དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་ཀུན་ཏུ་སློབ་གསོ་ཧ་ཅང་འཕེལ་རྒྱས་སུ་སོང་ཡོད་རྐྱེན། མཁས་པ་སྨྱུག་ཐོགས་པའི་དཔུང་ཁག་ནི་ཉིན་རེ་བཞིན་ཡར་རྒྱས་གོང་འཕེལ་དུ་འགྲོ་བཞིན་ཡོད་ལ། བོད་ཀྱི་རྩོམ་རིག་དང་ཞིབ་འཇུག་གི་བྱ་བའང་དབྱར་གྱི་མཚོ་མོ་རྒྱས་པ་བཞིན་གྲུབ་འབྲས་མི་དམན་པ་བླངས་ཡོད། ལྷག་པར་དུ་ཉེ་བའི་དུས་རབས་འདི་ལ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་སྟེང་ནས་ཀྱང་བོན་གྱི་གྲུབ་མཐའི་བཞེད་དོན་ལ་གདེངས་འཇོག་ཚད་མེད་བྱེད་པ་དང༌། མཁས་པ་གང་མང་ཞིག་གིས་བོན་གཞུང་ལ་བརྟེན་ནས་ཞིབ་འཇུག་བྱེད་པའང་མང༌། དེར་བརྟེན་མཁས་དབང་ཚོས་ཕན་ཚུན་འགྲན་སྡུར་བྱེད་པ་བཞིན་དེབ་ཐེར་ཀྱང་མང་པོ་ཞིག་བརྩམས་ནས་འགྲེམ་སྤེལ་བྱས་ཡོད། དཔེ་ཚོགས་མང་དྲགས་པས་གང་ལ་ལྟ་དགོས་པ་དང་དེ་དག་ལ་ལེགས་ཉེས་ཅི་ཙམ་ཡོད་པའང་ཤེས་ཁག་པོ་རེད། ཉེ་སྔར་ཁོ་བོས་བོད་ཀྱི་ལོ་རྒྱུས་ཀྱི་དེབ་ཐེར་འགའ་ལ་སློབ་སྦྱོང་བྱེད་སྐབས་ཤར་ཡུལ་ཕུན་ཚོགས་ཚེ་རིང་ལགས་ཀྱིས་བརྩམས་པའི་ཆོས་འབྱུང་མཁས་པའི་དགོངས་རྒྱན་གྱི་དོན་ཚན་འགའ་ལ་ལྟ་ཚུལ་མི་མཐུན་པ་རེ་བྱུང་བས། དེ་ལ་བགྲོ་གླེང་གི་རྩོམ་ཐུང་འདི་སྤེལ་བ་ཡིན་པས་དོན་གསུམ་གྱི་སྒོ་ནས་འཇུག་རྒྱུ་ལས།
གཅིག ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྐབས་སུ་དམ་པའི་ཆོས་དམངས་ཁྲོད་དུ་དར་མེད།
མཁས་དབང་ཕུན་ཚོགས་ཚེ་རིང་ན་རེ། བོན་གྱི་དེབ་ཐེར་ལེགས་བཤད་རིན་ཆེན་གཏེར་མཛོད་ནང་བཀོད་པ་འདི་ལྟར།དེ་ནས་ཆོས་ཀྱི་སྲོལ་འབྱེད་ཀྱི་རྒྱལ་པོ་ལྔའི་དང་པོ་སྲོང་བཙན་སྒམ་པོ་དེས། ཐུགས་དམ་ནི་ཞི་བ་རྒྱས་པ་དང༌། ཁྲོ་བོ་རྒྱས་པ་དང༌། གསེར་ལུང་དྲི་མེད་དང༌། ཉི་ཁྲི་ཆིག་འབུམ་དང་དྲི་མེད་ཤེལ་མདོག་རྣམས་ལ་མཛད། སྐུ་ཚེའི་དཀྱིལ་མན་ཆད་ལ་རྒྱ་གར་ན་ཆོས་མེ་སྟག་ཙམ་ཞིག་བྱུང་སྟེ། སྲིད་རྒྱལ་ལས། ལྷ་སྲས་སྲོང་བཙན་སྒམ་པོ་ལ། ཞེས་པ་དང༌། དེ་དུས་དམ་ཆོས་ཟ་མ་ཏོག་དཀོན་མཆོག་གསུམ་གྱི་མདོ་སྡེ་དང༌། རྡོར་གཅོད་པདྨ་དཀར་པོ་བྱུང༌། རྒྱལ་པོའི་ཐུགས་དམ་བྱས་པ་ལས། ཞེས་པ་ལྟར་རྒྱལ་པོས་བོན་ལ་སྤྱོད་པའི་ཞོར་ཟུར་ནས་ཆོས་ལའང་ཅུང་ཟད་ཉམས་སུ་བླངས་པ་ལ། གཞན་སྡེས་སྲོང་བཙན་སྒམ་པོས་ཆོས་ཀྱི་སྲོལ་གཏོད་ཅེས་ཟེར་རོ།(ཞེས་མང་པོ་ཞིག་དྲངས་རྗེས།)གོང་གསལ་འདིའི་ཐོག་ནས་གསལ་པོར་རྟོགས་ཐུབ་པ་ཞིག་ལ། སྲོང་བཙན་སྒམ་པོའི་སྐུ་ཚེའི་དཀྱིལ་མན་ཆད་དུ་རྒྱ་གར་ནས་དམ་པའི་ཆོས་མེ་སྟག་ཙམ་ཞིག་བོད་དུ་དར་བ་ལས། སྐབས་དེར་བཙན་པོས་བོན་ལུགས་གཙོ་བོར་ཉམས་སུ་བླངས་པའི་ཞོར་དུ་སངས་རྒྱས་ཆོས་ལུགས་ཅུང་ཟད་ཉམས་སུ་བླངས་ཞེས་བརྗོད་པ་འདི་ནི་གྲུབ་མཐའི་ཕྱོགས་ལྟུང་གི་ལྟ་བས་ལོ་རྒྱུས་ཀྱི་དོན་དངོས་ལ་འགྲེལ་བཤད་གནང་བ་ཞིག་ རེད་སྙམ། གང་ལགས་ཞེ་ན། ལྷ་ཐོ་ཐོ་རི་སྙན་ཤལ་སྐབས་སུ་བོད་རུ་བཞིར་སངས་རྒྱས་བསྟན་པའི་དབུ་བརྙེས་པའི་ལོ་རྒྱུས་ཀྱི་དོན་དངོས་དེ་བོན་གྱི་ལོ་རྒྱུས་ཡིག་རིགས་ཁག་ཏུའང་གསལ་པོར་བཀོད་ཅིང༌། ལྷ་ཐོ་ཐོ་རི་སྙན་ཤལ་དུས་བསྟན་པའི་དབུ་བརྙེས་ནས་སྲོང་བཙན་སྒམ་པོའི་བར་མི་ལོ་སུམ་བརྒྱ་ཙམ་གྱི་རིང་དུ་སངས་རྒྱས་ཆོས་ལུགས་དེའང་རྒྱལ་ཁང་དང་དམངས་ཁྲོད་དུ་རིམ་བཞིན་ཁྱབ་གདལ་དུ་སོང་བ་ དེ་ནི་འཇིག་རྟེན་གྱི་དངོས་པོའི་འཕེལ་རིམ་གྱི་ཆོས་ཉིད་དང་ཡོངས་སུ་མཐུན་པ་ཞིག་རེད།༼ ༡༽ཞེས་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ནས་བཟུང་དམ་པའི་ཆོས་བོད་ཀྱི་དམངས་ཁྲོད་དུ་དར་ཡོད་ཅེས་བྲིས་འདུག
ཁོང་གི་བཞེད་དོན་དེ་ནི་ལུང་ཁུངས་མེད་པར་རང་གིས་རིག་པས་གྲུབ་པ་ཞིག་ཡིན་ཏེ། ཚང་མས་ཤེས་གསལ་ལྟར་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་ཟ་མ་ཏོག་སོགས་རྒྱ་གར་གྱི་ཆོས་གཞུང་འགའ་བོད་དུ་འབྱོར་བ་ལ། རྒྱལ་པོས་དོན་མི་གོ་བས་གཉན་པོ་གསང་བར་བཏགས་ནས་གསང་བའི་སྒོ་ནས་ཕྱག་དང་མཆོད་པ་བྱས་པ་ཙམ་ལས། དེ་དར་སྤེལ་བྱས་ནས་རྒྱལ་ཁང་དང་དམངས་ཁྲོད་དུ་རིམ་བཞིན་ཁྱབ་གདལ་དུ་སོང་བའི་ལོ་རྒྱུས་ཅི་ཡང་མེད། བན་ལུཊ་ཀྱི་ཆོས་འབྱུང་གི་སྔ་ཤས་དེབ་ཐེར་དམར་པོ་ལས།རྒྱལ་པོ་འདི་དགུང་ལོ་དྲུག་ཅུ་བཞེས་པ་ནས། ནམ་མཁའ་ནས་གསེར་གྱི་མཆོད་རྟེན་ཁྲུ་གང་པ། ཟ་མ་ཏོག་བཀོད་པའི་མདོ། དཔང་སྐོང་ཕྱག་རྒྱ་པ། སྙིང་པོ་ཡི་གེ་དྲུག་པ། ཙན་ཏྲ་མ་ནིའི་སྐོར་ཕོར། མུ་ཏྲའི་ཕྱག་རྒྱ་རྣམས་བྱོན། ད་སྟེ་གདུང་རབས་ལྔ་ན་འདིའི་དོན་ཤེས་པར་འགྱུར་རོ་ཞེས་གྲགས་པ་ལ། དོན་མ་ཤེས་ཀྱང་གཉན་པོ་གསང་བར་བཏགས་ཏེ་མཆོད་པ་བྱས་པས། རྒྱལ་པོའི་དགུང་ལོ་བརྒྱ་ཉི་ཤུ་ཐུབ། དམ་པའི་ཆོས་ཀྱི་དབུ་བརྙེས་ཏེ། འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་པར་གྲགས་སོ།༼༢༽ཞེས་དང༌།རྒྱལ་རབས་གསལ་བའི་མེ་ལོང་ལས། རྒྱལ་པོའི་ཕོ་བྲང་གི་སྟེང་དུ་བབས་པ་ལས། ཁྱེད་ནས་གདུང་རབས་ལྔ་ན་འདིའི་དོན་ཤེས་པའི་ལུང་བསྟན། རྒྱལ་པོས་ཀྱང་རྟེན་དེ་རྣམས་ངོ་མཚར་ཆེ་བར་ནི་དགོངས། གང་ཡིན་ནི་མ་མཁྱེན་ཏེ། གཉེན་པོ་གསང་བ་ཞེས་མཚན་གསོལ་ནས། རིན་པོ་ཆེའི་ཁྲི་ལ་བཞག་ནས་མཆོད་པ་ཕུལ་བས། དེའི་ཡོན་ཏན་གྱིས་རྒྱལ་པོ་སླར་གཞོན་ཤ་ཅན་དུ་གྱུར་ནས། དགུང་ལོ་བརྒྱ་དང་ཉི་ཤུ་ཐུབ།༼༣༽ཞེས་པ་དག་ལས་གསལ་པོར་ཤེས་ཐུབ་པ་ནི། དེ་དུས་རྒྱལ་པོས་ཀྱང་དོན་མ་གོ་རྐྱེན་གསང་ནས་མཆོད་པ་བྱས་པ་ཙམ་ལས་དམངས་ཁྲོད་དུ་རིམ་བཞིན་ཁྱབ་གདལ་དུ་བཏང་མེད་དོ། །གལ་སྲིད་དེའི་རིང་ལ་ཁྱབ་གདལ་དུ་མ་སོང་ཡང༌། དེའི་རྗེས་སུ་སོང་ཞེ་ན། གོང་གི་ལུང་གཉིས་ཀ་ནས། ད་སྟེ་གདུང་རབས་ལྔ་ན་འདིའི་དོན་ཤེས་པར་འགྱུར་རོ་ཞེས་གསུང་བས་སྲོང་བཙན་སྒམ་པོའི་བར་དུ་དར་ཁྱབ་བྱུང་བ་ལྟ་ཅི། དོན་ཡང་མི་གོ་བར་གསང་ནས་ལུས་སོང་བ་གསལ་བོར་གསུངས་ཡོད། ད་དུང་དེབ་སྔོན་དུ། དེ་ལ་ཐོ་ཐོ་རི་གཉན་བཙན་གྱི་རིང་ལ་ཆོས་ཀྱི་དབུ་བརྙེས་པ་ནི། ཆོས་ཀྱི་གླེགས་བམ་ཙམ་བྱུང་བ་ཡིན་གྱི། བྲི་བ་དང་བཀླག་པ་དང་འཆད་པ་སོགས་ནི་མེད་དོ།༼༤༽ ཞེས་ཤིན་ཏུ་གསལ་བོར་གསུངས་པས། འབྲི་ཀློག་ཙམ་ཡང་མེད་པས་དམངས་ཁྲོད་དུ་དར་ཚུལ་མེད་ན་དེ་ལྟ་བུ་ལ་སངས་རྒྱས་ཀྱི་བསྟན་པ་དར་ཟེར་བའི་ཐ་སྙད་མི་འཇུག་གོ ཁྱད་པར་དུ་རྒྱལ་རབས་གསལ་བའི་མེ་ལོང་ལས།ལྷ་ཐོ་ཐོ་རི་སྙན་ཤལ་ཡན་ལ་གདུང་རབས་ཉི་ཤུ་རྩ་བདུན་ལ་ལོ་ལྔ་བརྒྱ་སོང་འདུག་པར་ངེས་ཟེར་ནའང༌། ཆོས་དང་འབྲེལ་བའི་རྒྱལ་པོར་མི་འདུག་པས། ལོ་རྒྱུས་རྒྱས་པ་མ་བཀོད། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་དམ་པ་ཆོས་ཀྱི་དབུ་བརྙེས། ལོ་བརྒྱ་དང་ཉི་ཤུ་ཐུབ། དེ་ནས་གདུང་རབས་བཞི། གནམ་རི་སྲོང་བཙན་ཡན་ལ། ལོ་བརྒྱ་དང་བཅུ་གཅིག་ལོན་པ་ཡིན།༼༥༽ཞེས་གསུངས་ཡོད་པས་གལ་སྲིད་ལྷ་ཐོ་ཐོ་རི་དང་སྲོང་བཙན་བར་གྱི་རྒྱལ་པོ་དེ་དག་གི་རིང་ལ་ཆོས་དེ་རྣམས་དམངས་ཁྲོད་དུ་དར་ཡོད་ན། རྒྱལ་བའི་ཕོ་བྲང་ན་མ་གཏོགས་ཆོས་དེ་དག་མེད་པས། ཐོག་མར་རྒྱལ་པོའི་བདག་རྐྱེན་གྱིས་དར་སྤེལ་བྱེད་དགོས་པས། དེ་ལྟར་བྱས་ཡོད་ན་དེ་དག་ལ་ཆོས་ཀྱི་སྲོལ་འབྱེད་ཀྱི་རྒྱལ་པོ་ཞེས་མི་བརྗོད་པར་སྲོང་བཙན་ལ་ཆོས་རྒྱལ་ཞེས་བརྗོད་དོན་མེད་པས་ཕྱིར། ལྷག་པར་དུ་དེ་ལྟར་ཡིན་ན་ས་སྐྱ་བསོད་ནམས་རྒྱལ་མཚན་ལྟ་བུ་ཆོས་ལ་འབྲེལ་བ་མེད་པའི་སྐོར་མི་འབྲི་ཞིང༌། ཆོས་ལ་འབྲེལ་པ་ཡོད་པ་རྣམས་ཞིབ་རྒྱས་ཀྱིས་གསུངས་པར་སྤྲོ་བའི་མཁས་པ་ཞིག་གིས་དེ་དག་གི་མཛད་རྗེས་དེ་མི་འབྲི་དོན་མེད་པས་ཕྱིར།
དམ་པ་ཆོས་ཀྱི་དབུ་བརྙེས་ནས་གདུང་རབས་ལྔ་ལ་ལོ་སུམ་བརྒྱ་སོང་ཡོད་ན་མི་རབས་རེ་རེའི་བར་ཁྱད་ལ་འདྲ་མཉམ་དུ་ལོ་དྲུག་ཅུ་ཡོད་དགོས་པས། མི་རབས་ཀྱི་བར་ཁྱད་ལ་མང་ན་མི་ལོ་སུམ་ཅུ་ཡས་མས་དང་ཉུང་ན་ལོ་ཉི་ཤུ་ཡས་མས། དེ་ལས་ཀྱང་རྒྱལ་པོ་ལ་སོགས་དབང་སྒྱུར་གྲལ་རིམ་གྱིས་ལོ་ན་ཧ་ཅང་གཞོན་དུས་གཉེན་སྒྲུག་བྱེད་ཀྱིན་ཡོད་པས། མི་རབས་བར་དེ་ལས་ཀྱང་ཐུང་བ་རིགས་པས་གྲུབ། མི་རབས་ཀྱི་བར་ཁྱད་ལ་ལོ་དྲུག་ཅུ་ཡོད་མི་སྲིད་པས་མི་རབས་ལྔ་ལ་མི་ལོ་སུམ་བརྒྱ་ཞིག་ཡོད་ཚུལ་མེད་དོ། དེ་ན་གསལ་མེའི་ནང་གི་ལོ་བརྒྱ་དང་བཅུ་གཅིག་ཅེས་པ་ཅུང་འཚམས་པར་སྣང། ད་དུང་ཁོང་གིས།འོན་ཀྱང་སྐབས་དེར་གཤེན་བོན་དབང་ཤུགས་ཆེ་བས་སངས་རྒྱས་ཆོས་ལུགས་སྤེལ་བར་འགོག་རྐྱེན་མང་པོ་འཕྲད་སྟབས་གཤེན་རྣམས་གནམ་ལ་དགའ་བས་དེ་རྣམས་གནམ་ནས་བབས་ཞེས་པའི་སྒྲུབ་གཏམ་དེ་ད་བར་དུ་ཁྱབ།༼༦༽ཞེས་དེ་དུས་སུ་རྒྱ་གར་གྱི་ཆོས་གཞུང་དེ་དག་གི་དོན་མ་གོ་ནས་དར་སྤེལ་མ་བྱས་པ་ལ། གཤེན་བོན་རྣམས་དབང་ཤུགས་ཆེ་བས་སྤེལ་དུ་མ་བཅུག་པ་ལྟར་བྲིས་ཡོད། དེའི་དུས་སུ་བོན་གཤེན་ཙམ་དུ་མ་ཟད། རྒྱལ་པོ་དང་བོད་འབངས་ཐམས་ཅད་ཀྱང་གནམ་ལ་དགའ་བ་ཡིན་ནོ། སྤྱི་གནམ་ལ་དགའ་བ་ནི་འཛམ་གླིང་གི་ཕྱི་ནང་གྲུབ་མཐའ་ཕལ་མོ་ཆེ་ཞིག་གི་ཐོག་མའི་ལྟ་བ་ཙམ་ཡིན་ལ་བོན་པོར་ཁོ་ནར་ལྡན་བའི་ཁྱད་ཆོས་ལྟ་བུ་ཞིག་མིན་པ་ཤེས་དགོས་སོ། །
