ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> བརྒལ་བརྟག >> ༡༽དྲིས་ལན་ལྷག་བསམ་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཆགས་སྡང་ཟུག་རྔུ་སེལ་བའི་བདུད་རྩི།
༡༽དྲིས་ལན་ལྷག་བསམ་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཆགས་སྡང་ཟུག་རྔུ་སེལ་བའི་བདུད་རྩི།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

      དེང་དུས་དཔྱོད་ལྡན་ཡོངས་ཀྱིས་མི་རིགས་དང་མི་རིགས་ཀྱི་བྱ་བ་ཡར་རྒྱས་སུ་སོང་བ་དང་འགྲོ་བཞིན་པའི་སྣང་ཚུལ་དོན་དངོས་ཐོག མི་རིགས་རང་གི་རིག་གནས་ལོ་རྒྱུས་རིན་པོ་ཆེ་རྒྱ་མཚོའི་མཛོད་ལྟ་བུར་གནས་པ་ལ། ཕག་སྣས་ས་སློག་རྡོ་སློག་ཙམ་མ་ཡིན་པར་ཐོས་བསམ་གྱི་གྲུ་གཟིངས་ལ་བརྟེན་ནས་རྫུན་གཏམ་གྱི་འདམ་ལས་སྐྱེས་པའི་རྩི་ཤིང་གི་རིགས་ཚིག་གི་མེ་ཏོག་ལེགས་ཀྱང་མི་མཁོ་བར་དོར་ཏེ། བདེན་དོན་གྱི་ནོར་བུ་གང་ལོན་བྱེད་ཅིང་དོན་མ་ནོར་བའི་རིན་པོ་ཆེ་ཡིན་ན་གཟུ་བོའི་བློ་ཡིས་རྒྱལ་མཚན་གྱི་རྩེ་མོར་འགོད་པ་ལ་མོས་པ་ནི་རྣམ་དཔྱོད་ལྡན་པའི་ཁྱད་ཆོས་ཁོ་ན་ལགས་ཕྱིར། དེ་འདྲའི་རིགས་ལ་རྗེས་སུ་ཡི་རང་གིས་བཀའ་དྲིན་ཆེ་ཞེས་ཞུའོ། །འོན་ཀྱང་ཐོགས་མེད་རྩལ་ཟེར་བ་ཞིག་གིས། སྙིགས་དུས་ཀྱི་འདྲེན་པ་ཆེན་པོ་འཇའ་ལུས་པ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་པོད་བཅོ་བརྒྱད་ཡོད་པའི་ནང་གི་ལེགས་བཤད་རིན་པོ་ཆེའི་མཛོད་ལ་གོ་བ་ཅི་ལོན་གང་ལོན་བྱས་ནས་དོགས་པ་དགའ་རེ་ཐོ་འགོད་ཙམ་དུ་བྲིས་པ་ལ། མཐོང་མ་ཐག་ཏུ་བྱིས་པ་ཞིག་གིས་བྲིས་པ་རེད་སྙམ་པ་དང་། སྐབས་འགར་གྲུབ་མཐའི་ཆགས་སྡང་གིས་སྨྲ་བ་ཞིག་རེད་སྙམ་ནས་དང་དུ་མ་བླངས་པར་སྨྲ་བ་མང་ན་རྩོད་པའི་རྒྱུ་ཟེར་བས་བཏང་སྙོམས་སུ་བཞག