འཁོད་པས་ཀྱང་། དོན་དངོས་ལྟར་ན་འོལ་མོ་ལུང་རིང་ནི་ཞང་ཞུང་གི་ས་སྐོར་ཞིག་ལ་ཆ་འཇོག་བྱ་དགོས་པར་བསམ་མཁན་ཡོད་པ་རེད། དེ་ནི་དངོས་གཙོ་སྨྲ་བའི་ལུགས་ཀྱི་ལྟ་ཚུལ་ཞིག་ཡིན་ལ། ལུང་ལའང་ཅུང་ཟད་བསམ་གཞིག་བྱ་ཡུལ་ཞིག་ཀྱང་ཡོད་དེ་ལྟར་ཁས་ལེན་པ་ལ་གོང་གི་ལྐོག་གྱུར་གྱི་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཤིག་ཏུ་ངོས་འཛིན་བྱས་པ་དང་འགལ་བ་གང་ཡང་མེད་ཅེས་ནམ་མཁའི་ནོར་བུ་རིན་པོ་ཆེ་ནས་གསུངས་ཡོད་པ་རེད། འོན་ཀྱང་ཆོས་ཀྱི་གནས་ཚུལ་མི་ཤེས་མཁན་ཞིག་ཡིན་ན་ཆོས་ལུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་བློ་ལ་འཆར་ཐུབ་པ་ནི་མ་ཡིན་ནོ། །
བོན་ལུགས་འཛིན་པ་རྣམས་ནས་འོལ་གླིང་གི་བཀོད་པ་ནི་ཤིན་ཏུ་གཞི་རྒྱ་ཆེ་བ་ཞིག་བརྗོད་ཀྱི་ཡོད་པས་དེ་ལྟ་བུའི་གནས་ཚད་དེ་ཞང་ཞུང་གི་ས་སྐོར་ལ་མ་ལྡན་པའི་ཆ་ནས་རིགས་པས་མ་གྲུབ་པ་ལྟ་བུ་ངོས་འཛིན་བྱེད་མཁན་ཡོད། རྣམ་པ་གཅིག་ཏུ་ན། སྟོན་པ་འཛམ་བུ་གླིང་གི་དབུས་ཏི་སེའི་ས་སྐོར་དུ་འཁྲུངས་པར་བཤད་པ་དེར་དངོས་དོན་བོན་གྱི་གཞུང་ལུགས་དང་ནང་དོན་གྱི་ཆ་ནས་འགལ་བ་ལྟག་སྤྲོད་དུ་སོང་བ་ཞིག་མ་ཡིན་མོད། དེ་སྐོར་ཞིབ་འཇུག་པ་རྣམས་ཀྱིས་མདོ་འདུས་སོགས་ཀྱི་ལུང་འགའ་ཙམ་ཞིག་འདྲེན་པར་བྱེད་ཅིང་ཡོད། ད་དུང་བོན་གྱི་གྲགས་ཅན་བླ་མ་མཁས་པ་དཔལ་ཆེན༼༡༠༥༢༽གྱིས། བལྟམ་ཞིང་སྐྱེ་བ་བཞེས་པ་ལའང་ལྷོའི་དགོངས་པ་ནི། གསལ་བ་འོད་ཀྱི་གླིང་ལ་སྐུ་བཙའ་སྟེ། ཆོ་འཕྲུལ་གྱི་མཛད་པ་དྲུག་ཅུ་རྩ་གཅིག་དང་ལྡན་པ་ཉིད་ཀྱིས་ཐུགས་ལ་གསལ་བ་ཞིག་སྐུ་འཁྲུངས་ཏེ། འདི་ཡི་དགོངས་པ་ནི་འཛམ་གླིང་གི་དཀྱིལ་མ་དྲོས་པའི་མཚོ་དང་གངས་རི་ཅན་དུ་སྐྱེ་བ་བཞེས་པར་ཡང་གསལ་བ་ཡིན་ནོ། །ཞེས་པའི་ལུང་འདི་ད་བར་ཞིབ་འཇུག་པ་རྣམས་ནས་དྲངས་པ་མ་མཐོང་ཡང་། འདིའི་ཚུལ་ལ་དཔག་ན་སྔ་རབས་ཀྱི་མཁས་པས་ཀྱང་དེ་ལྟར་བཞེད་ཚུལ་ཞིག་ཡོད་པ་ཤུགས་ཀྱི་གོ་ནུས