ཁོང་གིས་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ནས་བཟུང་དམ་ཆོས་དམངས་ཁྲོད་དུ་དར་སྤེལ་བཏང་ཡོད་ཟེར་དོན་ཡང༌། གོང་ནས་ཁོང་གིས་ལེགས་བཤད་མཛོད་ཀྱི་ལུང་དྲངས་པ།རྒྱལ་པོས་བོན་ལ་སྤྱོད་པའི་ཞོར་ཟུར་ནས་ཆོས་ལའང་ཅུང་ཟད་ཉམས་སུ་བླངས་པ་ལ།ཞེས་པའི་ཚིག་འདི་དག་བློར་མ་བབས་པས་རེད། གང་ལགས་ཞེ་ན་ཁོང་གིས་བཙན་ལྔའི་བྱེ་བྲག་ཏུ་གྱུར་པ་ལྷ་ཐོ་ཐོ་རི་སྙན་ཤལ་གྱི་སྐུ་དུས་སུ་བོད་ཁ་བ་ཅན་གྱི་ཡུལ་དུ་སངས་རྒྱས་བསྟན་པའི་དབུ་བརྙེས་པ་དང༌། དེ་ནས་སྲོང་བཙན་སྒམ་པོའི་སྐུ་དུས་བར་མི་ལོ་སུམ་བརྒྱ་ཙམ་གྱི་རིང་སངས་རྒྱས་བསྟན་པའི་ཤུགས་རྐྱེན་དེ་རྒྱལ་ཁང་དང་དམངས་ཁྲོད་དུ་རིམ་བཞིན་ཁྱབ་གདལ་དུ་སོང་བས། བོན་གྱི་ཡིག་རྙིང་འགའ་ཞིག་ཏུ་བཙན་པོ་དེ་ཡིས་ཆོས་དང་བོན་གཉིས་ཀར་དད་མོས་གནང་བ་ཞེས་འཁོད་ཀྱང༌། དོན་དུ་སྲོང་བཙན་སྒམ་པོ་དང༌། དེའི་བློན་པོ་གཙོ་བོ་མང་པོ་ཞིག་སངས་རྒྱས་བསྟན་པར་དད་གུས་གནང་མཁན་ཡིན་པ་ལོ་རྒྱུས་དེབ་ཐེར་མང་པོའི་ཐོག་ནས་ར་འཕྲོད་གསལ་པོར་བྱུང༌།༼༧༽ཞེས་གསུངས་བས་བོན་གྱི་གཞུང་གི་བཞེད་དོན་རྣམས་ལ་ཀྱང་ཞེས་མི་མཐུན་པའི་ཚིག་རྒྱན་ཞིག་གིས་སྣང་མེད་དུ་གཡུགས་ནས། དོན་དུ་སྲོང་བཙན་སྒམ་པོ་དང༌། དེའི་བློན་པོ་གཙོ་བོ་མང་པོ་ཞིག་སངས་རྒྱས་བསྟན་པར་དད་གུས་གནང་མཁན་ཡིན་པ་ལོ་རྒྱུས་དེབ་ཐེར་མང་པོའི་ཐོག་ནས་ར་འཕྲོད་གསལ་པོར་བྱུང་ཞེས་བན་ལུགས་ཀྱི་གཞུང་གི་བཞེད་ཚུལ་ཚད་མར་བཟུང་ནས་བྲིས་པ་འདིས་ཀྱང་གསལ་བོར་ཤེས་ཐུབ། འདི་ལྟ་བུ་ཕྱོགས་ལྟུང་གི་བསམ་བློ་ཞིག་གིས་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ཁུལ་བྱས་ཀྱང་བདེན་དོན་ཞིག་འབྱུང་རྒྱུ་ཤིན་ཏུ་དཀོན་ངེས་རེད། ཁོང་གི་བསམ་པ་ལ་སྲོང་བཙན་སྒམ་པོ་ཆོས་རྒྱལ་ཡིན་པས་བོན་ལ་ཉམས་ལེན་མཛད་མི་སྲིད་ཅེས་པའི་ལྟ་བ་མཁྲེགས་བཟུང་བྱས་པས་རེད། སྲོང་བཙན་སྒམ་པོས་ཆོས་མ་གཏོགས་བོན་ལ་མི་དད་ཚུལ་གྲུབ་ཕྱིར། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ནས་ཀྱང་དམ་ཆོས་དམངས་ཁྲོད་དུ་དར་སྤེལ་བྱུང་ཡོད་ཅེས་གང་གིས་ཀྱང་མ་བཞེད་པའི་ཚིག་འགས་ཀུན་ལ་མགོ་སྐོར་གཏོང་གྲབས་བྱེད་པ་འདིས་ལོ་རྒྱུས་ཀྱི་བདེན་དོན་འཚོལ་བ་ལ་ཕན་ཐོགས་མེད་དོ། །
གཉིས། ཞང་ཞུང་དབང་དུ་བསྡུ་མཁན་ཐོག་མ་སྲོང་བཙན་སྒམ་པོ་མིན།
ཡང་ཁོང་ན་རེ། ཤིང་སྦྲུལ་སྤྱི་ལོ༼༦༤༥༽ལོར་ཞང་ཞུང་བོད་ཀྱི་མངའ་འོག་ཏུ་འདུས་པ་གསལ་པོ་ཤེས་ཐུབ། འོན་ཀྱང་དེང་སྐབས་བོན་ལ་ཞིབ་འཇུག་གནང་མཁན་འགའ་ཞིག་གིས་བོད་ཀྱི་བཙན་པོས་བོན་ལུགས་པར་གནོད་འཚེ་བཏང་སྟབས་ཞང་ཞུང་རྒྱལ་པོ་བོད་ལ་ངོ་ལོག ཞང་ཞུང་རྒྱལ་པོ་ལིག་མི་སྐྱའི་སྐུ་དུས་སུ་དམག་ཤུགས་ཆེ་བས་ཞང་ཞུང་ལ་དམག་སྟོང་སྡེ་དགུ་ཁྲི་དགུ་འབུམ་ཡོད་པའི་སྟེང་དུ་སུམ་པ་སྟོང་བུ་ཆུང་ཡན་ཆད་མངའ་རིས་ཡིན་ལ། བོད་ལ་སྟོང་སྡེ་བཞི་བཅུ་རྩ་གཉིས་སྟོང་བུ་ཆུང་གཅིག་དང་རྩ་གསུམ་ལས་མེད་པས་ཞང་ཞུང་གི་རྒྱལ་པོ་བོད་རྒྱལ་གྱིས་དངོས་སུ་བཏུལ་ཐབས་བྲལ་བས་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་བོད་དམག་གིས་ཞང་ཞུང་གི་འབངས་སུ་བརྫུས་ཏེ་རྒྱལ་པོ་ལིག་མི་སྐྱ་སྟ་སྒོའི་འགྲམ་དུ་དཔྱ་ཁྲལ་བསྡུ་བར་ཕེབས་སྐབས་བཀྲོང་སྟེ་ཞང་ཞུང་ཁྲི་སྡེ་བོད་སྟོང་སྡེའི་མངའ་འོག་ཏུ་འདུས་ཞེས་གསུངས། འདི་ནི་ལོ་རྒྱུས་ཀྱི་གོ་རིམ་ལྡོག་སྟེ་གསུངས་པ་ལས། ཞང་ཞུང་བོད་ཀྱི་མངའ་འོག་ཏུ་འདུས་པའི་དུས་རབས་ནི་གོང་དུ་སྨོས་པ་ལྟར་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཡིན་པ་ཐེ་ཚོམ་མི་དགོས་པ་ཞིག་ཡིན།༼༨༽ཞེས་ཞང་ཞུང་མངའ་འོག་ཏུ་འཇུག་མཁན་ཐོག་མཐའ་ཀུན་ཏུ་སྲོང་བཙན་གཅིག་ཉིད་ཡིན་པར་ཐག་གཅོད་བྱས་ཡོད། ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ཡང་ཐེངས་མཐའ་མར་བོད་ཀྱི་མངའ་འོག་ཏུ་བཅུག་པ་ལ་ལོ་རྒྱུས་གོ་ལྡོག་ནས་བཤད་པ་རེད་ཅེས་བྲིས་ཡོད།
ཁོང་གིས་འདོད་པ་ནི་སྲོང་བཙན་གྱིས་ཞང་ཞུང་མངའ་འོག་ཏུ་བཅུག་རྗེས་གཞུ་ནས་གཅིག་གྱུར་ཏུ་སོང་ཡོད་པར་འདོད་པ་རེད། དོན་དངོས་སུ་དེ་ལྟར་མིན་ཏེ། སྤྱི་ཞང་ཞུང་བོད་ཀྱི་མངའ་འོག་ཏུ་བཅུག་པའི་དུས་ལ་ཁོ་བོས་དཔྱད་གཏམ་ཞང་བོད་གཅིག་གྱུར་གྱི་སྐོར་ལ་རགས་ཙམ་དཔྱད་པ་ཞེས་པ་བྲིས་ཡོད་ཀྱང༌། འདི་ནས་ཀྱང་སྐབས་སུ་བབས་པས་ཅུང་ཟད་ཞུས་ན་འདི་ལྟར་ཏེ། ཞང་ཞུང་གི་རྒྱལ་ཁབ་འདི་ཐོག་མ་དབང་དུ་བསྡུ་མཁན་སྲོང་བཙན་སྒམ་པོ་མིན་པ་ནི་ཐག་གིས་ཆོད་ལ། ཏུན་ཧོང་ཡིག་རྙིང་ལས།བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ། ཡབ་འབངས་ནྀ་འཁུས། ཡུམ་འབངས་ནྀ་ལོག གཉེན་ཞང་ཞུང༌། མཛོ་སུམ་པ། ཉག་ཉྀ་དགས་པོ། རྐོང་པོ། མྱང་པོ་ཀུན་ཀྱང་ལོག ཡབ་གནམ་རྀ་སློན་མཚན་དུག་བོན་ཏེ་བཀྲོངས་སོ།༼༩༽ཞེས་སྲོང་བཙན་ཆུང་དུས་ཞང་ཞུང་རྣམས་ཐེངས་གཅིག་ལ་ངོ་ལོག་པ་གསལ་བས། དེའི་སྔོན་ལ་ཞང་ཞུང་སོགས་རྒྱལ་ཕྲན་དེ་དག་ཐེངས་གཅིག་ཚུང་བསྡུས་མྱོང་བ་ཤུགས་ཀྱིས་བསྟན་ཡོད། དེ་ནས་སྲོང་བཙན་སྒམ་པའི་རིང་ལ་ཞང་ཞུང་ཐམས་ཅད་སླར་ཡང་འབངས་སུ་བཀུག་པ་ཡིན་ཏེ། ཏུན་ཧོང་ཡིག་རྙིང་དུ།བཙན་པོ་ཁྲྀ་སྲོང་རྩན་གྱྀ་རུང་ལའ། ལྀག་སྙར་ཤུར་བརླག་སྟེ། ཞང་ཞུང་ཐཾས་ཅད་འབངས་སུ་བཀུག་སྟེ་མངའོ། དེ་ནས་ལོ་དྲུག་ནའ། ཁྲྀ་སྲོང་རྩན་དགུང་དུ་གཤེགསོ། བཙན་མོ་མུན་ཅང་ཀོང་ཅོ་དང་དགུང་ལོ་གསུམ་བཤོས་སོ། ༡ཁྱིའི་ལོ་ལ་བབ་སྟེ༼སྤྱི་ལོ་༦༥༠༽།༼༡༠༽ཞེས་གསལ་བ་ལ་དཔྱད་ན་ཞང་ཞུང་འབངས་སུ་བཀུག་དུས་ཤིང་འབྲུག་ཏེ་སྤྱི་ལོ༼༦༤༤༽ཡས་མས་ཡིན་དགོས།
དེ་ནས་ལོ་ཉེར་བརྒྱད་འདས་རྗེས་ཀྱི་ཁྲི་འདུས་སྲོང་གི་རིང་ལ་ཡང་ཞང་ཞུང་ཡང་ཐེངས་གཅིག་ལ་ངོ་ལོག་ཚུལ་ཡོད་པ་འདི་ལྟར། ཏུན་ཧོང་ཡིག་རྙིང་ལས།གླང་གི་ལོ་ལ༼སྤྱི་ལོ༦༧༧༽བཙན་པོ་ཡབ་ཀྱི་སྤུར་བ་ལམ་ན་མད་ཅིང་བཞུགསྟེ།རྱེ་ཤྀན་ཁུ་བུལ་བུ་དྔ་ལྕོག་ལ་རྀང་ཙུག་སྐོར་དྔ་གཉྀས། གློ་བ་རྀང་སྟེ། ཞང་ཞུང་ལོག་ཅྀང་བཙན་པོ་ཁྲྀ་འདུས་སྲོང་ཉེན་ཀར་ན་བཞུགས་པར་ལོ་ཆིག༼༡༡༽ཞེས་གསལ།
དེ་ནས་ལོ་ཞེ་གཉིས་འདས་རྗེས་ཀྱི་ཁྲི་ལྡེ་གཙུག་བརྟན་གྱི་རིང་ལ་ཏུན་ཧོང་ཡིག་རྙིང་ལས། ལུགྀ་ལོ་ལ༼སྤྱི་ལོ༧༡༩༽བཙན་པོ་དབྱརད་བལ་པོ་ན་བཞུགས།ЬЬ དགུན་འདུན་ཚང་པང་སྣར་ཞང་བཙན་ཏོ་རེ་དྔ། བློན་ཁྲྀ་སུམ་རྗེས་བསྡུསྟེ། ཞང་ཞུང་མརད་དྔ་ཕ་ལོས་བཀུག༼༡༢༽ཅེས་དང་དེ་ནས་ལོ་ལྔ་འདས་རྗེས་ཀྱི་བྱྀ་བའྀ་ལོ་ལ༼༧༢༤༽ЬЬཞང་ཞུང་གྱྀ་མཀོས་བགྱྀས།༼༡༣༽ཞེས་པར་གཞིགས་ན་ཁྲི་སྲོང་མ་འཁྲུངས་གོང་ལ་ཞང་ཞུང་སླར་ཡང་བོད་ཀྱི་འབངས་སུ་བཀུག་པར་མངོན།(འདིར་ཁྲི་སྲོང་གི་འཁྲུངས་ལོ་དེ་ཏུན་ཧོང་ཡིག་རྙིང་ལྟར་སྤྱི་ལོ་༧༤༢ལ་འདོད་པ་ཡིན།)འོན་ཀྱང་འདིའང་བསྡུ་ཐེངས་མཐའ་མར་ཡིན་པ་མ་ངེས་ཏེ། ཞང་ཞུང་སྙན་རྒྱུད་དུ་ཁྲི་སྲོང་གི་སྐབས་སུ་ཞང་ཞུང་ཡང་ཐེངས་གཅིག་ལ་དབང་དུ་བསྡུས་ཚུལ་གྱི་བྱུང་རིམ་དང་མི་སྣ་གསལ་བོ་ཡོད་པ་དང༌།༼༡༤༽ཏུན་ཧོང་ཡིག་རྙིང་དུ་ཁྲི་སྲོང་ལོ་བཅུ་གཉིས་ནས་བཅོ་བརྒྱད་བར་དང་ཉེར་གཉིས་མན་གྱི་དོན་ཆེན་གནད་བསྡུས་མེད་པ་དང༌། ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་མྱ་དཀར་པོ་ངོ་ལོག་ཚུལ་དང་ལུ་ཡུལ་དབང་དུ་བསྡུས་ཚུལ་ཡོད་དེ། ཏུན་ཧོང་ཡིག་རྙིང་དུ།རྒྱལ་པོ་འདི་འྀ་རིང་ལ། འབྲོ་ཁྲི་གཟུའ་རམ་ཤགས་ཀྱིས་སྟོད་ཕྱོགས་སུ་དྲངསྟེ། ལྀ་འབངས་སུ་བཀུག་ནས་དཔྱའ་ཕབ་པོ། འུང་གི་འོག་དུ་མྱ་དཀར་པོ་འབངས་སུ་མངའ་བ་ལས་གློ་བ་རྀངས་པའྀ་ཚེ།༼༡༥༽ཞེས་གསལ་བ་དང༌། ཡང་ཞོལ་རྡོ་རིང་གི་ལྷོ་ངོས་ཐིག་ཕྲེང་བཅུ་གཅིག་པ་ནས་ཐིག་ཕྲེང་ཉི་ཤུའི་བར་ན།བཙན་པོ་སྲས་ཁྲྀ་སྲོང་ལྡེ་བརྩན་གྱི་སྐུ་ལ་དརད་དུ་ཉེ། བོད་མགོ་ནག་པོའི་སྲིད་ཎྀ་འཁྲུག་དུ་བྱེད་པ་ལས། གླུ་ཁོང་གིས།འབལ་དང༌། ལང་གློ་བ་རིངས་བའྀ་གཏན་གཙིགས། བཙན་ཕོ་སྲས་ཁྲྀ་སྲོང་ལྡེ་བརྩན་གྱི་སྙན་དུ་གསོལད་ནས་འབལ་དང༌། ལང་གློ་བ་རིངས། བདེན་པར་གྱུརད་ཏེ། ཁོང་ཏ་ཎྀ་བཀྱོན་ཕབ་སྟེ། ཀླུ་ཁོང་གློ་བ་ཉེའོ།༼༡༦༽ཞེས་བོད་མགོ་ནག་པོའི་སྲིད་ཎྀ་འཁྲུག་དུ་བྱེད་པ་ལས། སོགས་ནས་ཀྱང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུའང་མངའ་ཁོངས་བདེ་འཇགས་མིན་པ་ཤེས་པ་དང༌། གོང་ལྟར་ཞང་ཞུང་ཡང་ཐེངས་མང་པོ་ངོ་ལོག་ཚུལ་གསལ་བ་སོགས་ལ་གཞུགས་ན། དེ་རྗེས་ནས་ཀྱང་ངོ་མ་ལོག་པའི་ངེས་པ་མེད་དོ། །ལྷག་པར་དུ་ཞང་ཞུང་སྙན་རྒྱུད་དུ་བོད་ཀྱི་རྒྱལ་པོའི་འཕྲིན་བློན་ཞེ་ངན་ལ་ཁོང་གདུག་པ། སྣང་ནམ་ལེགས་གྲུབ་ཅེས་པ་ཞིག་གི་མིང་གསལ་བ་ཡང༌། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་ཁྲི་ལྡེ་སྲོང་བཙན་ཡབ་སྲས་ཀྱི་སྐབས་ཞང་བློན་སྣ་ནམ་ཚང་ལ་དབང་ཤུགས་ཡོད་པ་སོགས་ཅུང་མཐུན་པར་སྣང༌། ཁྲི་ལྡེ་སྲོང་བཙན་རིང་ཆོས་མི་འཇིག་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས་ཀྱི་ཡི་གེའི་རྒྱལ་བློན་བྲོ་སྩལ་བའི་སྐབས་སུ། ཞང་སྣ་ནམ་ཁྲི་སྒྲ་རྒྱལ། ཞང་སྣ་ནམ་རྒྱལ་ལེགས་དགེ་ཚུག ཞང་སྣ་ནམ་ལྷ་བཞེར་སྤེ་བཙན། ཞང་སྣ་ནམ་གཉན་ཡོད། ཞང་སྣ་ནམ་བཙན་སྒྲ་ཁྲི་སླེབས།༼༡༧༽ཞེས་སྣ་ནམ་ཚང་གི་མི་ལྔ་ཙམ་བློན་ཡིན་པ་སོགས་ལ་གཞིགས་ན་ཁྲི་སྲོང་ལྡེ་བཙན་གྱི་རིང་ནས་བཟུང་སྣ་ནམ་ཚང་ལ་གཉེན་འབྲེལ་ཡོད་པ་དང༌། སྣ་ནམ་ལེགས་གྲུབ་ཡང་ཁོ་ཚང་གི་བྱས་རྗེས་ཅན་གྱི་མི་ཞིག་ཡིན་པར་ཤེས་ཐུབ།དེ་ན་ཞང་ཞུང་སྙན་བརྒྱུད་ལྟར་ཞང་ཞུང་བོད་ཀྱི་མངའ་ཁོངས་སུ་བཀུག་ཐེངས་ཆེས་མཐའ་མ་ནི་ཁྲི་སྲུང་ལྡེ་བཙན་གྱི་རིང་དུ་འདོད་དེ། སྨན་རིའི་དཔོན་སློབ་རིན་པོ་ཆེ་ནས་ཀྱང༌། རྒྱལ་པོ་(ཁྲི་སྲོང་ལྡེ་བཙན།)འདིས་དྭང་ར་ཁྱུང་རྫོང་དུ་བཞུགས་པའི་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་དགྲོང༌། དེ་ནས་བཟུང་ཞང་ཞུང་བོད་ཀྱི་མངའ་འོག་ཏུ་ཚུད་ནས་སླར་འཁྲུགས་མ་ནུས་སོ།༼༡༨༽ཞེས་གསུངས་སོ། །
གསུམ། མགར་སྟོང་བཙན་བོན་པོ་ཡིན་ནམ།
ཡང་མཁས་དབང་ཕུན་ཚོགས་ཚེ་རིང་གིས་བཙན་པོ་དེ་གཉིས་སྐུ་ན་ཆུང་ངུའི་དུས་སུ་ཕྱི་ནང་གི་ཆབ་སྲིད་དང༌། དམག་དོན་སོགས་གལ་ཆེའི་བྱ་བ་མཐའ་དག་བློན་ཆེན་མགར་ཕ་བུ་གཉིས་ཀྱིས་འགན་འཁུར་ཏེ་བསྐྱངས། མགར་གྱི་ཁྱིམ་རྒྱུད་རྣམས་དབང་ཤུགས་ཇེ་ཆེར་ཕྱིན། བློན་ཆེན་མགར་སྟོན་བཙན་ཡབ་སྲས་རྣམས་ནི་བོན་ལ་དད་མོས་ཆེ་བ་ཞིག་ཡིན་པ་གསལ་པོར་མངོན་པ་ནི། བོན་གྱི་དེབ་ཐེར་བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་ལས།མགར་ཡབ་སྲས་ཀྱིས་བོན་སྤེལ་བའི་སློབ་མ་མང༌།༼ཤོག་ངོས་༢༢༢ན་གསལ༽ཞེས་གསུངས། ཆོས་རྒྱལ་སྲོང་བཙན་སྒམ་པོ་དགོངས་པ་མྱ་ངན་ལས་འདས་རྗེས། གདུང་སྲས་གུང་རི་གུང་བཙན་སྐུ་ན་ཆུང་བས་བློན་ཆེན་མགར་གྱིས་སྲིད་ཀྱི་ཁ་ལོ་ཡོངས་སུ་བསྒྱུར། བོན་ལུགས་པ་རྣམས་ལ་སྲིད་འཛིན་པའི་རྒྱབ་སྐྱོར་ཐོབ་པས་སླར་ཡང་དབང་ཤུགས་ཆེ་རུ་ཕྱིན།༼གུང་རི་གུང་བཙན་ཡབ་ཀྱི་སྔོན་དུ་འདས་ཞེས་ཐུན་མོང་གི་བཞེད་ཚུལ་ལ་འགལ་བའི་ཚིག་ཅིག་སྣང་མོད་དེ་ལ་བགྲོ་གླེང་བྱ་རིན་མེད་དོ།༽ཞེས་དང་གོང་དུ་སྨྲས་པ་ལྟར། བློན་ཆེན་མགར་སྟོང་བཙན་ཡབ་སྲས་རྣམ་གཉིས་ནི་བོན་ལ་དད་མོས་ཆེ་བ་ཞིག་ཡིན་པས། བོན་ལུགས་པ་རྣམས་ལ་སྲིད་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་སྟབས་ཆོས་རྒྱལ་སྲོང་བཙན་སྒམ་པོ་དགོངས་པ་རྫོགས་རྗེས་བན་བོན་དབར་སྲིད་དབང་འཕྲོག་རེས་བྱེད་པའི་འཐབ་རྩོད་དེ་སླར་ཡང་རྣོ་ངར་ཅན་དུ་འགྱུར། ཆོས་རྒྱལ་སྲོང་བཙན་སྒམ་མོ་དང༌། སྲས་གུང་རི་གུང་བཙན། མང་སྲོང་མང་བཙན། འདུས་སྲོང་མང་པོ་རྗེ། འཇང་ཚ་ལྷ་དབོན་བཅས་གདུང་རྒྱུད་ལྔ་པོ་ཚང་མ་སྐུ་ན་ཆུང་དུས་ནས་དགོངས་པ་རྫོགས་ཟེར་བ་དེ་ཡང་སྟེས་དབང་གིས་བྱུང་བ་ཞིག་ག་ལ་སྲིད། དོན་དངོས་ཐོག་བཙན་པོ་དེ་དག་སྐུ་ཚེ་ཐུང་བ་ནི་བན་བོན་དབར་སྲིད་དབང་འཕྲོག་ལེན་བྱེད་པའི་འཐབ་རྩོད༼འཐབ་རྩོད་མེད་ན་མི་རྣམས་ལོ་ཆུང་དུས་འཆི་མི་སྲིད་པ་ལྟར་བྲིས་འདུག༽ དང་ཐད་ཀར་འབྲེལ་པ་ཡོད་པ་ཞིག་རེད།༼༡༩༽ ཞེས་གསུངས་པས་མགར་སྟོང་བཙན་ཕ་བུ་གཉིས་བོན་ལ་དད་ཚུལ་དང༌། དེ་ལ་བརྟེན་ནས་ད་དུང་རྒྱལ་པོ་རྣམས་སྐུ་ཚེ་མ་རིང་བ་ཡང་བོན་པོ་རྣམས་ཀྱིས་ངན་བཟོས་པ་ལྟ་བུར་གསུངས་ཡོད། སྤྱིར་ཐུབ་པའི་བསྟན་པ་བོད་དུ་དར་བ་ནས་བཟུང་ཤཱག་གཤེན་གྲུབ་མཐའ་ཁག་གཉིས་ཀྱི་བར་ལ་འཐབ་རྩོད་མང་པོ་ལངས་ཏེ། མཐར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་ཆོས་བློན་རྣམས་ཀྱིས་མ་ཞང་ཁྲོམ་པ་སྐྱེས་གཡོ་ཐབས་ཀྱིས་གསོན་དུར་དུ་བཅུག་པ་དང༌། བོན་བློན་གཞན་པ་རྒྱང་དུ་སྤྱུགས་པ་སོགས་བྱས་ནས་བོན་གྱི་བསྟན་པ་བསྣུབས་པར་རྐྱེན། བོན་པོ་རྣམས་ཀྱིས་ཕམ་ཁ་ཆེན་པོ་མྱང་ནས་ད་བར་དུ་འཕེལ་མ་ཐུབ་པ་ནི་ལོ་རྒྱུས་ཀྱི་བདེན་དོན་ཡིན་ཡང༌། ལར་མཁས་པ་གང་གིས་ཀྱང་བཞེད་མི་འདུག་པའི། མགར་སྟོང་བཙན་ཡབ་སྲས་བོན་པོ་ཡིན་ཚུལ་དང་དམ་པའི་ཆོས་ལ་གནོད་པ་བྱས་པ་ལྟར་བརྗོད་པ་ནི། ཁོང་གིས་དར་རྒྱས་གསལ་སྒྲོན་ལ་ཞིབ་མོར་མ་གཟིགས་སམ། ཡང་ན་ཁོང་གིས་བཤད་པ་ལྟར་གྲུབ་མཐའི་ཕྱོགས་ལྟུང་གི་ལྟ་བས་ལོ་རྒྱུས་ཀྱི་དོན་དངོས་ལ་འགྲེལ་བཤད་གནང་བ་ཞིག་ཡིན་ལས་ཆེ།
དོན་དངོས་སུ་ཁོང་གིས་བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་ནང་ནས་ལུང་དྲངས་པའི་མགར་ཡབ་སྲས་ཞེས་པ་ནི། བསྟན་པ་ཕྱི་དར་ཀྱི་སྐབས་གཏེར་སྟོན་ཁུ་ཚ་ཟླ་འོད་ཀྱི་སློབ་མ་མགར་ནག་འབུམ་ཆུང་བྱ་བ་ཡིན་ལ། ལུང་དེའི་གོང་འོག་ལ་གསལ་བོར་བལྟས་ན་ཤེས་ཐུབ་སྟེ། འདི་ལྟར་གཞུང་དེ་ཉིད་ལས།དེ་ནི་སྔགས་རྒྱུད་ཡིན་ཏེ། གཉིས་པ་དེར་གཏོགས་པ་ལ། སྤ་གྲོ་བའི་ལོ་རྒྱུས་ནས། ལྷ་སྲས་མུ་དུག་བཙད་པོ་དང༌། ཁྱུང་པོ་གྱེར་ཟླ་མེད་གཉིས་ཀྱིས་ཕོ་བྲང་བསེ་སྒོ་ཅན་ནས་བཏོན་ཏེ། སྤ་གྲོ་ཕུག་གཅལ་གྱི་གཡོན་ངོས། བྲག་སོག་པོ་དམག་ལ་ཆས་འདྲའི་སྐེད། སེང་གེ་དཀར་མོ་ཁ་གདངས་པ་འདྲ་བའི་འོག་རུས་སྦལ་ནག་པོ་ཆུ་འཐུངས་པ་འདྲ་བའི་འགབ། ཕ་བོང་སྡིག་རུ་ཅན་གྱི་རྩ། བྲག་དམར་ནག་མེ་རི་སྦྲེང་བ་འདྲ་བའི་དབུས། བྲག་ཕུག་ཉི་མ་རིས་སུ་སྦས་སོ། གཏེར་སྲུང་ཐང་ལྷ་ཡ་