་སམ་སྙམ་མོ། །སྐུ་ཞབས་བསམ་གཏན་རྒྱལ་མཚན་གྱིས། འོལ་མོ་ལུང་རིང་ནི་གངས་རི་ཏི་སེའི་རྒྱུད་གྱི་ས་རྣམས་ལ་གོ་དགོས་སོ་ཞེས་པའི་དོན་ཡང་། དུས་རབས་བཅུ་བཞི་པའི་ནང་བརྩམས་པའི་ཉི་ཟེར་སྒྲོན་མེ་ཞེས་པའི་བོན་གྱི་དཔེ་ཆའི་ནང་ལྡེམ་པོའི་ཐོག་ཏུ་འཁོད་ཡོད། ཅེས་གསུངས།
ཆོས་ལུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་གྱི་ཐོག་ནས་བཤད་ན། ངོ་མཚར་རིང་ལུགས་ཀྱིས་རྣམ་པར་བཞག་པའི་འོལ་མོ་ལུང་རིང་གི་ས་ཆའི་རྒྱ་ཁྱོན་ནི་ས་གོ་ལའི་སུམ་ཆ་གགཅིག་ཙམ་ཟིན་པ་མ་ཟད། དེའི་བཀོད་པ་ནི་རིན་པོ་ཆེའི་རང་བཞིན་ཙམ་ལས་རང་བྱུང་གི་ས་རྡོ་རི་བྲག་མི་མངོན་པ་དང་། གཡུང་དྲུང་དགུ་བརྩེགས་རིའི་ཕྱོགས་བཞིར་གྲོང་ཁྱེར་འབུམ་ཚོ༼༡༩༠༽ཡོད་པ། གླིང་དེར་སྐད་རིགས་མི་གཅིག་པ་སུམ་བརྒྱ་དྲུག་ཅུ་ཡོད་པ་ལྟ་བུར་བསྟན་པ་དེ་དག་ནི་ཆོས་ལྡན་གྱི་སྐྱེ་བོ་རྣམས་ཆོས་ཀྱི་ཐོག་ཏུ་འཁྲིད་པར་བྱེད་པའི་ཐབས་ལམ་ཞིག་ཡིན་པས་དེ་ལ་དྭོགས་འདྲོགས་དགོས་དོན་གཏན་ནས་མེད། ཆོས་པ་ཞིག་ལ་དཔག་ན། ཚིག་ལ་མི་རྟོན་དོན་ལ་རྟོན་ཞེས་ནང་དོན་ནམ་དགོས་པ་གཙོ་བོར་བྱ་དགོས་པ་བསྟན་ཡོད་པས་དགོས་པ་ལ་གཙོ་བོར་བསམ་གཞིག་བྱེད་དེ་ཚིག་ལ་དེ་ཙམ་སྣང་འཇོག་མི་བྱེད་དོ། །དེར་མ་ཟད་གང་ཟག་ལ་མཐོང་སྟངས་མི་འདྲ་བ་ཡོད་པར་ཁས་ལེན་པ་མ་ཟད། ཆོས་ལུགས་ཀྱི་རྟོགས་པ་བཟང་ངན་གྱིས་ཡུལ་གཅིག་ལའང་བཟང་ངན་མི་འདྲ་བ་མཐོང་སྲིད་པ་ཁས་ལེན་པ་ཡིན། མཚམས་འདས་རིང་ལུགས་ཀྱི་ལྟ་བ་འདི་ནི་ཆོས་ལུགས་ཚང་མ་ལ་ཡོད་ཅིང་། ལྷག་པར་ཐེག་ཆེན་ཁས་ལེན་པ་རྣམས་ལ་མང་བའི་ཚོད་དུ་སྣང་། སྔགས་ཀྱི་རྒྱུད་སྡེ་འགའ་ཞིག་བཅོམ་ལྔན་འདས་ཀྱིས་རི་རབ་ཀྱི་ཟོམ་དང་། འོག་མིན་ཞེས་པའི་ལྷ་ཡི་གནས་སུ་གསུངས་པར་བཤད་པ་དང་། སྟོན་པ་གཤེན་རབ་ཀྱིས་ཤེར་ཕྱིན་གྱི་མདོ་རི་རྒྱལ་ལྷུན་པོའི་ཕོ་བྲང་དུ་གསུངས་ཡོད་པར་བཤད་པ་ལྟ་བུ་རེད། ཐེག་ཆེན་གྱི་ཆོས་ནང་དུ་སའི་རྡུལ་ཕྲ་མོ་རེའི་སྟེང་དུ་སངས་རྒྱས་ཀྱི་འཇིག་རྟེན་བྱེ་བ་ཕྲག་བརྒྱ་ཡོད་པ་དང་། སངས་རྒྱས་ཀྱིས་ཁབ་ཀྱི་མིག་ཏུའང་འཇིག་རྟེན་ཤོང་བའི་མཛད་པ་མཛད་ཚུལ་གསུངས་ཡོད། རྒྱ་གར་དུ་སྟོན་པ་ཤྰཀྱ་ཐུབ་པ་བྱོན་པའི་ལོ་རྒྱུས་ཁག་རྣམས་སུའང་མིའི་བློ་ལས་འགོངས་པའི་མཚམས་འདས་རིང་ལུགས་ཀྱི་ལོ་རྒྱུས་གླེང་ཡོད་ལ། དེ་བཞིན་རྒྱན་དྲུག་སོགས་ཤིང་རྟའི་སྲོལ་འབྱེད་ཁག་ལའང་དེ་བཞིན་སྦྱར་ཡོད། དཔེར་ན་རྗེ་བཙུན་བྱམས་པས་ཐོགས་མེད་དགའ་ལྡན་དུ་སྐད་ཅིག་གཅིག་ལ་ཁྲིད་དེ་ལྷའི་དྲོ་སྐད་གཅིག་ལ་མིའི་ལོ་ལྔ་བཅུར་ཆོས་གསན་པ་དང་། ཡང་ཟླ་བ་དྲུག་གསན་ཞེས་པའང་འདུག་པས་ཚུལ་འདིར་འགལ་བ་མེད་པར་དཔའ་བོ་གཙུག་ལག་ཕྲེང་བས༼༡༥༠༩ ༡༥༦༦༽གསུངས་སོ། །
སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་རང་བྱོན་ལྔ་ལྡན་ཞེས་བློས་དཔོག་དཀའ་བ་ལྔ་བརྩི་ཚུལ་བྱུང་། དེའི་ཁུངས་ནི་བཀའ་ཆེམས་ཀ་ཁོལ་མ་ལས་རྒྱལ་པོ་ཡབ་ཡུམ་གསུམ་ཐུགས་རྗེ་ཆེན་པོའི་ཐུགས་ཁར་ཐིམ་ནས་ལུས་མེད་པར་གྱུར་ཚུལ་བཤད་འདུག་པ་འདི་ཡིན་པར་སྣང་། རས་ཆུང་པའི་ང་རྒྱལ་གཅོག་པའི་ཆེད་དུ་རྗེ་བཙུན་མིད་ལ་གཡག་རྭའི་ནང་དུ་བཞུགས་དུས་གཡག་རུ་ཆེ་རུ་མ་སོང་ལ་མིད་ལ་ཆུང་དུ་མ་སོང་ཞེས་འགྲེལ་བཤད་བྱས་ཡོད་པ་ལྟ་བུ་རེད། །དེ་བཞིན་མཚམས་འདས་རིང་ལུགས་ཀྱི་ལྟ་བ་གླེང་བའི་སྲོལ་དེ་གནའ་བོའི་སྤྱི་ཚོགས་ནང་ཤུགས་ཆེན་པོ་ཡོད་ཅིང་། རྒྱ་གར་གྱི་ལོ་རྒྱུས་ནང་དུའང་མང་དུ་ཐོན་ཡོད་པ་དགེ་ཆོས་ཀྱིས་གཏམ་རྒྱུད་གསེར་ཐང་དུ་བཀོད་པ་ལྟ་བུས་མཚོན་ཐུབ་པ་རེད། གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་དེ་ཐེག་པ་ཆེ་ཆུང་གཉིས་ལས་ཆེན་པོ་དང་། མདོ་སྔགས་གཉིས་ལས་སྔགས་ལ་མང་བར་སྦྱར་བའི་གནས་ཚུལ་བྱུང་ཡོད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཤེར་ཕྱིན་འབུམ་པ་ཀླུ་ཡུལ་ནས་གདན་དྲངས་པ་དང་། གསང་སྔགས་རྙིང་མའི་རྒྱུད་སྡེ་དག་མི་ཡུལ་དུ་བབས་ཚུལ་ཡ་མཚན་པོ་ངོས་འཛིན་གནང་ཡོད་པ་རེད། སྲོང་བཙན་གཤེགས་ཚུལ་དེ་ལ་དེང་དུས་ཞིབ་འཇུག་པ་འགས་དེ་ནི་འོས་མིན་གྱི་གནས་ཚུལ་ཞིག་ཡིན་ཞིང་། ཤོད་སྲོལ་དེ་ནི་བོན་གྱི་རྫོབ་བཤད་ཅིག་རེད་ཅེས་བརྗོད་དེ་བཀའ་ཆེམས་ཀྱི་ཚིག་ཁས་མ་བླངས། གོང་གི་ཚུལ་དེ་དག་ལ་དཔགས་ན་སྲོང་བཙན་འོད་ཀྱི་གོང་བུར་གྱུར་པ་དང་། རྒྱལ་སྟག་རི་གཉན་གཟིགས་ཀྱི་སྐབས་སུ་དམ་པའི་ཆོས་གནམ་བབས་སུ་བྱུང་པའི་གཏམ་རྒྱུད་དག་བོན་གཏམ་ཞིག་ངེས་པར་ད་ཡིན་མི་དགོས་པ་འདྲའོ། །
བོན་པོ་རྣམས་ཀྱིས། ལི་ཤུ་སྟག་རིང་སྟག་གཟིག་ནས་བོན་གྱི་ཡང་བཅུད་ཁྲི་ཁྲག་བཅུ་གཅིག་ཁྲུང་ཁྲུང་། བྱ་རྒོད་དང་། དུར་བྱ་ལ་བཀལ་ནས་དྲོ་ཐེབ་གཅིག་གིས་བོད་ཀྱི་གངས་རིའི་རྩར་ཕེབས། ཞེས་པར་ཡང་། འོལ་མོ་ལུང་རིང་ནི་གང་ཟག་ཕལ་བ་བགྲོད་པར་མི་ནུས་པའི་དག་ཞིང་ཞིག་ཡིན་པས་བྱ་རིགས་དེ་དག་ཅིའི་ཕྱིར་བགྲོད་ཅེས་པའང་སྔ་མ་དེ་དག་དང་འདྲའོ། །པཎ་ཆེན་དཔལ་ལྡན་ཡེ་ཤེས༼༡༧༣༨ ༡༧༨༠༽ཀྱིས་མཛད་པའི་ཤམྦྷ་ལའི་ལམ་ཡིག་ཅིག་ཡོད་པར་གྲགས་པ་ལྟར་བོན་ལུགས་སུ་འོལ་མོ་ལུང་རིང་གི་ལམ་ཚད་དང་ལམ་ཡིག་ད་བར་མ་མཐོང་ངོ་། །སྟོན་པ་གཤེན་རབ་སྟག་གཟིག་ལ་འཁྲུངས་པའི་ཚུལ་འདི་འོལ་མོ་ལུང་རིང་ལྟ་བུར་ཆ་འཇོག་བྱེད་པལས་ཏ་ཟིག་སི་ཐན་ལྟ་བུར་བྱོན་པའི་ཚུལ་རྙེད་དུ་མེད་མོད། ཁ་ཅིག་འདོད་ཚུལ་དེ་ལྟར་ཡོད་སྲིད་ནའང་། བོན་གྱི་དཔེ་ཁུངས་མ་ལས་མ་གསལ་བའི་འདོད་ཚུལ་དེ་ནི། བསམ་གཞིག་བྱས་ཚེ། མཁས་པ་འགའ་ཞིག་གིས། དུས་རབས་བཅུ་པ་ནས་སངས་རྒྱས་ཆོས་ལུགས་བསྐྱར་དར་དང་འབྲེལ་རྒྱ་དཔེ་བོད་དུ་ནང་འདྲེན་བྱས་པ་བརྒྱུད་བོན་པོ་རྣམས་ཀྱིས་ཀྱང་བོན་ཆོས་ཀྱི་ཁུངས་དེ་ཡུལ་ཕལ་བ་ཞིག་མིན་པར་སྟག་གཟིག་ནས་ཡིན་པ་དང་། སྟོན་པའི་འཁྲུངས་ཡུལ་དེ་སྟག་གཟིག་འོལ་མོ་ལུང་རིང་ཡིན་པའི་ལྟ་བ་དེ་གྲུབ་ཡོད་པར་གསལ། །ཞེས་དཔྱད་པ་གནང་བ་ལྟར་ཡིན་མི་སྲིད་པ་མ་ཡིན་ནོ། །