བཞུར། ཡར་ལྷ་ཤམ་པོ།སྐུ་བླ་སྒྲ་སྐྱེས། གསང་བ་རིན་ཆེན། ཨེ་ཀ་ཙ་ཏི། ཐིག་ལེ་སྟོང་ཁྱབ་དང་དྲུག་ལ་གཏད་དོ། །དེ་ནས་དུས་རེ་ཞིག་ན་གཏེར་གྱི་ཁ་བྱང་རྟ་ནག་གི་བཙད་པོ་ཅིག་ལ་བྱུང་ནས་འདོན་དུ་ཕྱིན་པས།ལམ་ཁ་རོང་དུ་ཁུ་ཡེ་བྱ་བའི་མི་སྡེ་ཅིག་ཡོད་པར་ལོ་ཁ་ཤས་ཆགས། ཁོང་གི་བུ་སྲིང་ཅིག་དང་སྟབས་སུ་སོང་ནས་སྲས་ཅིག་འཁྲུངས་ནས། ཨ་མ་ཁུ་མོ་ཡིན་པས། ཁུ་ཚ་ཚེས་བཅོ་ལྔའི་ཟླ་བ་འབོར་ཐོན་འཆར་བ་སྐྱེས་པས།ཟླ་འོད་འབར་དུ་བཏགས་སོ། དེས་ཁ་བྱང་བུའི་ནོར་སྐལ་དུ་བྱིན་ནས་ཡུལ་དུ་གཤེགས་སོ། བུ་ལོ་བཅོ་ལྔ་ལོན་ནས་བན་དེ་ཅིག་ལ་ཁ་བྱང་བསྟན་པས། འུ་རང་གཉིས་གཏེར་འདོན་དུ་འགྲོ། བོན་བྱུང་ན་ཁྱོད་ཀྱི་བྱ། ཆོས་བྱུང་ན་ངའི་བྱ། ནོར་བྱུང་བ་ཕྱེད་ཕྱེད་བྱ་ཟེར་ནས་ཕྱིན་ནོ། སྤ་གྲོ་ཕུ་མདའ་བཙལ་བས་མ་རྙེད་དེ། བན་དེ་དང་བྲལ་བས་ན་བཟའ་རེ་རམ་གཅིག་ཡོད་པའི་ཐུ་བ་འཐོན་བྱེད་ནས་གཟིགས་པས། ཕ་བོང་སྡིག་རུ་ཅན་ཐོག་གདའོ། དེ་གར་བསྡད་ནས་ཀློག་པས། བྲག་ཕུག་གི་སྒོ་རྙེད་དེ། སྟག་གི་ལོ་སྟོན་ཟླ་ར་བའི་ཉ་ལ་གཏེར་ཐོན། གཤང་བཏགས་པའི་ནང་ནས་བོན་བྱུང༌། དེ་འོག་གབ་ཙེ་བཏགས་པ་ནས་རྩིས་བྱུང༌། དེ་འོག་དྲིལ་བུ་བཏགས་པ་ནས་ཆོས་བྱུང༌། དེ་འོག་གཙག་བུ་བཏགས་པ་ནས་སྨན་བྱུང༌། རོང་དུ་བྱོན་ནས་སྨན་ལ་ཉམས་ལེན་མཛད་ནས་ཁུ་ཚ་སྨན་པར་གྲགས་སོ། སྔར་གྱི་བན་དེ་དེ་བྱུང་ནས། ཁྱོད་ཀྱིས་གཏེར་བཏོན་ནས་འདུག ང་ལ་ཡང་སློང་ཟེར་ཏེ། ཆོས་རྣམས་བྱིན། ཁུ་ཚ་ལ་སྦས་ཡུལ་རོང་གི་སར་སྒོམ་ཡེ་ཤེས་རྒྱལ་མཚན་གྱིས་ཀུན་བཟང་གི་སྐོར་ཞུས་ཏེ་མཐིང་ཤོག་གསེར་གྱི་ཡི་གེ་ཅན་ལ་ཞལ་བཤུས་སོ། །ཁུ་ཚས་གནུབ་ཡུལ་རོང་གི་མགར་ནག་འབུམ་ཆུང་བྱ་བ་ལ། ངས་གཏེར་ཐོན་པས་གཏེར་ཤོག་ཡོད་པ་ཁྱོད་རང་བྲིས་ན་ངས་བྱིན་ནོ་བྱས་པས། མགར་ན་རེ། བདག་གིས་དེང་སང་ལྷོ་གཏེར་ལ་སློབ་གཉེར་ལོ་གཅིག་ལ་བག་ཙམ་ཤེས། ད་ཡང་བོན་ཅིག་ཞུ་ཟེར་ནས།ན་བཟའ་གཅིག་དང༌། རྟ་ཁམ་སྦྲང་སྨྱོན་བྱ་བ་ཕུལ་ནས། གཟེར་ཕུར་གྱི་སྐོར་རྣམས་ཞུས་ནས་བྲིས་སོ། །དེ་ནས་གཏེར་སྒྲོ་རྣམས་མགར་ལ་བཅོལ་ནས། ཁོང་རང་ལ་འགྲོ་ན་དགོན་པ་ཅིག་བཟུང་ནས་ཡོད།ཅེས་དང༌།དེ་རྣམས་དུང་ཤོག་ལ་བྲིས་ནས། མགར་ཡབ་སྲས་ཀྱིས་བོན་སྤེལ་བའི་སློབ་མ་ཡང་མང༌།༼སྔར་ཁོང་གིས་དྲངས་བའི་ལུང་ཚིག་ནི་འདི་ཡིན་ནོ།༽མགར་གྱི་བུ་ཆེན་བཞི་ནི། མདོ་ཁམས་ཀྱི་ཇོ་སྟོན་སྐལ་ལྡན་ཤེས་རབ། ལ་སྟོད་ཀྱི་སླན་སྟོན་ཏི་སེ་བ། རྔོད་ཀྱི་ཡང་ལ་ཐུགས་རྗེ། སྟག་སྡེས་གཉན་སྟོན་ཐུགས་རྗེ་འོད་དང་བཞིའོ། རྩིས་ཀྱི་གཏེར་ཤོག་རྣམས་ཤང་གི་སྤུག་སྟོན་ལ་བྱིན་པས། གསས་མཁར་མར་གྲགས་སོ།ཞེས་གསུངས་པས།༼༢༠༽ཞེས་གསལ་བས་ཁོང་ཉིད་ལ་ནོར་འཁྲུལ་ཚབས་ཆེན་བྱུང་འདུག་སྟེ། གོང་གསལ་ཁུ་ཚ་ཟླ་འོད་ཀྱིས་ཟབ་གཏེར་བཞེས་པའི་ལོ་ནི། མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བརྩམས་པའི་རིས་མེད་བསྟན་རྩིས་མིན་སེལ་སྒྲོན་མེ་ལས། དེའི་ཕྱི་ལོ་མེ་གླང་ལ་ནག་ཚོ་ལོ་ཙཱ་བ་དགུང་ལོ་ཉེར་བདུན་ཐོག་ཇོ་བོ་རྗེ་སྤྱན་འདྲེན་དུ་བྱོན།༼སྤྱི་ལོ་༩༦༠༽དེའི་ཕྱི་ལོ་ས་སྟག་ལ་གཏེར་སྟོན་ཁུ་ཚ་ཟླ་འོད་དགུང་ལོ་བཅོ་ལྔའི་སྟེང་སྤ་གྲོ་ཕུག་གཅལ་དུ་ཟབ་གཏེར་བཞེས།༼༢༡༽ ཞེས་གསལ་བས་ཁུ་ཚ་ཟླ་འོད་ཀྱི་སློབ་མ་མགར་ནག་འབུམ་ཆུང་ཡབ་སྲས་གཉིས་ནི་རབ་བྱུང་དང་པོའི་སྐབས་ཀྱི་མི་ཡིན་ལ། དེ་དང་སྲོང་བཙན་སྐབས་ཀྱི་མགར་སྟོན་བཙན་གཉིས་ཀྱི་བར་ལ་ལོ་སུམ་བརྒྱར་ཉེ་བ་ཙམ་ཡོད་དེ། ཏུན་ཧོང་ཡིག་རྙིང་དུ།ཡོས་བུའྀ་ལོ་ལ༼སྤྱི་ལོ་༦༦༧༽།བཙན་པོ་འོར་མར་དུ་གཤེགསྟེ། བློན་ཆེ་སྟོང་རྩན་རྀས་པུར་གུམ་བར་ལོ་གཆྀག༼༢༢༽ཞེས་སྲོང་བཙན་གྱི་བློན་ཆེན་མགར་སྟོང་བཙན་འདས་ནས་ལོ་ཉིས་བརྒྱ་དགུ་བཅུ་གོ་བཞི་སོང་རྗེས་ཀྱི་རབ་བྱུང་དང་པོའི་ས་སྟག་ལ་ཁུ་ཚས་གཏེར་བླངས་པ་ཡིན་པས། དར་རྒྱས་གསལ་སྒྲོན་གྱི་ཚིག་གོང་འོག་ལ་གསལ་བོར་བལྟས་ན་དེ་གཉིས་མི་གཅིག་པ་མཁས་དབང་ཆེན་མོ་ཁོང་ལྟ་བུ་ཞིག་ཕར་ཞོག བོད་ཡིག་གི་གོ་བ་ཅུང་ཟད་ཡོད་པ་ཞིག་གིས་ཀྱང་ནོར་མི་སྲིད་པས། ཁོང་ལྟ་བུ་མཁས་དབང་ཆེན་མོའི་མཚན་རྟགས་བཞེས་པ་ཞིག་གིས་དཔྱད་གཞི་ཡིག་ཆ་ལ་ཞིབ་མོར་མི་གཟིཊ་པ་མི་སྲིད་པས། དོན་དངོས་སུ་གྲུབ་མཐའི་ཕྱོགས་ཞེན་མེད་ཁུལ་བྱས་ཀྱང༌། རྩོམ་ཡིག་གི་ཞར་ཞོར་ནས་བདེན་མི་བདེན་གྱི་ཚིག་མང་དུ་སྤེལ་ནས་བོན་ལ་ཉེས་འགེལ་བྱས་པ་ནི་བསྙོམ་མེད་རེད། གོང་ལྟར་ཁོང་གི་མགར་སྟོང་བཙན་ཡབ་སྲས་བོན་པོ་ཡིན་པར་འཁྲུལ་ནས་ཡང་འདི་ལྟར་བཞེད་འདུགབཙན་པོ༼ཁྲི་འདུས་སྲོང་༽སྐུ་ན་ཆུང་ངུའི་དུས་ནས་དཔའ་སྟོབས་དང་མཐུ་རྩལ་འགྲན་པ་དཀའ་བ་ཞིག་ཡོད། འོན་ཀྱང་ནང་གི་བྱ་བ་མཐའ་དག་མགར་གྱི་བུ་རྒན་པས་བྱས། ཕྱི་ཡི་བྱ་བ་མགར་གྱི་བུ་ཆུང་བས་བྱས། བློན་ཆེན་མགར་སྟོང་བཙན་དང༌། བུ་ཆེ་བ་བཙན་སྙ་ལྡོམ་བུ། འབྲིང་བ་མགར་ཁྲི་འབྲིང་བཙན་བྲོད་བཅས་སྐུ་དབང་ཤིན་ཏུ་ཆེ་བས་ཕྱི་ནང་གི་བྱ་བ་གང་ཅིར་བརྒྱ་ཁ་གཅིག་གཅོད་བྱེད་པ་དང༌། བཙན་པོ་ལའང་བརྩི་བཀུར་དང་དད་གུས་ཞན་པ། མཐར་བཙན་པོར་བློ་ལོག རྒྱལ་བློན་བར་གྱི་འགལ་བ་རྣོ་ངར་དང་མངོན་གསལ་ཅན་དུ་གྱུར། བཙན་པོ་འདི་ནི་དཔའ་མཛངས་བརྟུལ་ཕོད་པ་དང༌། ཆབ་སྲིད་ལ་བྱང་ཆུབ་པས། མགར་སྟོང་བཙན་ཕ་བུ་སོགས་བློན་པོ་ཁ་ཅིགས་ངོ་ལོག་པ་དེ་རྣམས་ཆམ་ལ་ཕབ། ཆབ་སྲིད་མཐའ་རྒྱས་པ་ནི་སྔོན་ཆད་གདུང་རབས་ཀྱི་ཁྲོད་དུ་སུས་ཀྱང་མ་མཛད་དོ་ཞེས་སྙན་པའི་གཏམ་དེ་གང་སར་ཁྱབ། མདོར་ན། སྲོང་བཙན་སྒམ་པོའི་གདུང་སྲས་རྣམས་ཕྱི་ནང་གི་ལས་དབང་རྐྱེན་གསུམ་གྱི་དབང་གིས་ཚང་མ་སྐུ་ཚེར་བར་ཆད་ཆེ་བས་མགར་སྟོན་བཙན་ཕ་བུ་རྣམས་ཀྱིས་ཡུན་རིང་སྲིད་ཀྱི་ཁ་ལོ་བསྒྱུར། བོན་བློན་རྣམས་གཅིག་ཏུ་བསྒྲིལ་ནས་བོན་ལུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས།༼༢༣༽ ཁོང་གིས་མགར་སྟོང་བཙན་ཡབ་སྲས་བོན་པོ་ཡིན་པར་འཁྲུལ་ནས། རྒྱལ་པོ་སྲོང་བཙན་སྒམ་པོ་དང་མང་སྲོང་མང་བཙན་རྒྱལ་རབས་གཉིས་ཀྱི་རིང་ལ་མཛད་རྗེས་བླ་ན་མེད་པས་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་བློན་ཆེན་མགར་སྟོང་བཙན་ཡང་ངོ་ལོག་ཅེས་ཉེས་མེད་ཀྱི་གླེང་འགའ་བཏབ་འདུག ཚང་མས་ཤེས་གསལ་ལྟར་བཙན་པོ་ཁྲི་འདུས་སྲོང་སྐུ་ན་གཞོན་དུས་མགར་ཁྲི་འབྲིང་སོགས་ཀྱིས་སྲིད་སྐྱོང་རོགས་བྱས། དེ་རྗེས་བཙན་པོ་ནར་སོན་ནས་སྲིད་དབང་ཕྱག་གིས་བཞེས་ནས་མགར་ཁྲི་འབྲིང་སོགས་ལ་དབང་ཤུགས་ཆེ་བ་སོཊ་ལ་བརྟེན་ནས་བཀྱོན་ཕབ་པ་བདེན་མོད། འོན་ཀྱང་ཁྲི་འདུས་སྲུང་འདི་མགར་སྟོང་བཙན་ཡོང་ཟུང་འདས་ནས་ལོ་དགུའི་རྗེས་སུ། ཡབ་མང་སྲོང་མང་བཙན་འདས་པའི་ལོ་དེ་ལ་འཁྲུངས་པ་ཡིན་པས། ཏུན་ཧོང་ཡིག་རྙིང་ལས། བྱི་བའི་ལོ་ལ་བབ་སྟེ།༼སྤྱི་ལོ་༦༧༦༽དབྱརད་བསྩན་པོ་སྤྲགས་གྱྀ་ཤ་ར་ན་བཞུགས་ཤྀང༌། དགུན་ཚང་བང་སྣ་ནས། ཁྲྀ་མང་སློན་དགུང་དུ་གཤེགས། བཙན་ཕོ་སྲས་ཁྲྀ་འདུས་སྲོང༌། སྒྲེགས་གྱྀ་ལྷ་ལུང་དུ་བལྟམ། བློན་བཙན་སྙས་དྲུ་གུ་ཡུལ་དྲངསྟེ། ལྡུམ་བུ་ཁྲྀ་བཤོས་ཁྲོམ་བཙལད་པར་ལོ་གཆིག།༼༢༤༽ ཞེས་གསལ་བས་ཁྲི་འདུས་སྲོང་གིས་མགར་ཁྲི་འབྲིང་སོགས་ལ་བཀྱོན་ཕབ་སྐབས་མགར་སྟོང་བཙན་ཡོང་ཟུང་འདས་ནས་ཡུན་རིང་འགོར་སོང་བས། དེ་ལ་མགར་སྟོང་བཙན་ཕ་བུ་སོགས་བློན་པོ་ཁ་ཅིག་གིས་ངོ་ལོག་པ་ཞེས་དང་ཡང༌།ཇོ་བོ་ཤཱཀྱ་མུ་ནེ་བཙན་པོའི་གདུང་རབས་གསུམ་གྱི་རིང་ལ་མུན་ཁང་དུ་སྦས་དགོས་པའི་རྒྱུ་མཚན་ནི། ལོ་རྒྱུས་ཡིག་རིགས་འགའ་ཞིག་ཏུ་རྒྱ་ནག་གི་དམག་མི་བོད་དུ་འོངས་ནས་རྟེན་སྐལ་ཇོ་བོ་ཤཱཀྱ་མུ་ནེ་རྒྱ་ནག་ཏུ་གདན་དྲངས་པར་དོགས་ཏེ་མུན་ཁང་དུ་སྦས་ཞེས་འཁོད། དོན་དུ་སྲོང་བཙན་སྒམ་པོ་དགོངས་པ་བདེ་བར་གཤེགས་རྗེས། མགར་སྟོང་བཙན་སོགས་བོན་བློན་དང་བོན་ལུགས་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་སྤེལ་བར་ངོ་རྒོལ་བྱས་སྟབས་དེ་དག་གིས་གནོད་འཚེ་གཏོང་བར་དོགས་ཏེ་ཆོས་བློན་རྣམས་དང་སངས་རྒྱས་ཆོས་ལུགས་པ་རྣམས་ཀྱིས་གསང་བའི་སྒོ་ནས་མུན་ཁང་དུ་སྦས་པ་ཞིག་རེད་སྙམ།༼༢༥༽སོགས་མགར་སྟོན་བཙན་ལ་ཉེས་པ་མེད་པར་གླེང་འགེལ་དོན་ཡང་བོན་པོ་ཡིན་པར་འཁྲུལ་ནས་དེ་ལྟར་བྲིས་པར་མངོན་ནོ། །འོན་ཀྱང་ཁོང་གིས་རྒྱའི་ཐང་ཡིག་ལ་ཞིབ་བལྟས་བྱས་ཡོད་རྒྱུ་ཡིན་ན། ཐང་ཡིག་ཏུ་སྟོང་བཙན་གྱི་རུས་ནི་མགར་ཡིན། མགར་གྱིས་ཡི་གེ་མི་ཤེས་ཀྱང༌། རང་བཞིན་གྱིས་རིག་པ་རྣོ་ཞིང་ངང་ཚུལ་བརྟན་ལ། གཡུལ་གྱི་བྱ་བ་ལ་ཤིན་ཏུ་མཁས།༼༢༦༽ཞེས་པ་འདིས་ཀྱང་མགར་ནག་འབུམ་ཆུང་གིས་གཏེར་ཡིག་བྲིས་ནས་བོན་སྤེལ་བས་སློབ་མ་བསྐྱངས་པ་ཅེས་ལ་འཁྲུལ་ཚུལ་མེད་དོ། །ནོར་འཁྲུལ་དེ་ལ་བརྟེན་ནས་ཁོང་གི་བདེན་དོན་དང་མི་མཐུན་པའི་ཚིག་མང་པོ་སྨས་པ་དག་ལུང་ཁུངས་ནས་བཀག་པས་གཞན་ལ་བགྲོ་གླེང་བྱེད་རིན་མེད་པས་མ་སྨས་སོ། །
སྤྱིར་སྔ་རབས་ཀྱི་མཁས་དབང་ལ་ལ་ཞིག་གིས་བརྩམས་པའི་ལོ་རྒྱུས་ཀྱི་དེབ་ཐེར་ནི་ལྷ་སྒྲུང་གི་རྣམ་པ་ཅན་དང་སྙན་ངག་གི་བསྟན་བཅོས་བཞིན་འཁྱོག་བརྗོད་དང་འུར་བརྗོད་ཀྱི་ཆ་མང་དུ་མཆིས་ཕྱིར། རང་ཅག་གིས་དེ་ལ་སློབ་སྦྱོང་བྱེད་དུས་ལེགས་ཉེས་བླང་དོར་བྱེད་རྒྱུ་ཡང་ཧ་ཅང་དཀའ་མོ་རེད། འོན་ཀྱང་ཏུན་ཧོང་ནས་འཐོན་པའི་ལོ་རྒྱུས་ཡིག་རྙིང་དང་རྒྱའི་ཐང་ཡིག་གསར་རྙིང་སོགས་ནི་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཤིན་ཏུ་སྨན་པའི་རིན་བྲལ་གྱི་ནོར་བུ་ལྟ་བུར་གྱུར་ཡོད། དེང་སྐབས་ཀྱི་དཔྱོད་ལྡན་གསར་སྐྱེས་རྣམས་ཀྱིས་དེ་དག་ལ་གཙིགས་འཛིན་བྱེད་བཞིན་ཡོད་ནའང༌། རྒན་རབས་པ་ཁ་ཤས་ཀྱིས་ད་དུང་སྔར་གྱི་དེབ་ཐེར་འགའ་གཙོ་བོར་བཟུང་ནས་ཕྱོགས་ཞེན་གྱི་ལབ་གླེང་བྱེད་བཞིན་མཆིས། དེང་སྐབས་མི་ཚང་མས་མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་སྤྱི་ཚོཊ་འཛུག་སྐྲུན་གྱི་ཕྱོགས་ལ་འབད་འབུང་བྱས་ནས་དཔལ་ཡོན་གཉིས་ལྡན་གྱི་དུས་རབས་གསར་བའི་ཕྱོགས་སུ་བསྐྱོད་བཞིན་པའི་དུས་བཟང་འདིར། ཡང་དག་པའི་ཞིབ་འཇུག་ལ་བརྟེན་ནས་བོད་ཀྱི་ལོ་རྒྱུས་སྟེང་གི་གནད་དོན་རྣམས་བློ་གཟུ་བོར་གནས་པའི་སྒོ་ནས་དྲང་བདེན་གྱི་ལྟ་ཚུལ་ཞིག་རྗོད་དགོས་པ་ལས། རྩོམ་རིགས་ལ་བརྟེན་ནས་གྲུབ་མཐའ་བར་དང་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ལ་གནོད་པའི། བདེན་དོན་དང་མི་མཐུན་པའི་ཚིག་འགའ་རེ་བསྲེས་ནས་ལོ་རྒྱུས་ཀྱི་དེབ་ཐེར་ཞིག་བྲིས་ནས་ས་ཁྱབ་གནམ་ཁྱབ་ཏུ་སྤེལ་ན།
བོད་ཀྱི་གསར་སྐྱེས་རྣམས་ལོ་རྒྱུས་ཀྱི་བདེན་དོན་འཚོལ་བ་ལ་མི་མཁས་པ་དག་ལོག་ལམ་ཏུ་ཁྲིད་ཉེན་ཆེ་བ་དང༌། དེ་དག་གི་རྒྱུད་ལའང་གྲུབ་མཐའི་ཕྱོགས་ཞེན་གྱི་བག་ཆགས་ཟབ་མོ་རེ་བཞག་ནས་གྲུབ་མཐའ་ནང་ཕན་ཚུན་ལའང་ལྟ་ཚུལ་ངན་པ་འཛིན་ངེས་པ་སྨོས་མེད་རེད། དེ་ནི་དམ་པ་ཞིག་ཏུ་མཛད་པ་རུ་ནམ་ཡང་མི་འགྱུར་ཕྱིར། འུ་ཅག་གིས་ཕྱོགས་ཞེན་གྱི་གོས་ཧྲིལ་རྒྱང་དུ་དོར་ནས་ནང་མི་སྤུན་ཟླ་ཐམས་ཅད་མཐུན་སྒྲིལ་ཡོང་བའི་ཕྱོགས་ལ་འབད་པར་རིགས། གྲུབ་མཐའ་གང་ཡིན་ཡང་དེའི་བཞེད་དོན་ཐམས་ཅད་ཚད་མར་འཛིན་མི་རིགས་ལ་མཐའ་དག་རྫུན་ཡང་ཡིན་མི་སྲིད། དེས་ན་དེ་དག་ལས་ལེགས་ཆ་བསྡུས་ཤིང་ཞན་ཆ་དོར་རྒྱུ་ནི་ཞིབ་འཇུག་པའི་ལས་འགན་གཙོ་བོ་ཡིན་ནོ། །
ཟུར་མཆན།
༼༡༽ཆོས་འབྱུང་མཁས་པའི་དགོངས་རྒྱན།ཤར་ཡུལ་ཕུན་ཚོགས་ཚེ་རིང༌། 2003ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས་79ན་གསལ།
༼༢༽ དེབ་ཐེར་དམར་པོ།ཚལ་བ་ཀུན་དགའ་རྡོ་རྗེ། 1981ལེ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས་34ན་གསལ།
༼༣༽༼༥༽རྒྱལ་རབ་གསལ་བའི་མེ་ལོང༌།ས་སྐྱ་བསོད་ནམས་རྒྱལ་མཚན།1981ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས་60、62 ན་གསལ།
༼༤༽དེབ་ཐེར་སྔོན་པོ།འགོས་ལོ་གཞོན་ནུ་དཔའ་བ། ༡༩༨༥ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས་64ན་གསལ།
༼༦༽༼༧༽༼༨༽གོང་ཞུས་ཆོས་འབྱུང་མཁས་པའི་དགོངས་རྒྱན་གྱི་ཤོག་ངོས་74、93、95ན་གསལ།
༼༩༽༼༡༠༽༼༡༡༽༼༡༢༽༼༡༣༽བོད་ཀྱི་བརྡ་རྙིང་ཡིག་ཆ་འདམས་བསྒྲིགས།གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་རྩོམ་སྒྲིག་བྱས། 1995ལོར་ཀྲོང་དབྱང་མི་རིགས་སློབ་གྲྭའི་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས་51、60、73、90、92、ན་གསལ།
༼༡༤༽ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ཤར་རྫ་བཀྲ་ཤིས་རྒྱལ་མཚན། 1985ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས་207ན་གསལ།
༼༡༥༽༼༡༦༽༼༡༧༽གོང་ཞུས་བོད་ཀྱི་བརྡ་རྙིང་ཡིག་ཆ་འདམས་བསྒྲིགས་ཀྱི་ཤོག་ངོས་104、126、172ན་གསལ།
༼༡༨༽ སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག་གི་གསུང་འབུམ་པོད་གསུམ་པ་ 2005ལོར་ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་གིས་བསྐྲུན། ཤོག་ངོས་133ན་གསལ།
༼༡༩༽གོང་ཞུས་ཆོས་འབྱུང་མཁས་པའི་དགོངས་རྒྱན་གྱི་ཤོག་ངོས་97ནས་98བར་ན་གསལ།
༼༢༠༽བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ་སྤ་བསྟན་རྒྱལ་བཟང་པོ། 1991ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐུན། ཤོག་ངོས་218ནས་222བར་ན་གསལ།
༼༢༡༽མཁས་དབང་བོན་བརྒྱ་རིན་པོ་ཆེའི་བསྟན་རྩིས་དང་དཔྱད་རྩོམ་ཕྱོགས་བསྒྲིགས། 2008ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོག་ངོས་59ན་གསལ།
༼༢༢༽༼༢༤༽གོང་ཞུས་བོད་ཀྱི་བརྡ་རྙིང་ཡིག་ཆ་འདམས་བསྒྲིགས་ཀྱི་ཤོག་ངོས་63、64ན་གསལ།
༼༢༣༽༼༢༥༽གོང་ཞུས་ཆོས་འབྱུང་མཁས་པའི་དགོངས་རྒྱན་གྱི་ཤོག་ངོས་ 100、103ན་གསལ།
༼༢༦༽དཔལ་དོན་འགྲུབ་རྒྱལ་གྱིས་གསུངས་འབུམ་པོད་གསུམ་པ། 1997ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན། ཤོང་ངོས།373ན་གསལ།