འོན་ཀྱང་བྱིས་པ་ཡིན་ན་ཕ་མའི་ངག་དགོས་ཤིང་། ཀུན་སློང་ཆགས་སྡང་ཡིན་ནའང་མཁས་པའི་མཐོང་རྒྱ་མེད་ན་ཉོན་མོངས་པས་ས་རྒྱ་མི་ཆོད་པ་ནི་སྨོས་ཅི་དགོས་ལ། དེ་ཡང་བློ་གསལ་གཞོན་ནུ་རྣམས་ཀྱིས་ཞིབ་འཇུག་བྱ་བར་གནོད་པ་ཐེབས་ན་མི་ལེགས་པས། བསམ་པ་དུང་ལྟར་དཀར་བའི་ངོས་ནས་མཛུབ་མོས་རི་སྟོན་གྱི་ཚུལ་དུ་ཅུང་ཙམ་སྨྲ་བ་ལགས་ན། བཟོད་བཞེས་གནང་སྟེ། རིག་གནས་ལོ་རྒྱུས་འཚོལ་བསྡུ་དང་ཞིབ་འཇུག་བྱ་བ་གལ་ཆེ་ལ། རྒྱ་ཆེ་བའི་མི་མང་དང་ཆོས་གྲུབ་ཕན་ཚུན་མཐུན་སྒྲིལ་གསེར་གྱི་རི་དབང་ལྟར་བརྟན་པོ་ཡོང་བར་བརྩོན་ལེན་བྱེད་རྒྱུ་ནི། ང་ཚོ་རྒྱལ་གཅེས་ཆོས་གཅེས་པ་རྣམས་ཀྱིས་ཕྲག་པར་ཁུར་དགོས་པའི་འོས་འགན་དེ་བས་ཀྱང་གལ་ཆེ་བ་ཡིན་པ་སྙིམ་པའི་པད་མོ་སྙིང་གར་ཟུམ་སྟེ་ཞུ་བའོ། །

བདེ་ཆེན་ཉག་གཅིག་ཚོགས་གཉིས་ལས་འཁྲུངས་གསང་གསུམ་སྐུ་བཞི་ཡེ་ཤེས་ལྔ། །
ཕྱིན་དྲུག་འཕགས་པའི་ནོར་བདུན་མཐར་ཕྱིན་ས་བརྒྱད་ལས་འདས་དབྱིངས་དགུའི་རྩེར། །
སྟོབས་བཅུ་མངའ་བ་བཅུ་གཅིག་ཀུན་འོད་སར་གཤེགས་བཅུ་གཉིས་ཡང་གོང་ཆེ། །
བཅུ་གསུམ་འཁོར་ལོའི་བདག་ཉིད་འདྲེན་པ་མཉམ་མེད་བརྒྱ་བའི་མགོན་པོར་འདུད། །

      དེ་ལས་ཐོག་མར་མཆོད་བརྗོད་སྐབས་ཀྱི། ཀུན་ལ་ཁྱབ་པའི་སྐུ༴ ༴ ཞེས་པའི་ཚིག་རྐང་བཞི་བོ་སྤྱན་རས་གཟིགས་ལ་མཆོད་བརྗོད་བྱས་པ་རེད་ཅེས་བཤད་པ་ལ། ལན། དེ་ནི་རང་བཞིན་རྣམ་དག་དང་གློ་བུར་རྣམ་དག་གི་ཆར་གྱུར་བའི་མེད་པ་ལྔ་ལྡན་གྱི་དབྱིངས་མཐར་ཐུག་པ་ངོ་བོ་ཉིད་སྐུ་དང་ཡེ་ཤེས་བོན་སྐུ་ལས། ངེས་པ་ལྔ་ལྡན་གྱི་སྐུར་བཞེངས་པ་ཀུན་སྣང་ཁྱབ་པའམ་རྒྱལ་བ་རྒྱ་མཚོའི་བ་སྤུའི་ཁུང་བུ་རེ་རེ་ན། བྱེ་བ་ཕྲག་བརྒྱའི་ཞིང་ཁམས་སྣང་བར། མ་གཡོས་བཞིན་ཏུ་གདུལ་བྱ་ལས་དག་པ་རྣམས་ལ་སྤྲུལ་བའི་སྐུའི་བཀོད་པ་བསམ་གྱིས་མི་ཁྱབ་པ་སྣང་བའི་སྐུ་གསུམ་བདག་ཉིད་ཅན་གྱི་སྙིང་རྗེ་ལྷ་མཆོག་གཤེན་ལྷ་འོད་དཀར་ཉིད་ཡིན་པ་ནི་གསལ་བར་སྨོས་པའོ། །ཁྱོད་ཀྱིས་འདོད་པ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ནི་མེད་པ་ལྔ་ལྡན་གྱི་ཆོས་སྐུ་ཡིན་ནམ་ལོངས་སྐུ་ཡིན། སྨོས་དང་འདིར་མང་པོ་མི་བྲི། ཡང་ཚིག་རྐང་མཐའ་མའི་དབང་དུ་བྱས་ནའང་། འགྲོ་བ་ཀུན་གྱི་སྐྱབས་དང་མགོན་གཅིག་པུ་ཡིན་ན། སྤྱན་རས་གཟིགས་ཡིན་པས་ཁྱབ་པ་དང་། སྙིང་རྗེའི་རང་གཟུགས་ལྷ་སྐུའི་རྣམ་པར་ཤར་བ་ནི། སྤྱན་རས་གཟིགས་མ་གཏོགས་སངས་རྒྱས་གཞན་མེད་ཅེས་གང་ན་གསུངས་ཡོད། དེ་འདྲའི་གསུངས་ཚུལ་མེད་ངེས་སོ། །
      ཡང་བསྐལ་པ་རྒྱ་མཚོར་ཞེས་པའི་ཚིག་རྐང་བཞི་བོ་ཤཱཀྱ་ཐུབ་པ་རེད་ཅེས་པའང་མ་ཡིན་ཏེ། ལན། བདག་ཅག་གི་སྟོན་པ་ཀུན་ལས་རྣམ་པར་རྒྱལ་བ་གཤེན་རབ་མི་བོ་ཆེ་ཡིན་པ་ནི། སྟོན་པ་གཤེན་རབ་ཞལ་བཞུགས་པའི་དུས་དགྲ་བཅོམ་པ་གསང་བ་མདོ་སྡུད་ཀྱིས་སྟོན་པ་ལ་བསྟོད་པའི་མདོ་ལས། སྔོན་ཚེ་སྤྲུལ་སྐུ་བསོད་ནམས་དབང་དྲུང་དུ། །ཐུགས་མཆོག་བསྐྱེད་ནས་སྨོན་ལམ་ཆེན་པོ་བཏབ། །བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། །ཐམས་ཅད་མཁྱེན་གྱུར་སྟོན་པ་བླ་ན་མེད། ། ཅེས་སོགས་མཛད་ཆེན་བཅུ་གཉིས་ལ་བསྟོད་པ་དང་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་པོ་ཏི་བཅུ་གཉིས་ཡོད་པའི་འཁོར་སྤངས་དགོན་པ་མཛད་པའི་ལེའུ་ལས། དང་པོ་སེམས་བསྐྱེད་ཐོབ་པའི་དུས་ནས་སུ། །བསྐལ་པ་གྲངས་མེད་ཚོགས་ཀྱི་ལམ་ལ་བསགས། ། ཞེས་དང་། བོན་ཉིད་དབྱིངས་ནས་རང་བྱུང་ཡེ་ཤེས་རྩལ། །སྐུ་དང་ཞིང་ཁམས་སྣ་ཚོགས་མངོན་རོལ་སྤྱོད། །མཚན་དཔེ་ཡོངས་རྫོགས་སྣ་ཚོགས་ཅིར་ཡང་སྤྲུལ། །སྐུ་བཞིའི་བདག་ཉིད་ཁྱོད་ལ་ཕྱག་འཚལ་ལོ། ། ཞེས་དང་ལེའུ་ཉེར་གཉིས་འགྲོ་འདུལ་སྐབས་སུ། མཚན་དཔེ་ལྡན་པའི་སྐུའི་གནས་རྣམས་ནས་འོད་ཟེར་སྤྲོ་བ་བཅས་རྒྱ་ཆེར་གསུངས་པ་སོགས་ཀྱི་ལུང་གི་དགོངས་དོན་ཇི་བཞིན་པ་ཡིན་པར་གསལ་ཞིང་། གཞན་ལུགས་ཀྱི་རྗེས་སུ་འབྲང་དགོས་དོན་ཅི་ཡང་མེད་དོ། །དེ་ཡང་སྟོན་པ་གཤེན་རབ་དུས་ནམ་གྱི་ཚེ་བྱོན་ཞེ་ན། རགས་རྩིས་ལྟར་ན་ཚེ་ལོ་བརྒྱ་དང་ཉི་ཤུའི་དུས་སུ་སྐུ་སྐྱེ་བ་བཞེས་པའི་ཚུལ་བསྟན་པ་དང་། ཚེ་ལོ་བརྒྱ་བ་ནི་སྐུ་ཚེའི་དཀྱིལ་དང་། ཚེ་ལོ་བརྒྱད་ཅུའི་དུས་མྱ་ངན་ལས་འདས་པ་སོགས་ཀྱིས་སྐུ་ཚེའི་ཚད་ཀྱང་ངེས་པས། བརྒྱ་བའི་སྟོན་པ་ཡིན་པ་མདོ་མཛོད་སོགས་བཀའ་དང་བཀའ་བརྟེན་དུ་མ་ལས་གསལ་བར་གསུངས་ཤིང་། མཚན་དཔེ་ལྡན་པའི་སྐུ་ཚད་ཀྱང་ཁྲུ་དགུ་བ་ཡིན་པ་སོགས་དོན་རྟགས་དཔེ་གསུམ་གྱི་སྒོ་ནས་མང་དུ་གསུངས་པ་ནི། སྒྲོ་བཏགས་ཙམ་མ་ཡིན་པར་དོན་ལ་གནས་ཤིང་། འདི་བྱང་སེམས་སངས་རྒྱས་ཀྱི་ཚུལ་མཛད་པའང་མ་ཡིན་ལ། སངས་རྒྱས་རྣམས་བྱང་སེམས་ཀྱི་ཚུལ་བསྟན་པ་ལྟ་བུའང་མ་ཡིན་པར། སངས་རྒྱས་དངོས་ཡིན་ལ་མཛད་པ་ཚུལ་བསྟན་དུ་གནང་བར་འཕགས་པའི་བློས་གཞལ་མི་ནུས་ན། སོ་སྐྱེས་རྣམས་ཀྱིས་གནས་སྣང་གི་ཚོད་འདི་ཡིན་ཞེས་ག་ལ་སྨྲ་ནུས་ཏེ་མི་ནུས་སོ། །དེར་མ་ཟད་བོན་རང་ལུགས་ལ་ཤཱཀྱ་ཐུབ་པའང་དགུང་ལོ་བརྒྱད་བརྒྱ་དང་ཉི་ཤུར་བཞུགས་པ་ཡིན་ཞེས་མཁས་པ་འགའ་རེས་གསུངས་ཚུལ་ཡོད་དོ། །འདིར་མང་པོ་མི་བྲི། སངས་རྒྱས་གདུལ་བྱའི་དོན་དུ་བྱོན་ན་སྐུ་ཚད་དང་སྐུ་ཚེ་སོགས་གཤེགས་བཞུགས་འབྱོན་བཞུད་ཀྱི་མཛད་པ་གང་ཡང་གདུལ་བྱའི་སེམས་ཅན་དང་མི་མཚུངས་པར་ཆེས་ཁྱད་པར་དུ་འཕགས་པ་ཡིན་པ་སྨོས་ཅི་དགོས།
      ཡང་འཛམ་གླིང་མཛེས་རྒྱན་དྲུག་ཅེས་པ་དང་ལོ་ཙཱ་བ་ཆེན་པོ་བཞི་ཞེས་པ་རྣམས་རྒྱ་གར་རྒྱན་དྲུག་སོགས་རེད་འདོད་པའང་མ་ཡིན་ཏེ། ལན། འཛམ་གླིང་རྒྱན་དྲུག་ནི། སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེས་བརྩམས་པའི(བསྟན་འབྱུང་ཉུང་འདུས)ལས། འཁོར་ལོ་གསུམ་འདི་ཤིང་རྟའི་སྲོལ་འབྱེད་དུ་ལུང་བསྟན་པའི་གདུང་སོབ་ཆེན་པོ་མུ་ཆོ་ལྡེམ་དྲུག་གིས་མདོ་སྡེ། འབུམ་སྡེ། རྒྱུད་སྡེ། མཛོད་སྡེ་དང་བཞི་རུ་ཕྱེས་ནས་དེ་དག་སོ་སོ་ལ་དོན་གྱི་དགོངས་འགྲེལ་བཀའ་བརྟེན་བརྩམས་ཤིང་སློབ་ཚོགས་བསྐྱངས་པས་འཛམ་གླིང་རྒྱན་དྲུག་བྱུང་། དེ་གང་ཞེ་ན། དམུ་ཚ་ཏྲ་ཧེ། ཁྲི་ཐོག་སྤར་ཚ། འགུ་ཧཱུ་ལུ་སྤར་ཡ་གསུམ་སྟག་གཟིག་ཏུ་བྱོན། རྒྱ་གར་ལ་མཁས་པ་ལྷ་བདག་སྔགས་གྲོལ། རྒྱ་ནག་ལ་མཁས་པ་ལེགས་ཏང་རྨང་པོ། ཁྲོམ་ལ་མཁས་པ་གསེར་ཐོག་ལྕེ་འབྱམས་དང་དྲུག་བྱུང་ནས་རང་རང་གི་ཡུལ་དུ་བསྟན་པ་སྤེལ་བ་ཡིན། ཞེས་གསུངས་པ་བཞིན་ནོ། །སྦྲ་སར་པཎྚི་ཏའི་རྣམ་ཐར་གསུང་འཕྲོ་ཅན་གྱི་མཆོད་བརྗོད་ལས་ཀྱང་། སྟོན་པ་བླ་མེད་གསུང་གི་སྟོན་པ་ལ། །བྱོན་པའི་གདུང་སོབ་མུ་ཆོ་ལྡེམ་དྲུག་དང་། །སྒྲ་བསྒྱུར་མཁས་པ་སྡེ་དྲུག་ལ་སོགས་པར། ། ཞེས་གསུངས་པ་སོགས་ཀྱིས་དུས་སྐབས་ནམ་ཡིན་པའང་ཤེས་སླ་སྟེ། སྟོན་པའི་སྲས་གདུང་སོབ་ཀྱི་སློབ་མ་ཡིན་ཕྱིར་རོ། །སྐྱང་སྤྲུལ་ལུགས་ལ་རྒྱན་དྲུག་གི་སྐུ་ཚེ་སྨད་དང་བོད་ཀྱི་རྒྱལ་རབས་བར་གྱི་བཙན་དྲུག་གི་རིང་དུས་མཉམ་པར་གསུངས་པས་ཚེ་ཡི་རིག་འཛིན་བརྙེས་པ་སྨོས་མ་དགོས་སོ། །ལོ་ཙཱ་བ་བཞི་ཡང་སྨན་རིའི་དཔོན་སློབ་ནས་རྫོགས་པའི་སངས་རྒྱས་ཀྱི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ལ་བརྟེན་ནས། ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ས་གནས་སུ(གཡུང་དྲུང་གི་བོན་དར་ཞིང་རྒྱས་པའི་མངའ་རིས་སུ)ཡོད་པ་ལས་སྟག་གཟིག་དང་། ཞང་ཞུང་། རྒྱ་གར། བྲུ་ཤ་སོགས་ཀྱི་མཁས་པ་ཆེན་པོ་རྣམས་ཀྱི་དྲུང་དུ་བློ་གྲོས་ཀྱི་རྩལ་རྫོགས་པའི་ཞང་ཞུང་སྟོང་རྒྱུང་མཐུ་ཆེན། སེ་ཤ་རི་དབུ་ཆེན། མེ་ཉག་ལྕེ་ཚ་མཁར་བུ། ལྡེ་གྱིམ་ཚ་རྨ་ཆུང་དང་བཞིས་གཡུང་དྲུང་གི་བོན་བསམ་གྱིས་མི་ཁྱབ་པ་ཞིག་ཞང་ཞུང་སྨར་གྱི་སྐད་ལས་སྤུར་རྒྱལ་བོད་ཀྱི་སྐད་དུ་བསྒྱུར་ཏེ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བོན་གྱི་འཁོར་ལོ་བསྐོར་ཞེས་གསུངས་པ་ལྟར་རོ། །ལོ་ཙཱ་བ་བཞི་བོའི་ཞབས་ལ་གཏུགས་པའི་སློབ་མ་ནི། ཐུགས་སྟོན་དྲན་པ་ཡིན་ཕྱིར་བྱོན་པའི་དུས་ཀྱང་ཤེས་ནུས་སོ། །བླ་ཆེན་དྲན་པ་འཁྲུངས་ནས་རབ་བྱུང་བཅུ་བདུན་པའི་ལྕགས་ལུག་བར་མི་ལོ༢༩༠༥སོང་ཡོད་པ་བསྟན་རྩིས་རྣམས་ལས་གསལ། དེས་ན་མཆོད་བརྗོད་ལ་གོ་བ་ལེན་ཚུལ་འདིར་བལྟས་ན། བྱིས་པ་ཆུང་ངུ་སྐད་ལབ་ཤེས་ཙམ་ན། ཨ་ཕ་ནི་ངའི་ཨ་ཕ་མ་གཏོགས་མེད་ཟེར་བ་དང་ཆེས་མཚུངས་པས་ཁྲོན་པའི་ལག་འགྲོ་བཞིན་ནོ། །དེ་ཕྱིར་ཚེས་གཅིག་ནོར་ན་གནམ་སྟོང་གི་བར་ནོར་བའི་དཔེ་བཞིན་བྲིས་ཚད་དེར་ཐལ་བས་ལན་བྲི་བར་མི་སེམས་སོ། ༧ །རྣམ༷་དཔྱོད་ཉི་འོད་ཚ་ཟེར་གྱིས། །རྣམ༷་རྟོག་ཁ་བའི་ལྷུན་པོ་ཡང་། །རྣམ༷་པར་དྭངས་པའི་ཆུ་ཀླུང་དུ། །རྣམ༷་པ་ཀུན་ཏུ་འགྱུར་ན་ལེགས། །
       སྔོན་སྟོན་པའི་སྐུ་དང༴ ༴ ཞེས་པ་རྣམས་ལ་ལུང་རིགས་དགག་སྒྲུབ་ཀྱི་ཚུལ་ཅི་ཡང་མེད་པར་ཕལ་ཆེན་མདོ་དང་སྒྲ་ཇི་བཞིན་པ་ཡིན་འདུག་ཅེས་བྲིས་པ་ལ་དགོས་པ་ཅི་ཡོད། ཡིག་འབྲུ་མང་ན་སྒོར་མོ་མང་སྙམ་པའི་དགོས་པ་ཙམ་ཡོད་ན་མ་གཏོགས་སངས་རྒྱས་རྣམས་ཀྱིས་གསུངས་མི་མཐུན་དགོས་དོན་ཡང་མེད་ལ། གདུལ་བྱའི་དབང་གིས་མདོ་མ་གཏོགས་སྔགས་མི་གསུངས་པ་ཡོད་ཚུལ་གྱི་བཞེད་པ་ཡོངས་གྲགས་ལྟར་ལ། གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་པ་འདུལ་བའི་ཆེད་དུ་ཐབས་དང་ཐུགས་རྗེ་མ་འགགས་པའི་སྒོ་ནས་བོན་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ལ། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་བསྟན་པ་མི་མཐུན་པ་ཆེར་མེད་དེ། སྤྱིར་རྒྱལ་བ་རྣམས་ཐུགས་རོ་གཅིག་པའི་ཚུལ་ཤེས་ན་གསུངས་པའི་ཆོས་མཐུན་ན་མི་ལེགས་པ་ཅི་ཞིག་ཡོད།
       ཞིང་ཁམས་སྤྱིར་བསྟན་སྐབས་དང་མི་མཇེད་པའི་འཇིག་རྟེན་བཤད་སྐབས་ཞེས་པར་དཔྱད་པ་གཏོང་ན། དྲི་བ། ཞིང་ཁམས་ཞེས་པ་དང་མི་མཇེད་ཅེས་པའི་ཡི་གེའམ་ཐ་སྙད་དེ་གང་ལས་བྱུང་བ་ཡིན། འཇིག་རྟེན་གདགས་པ་དང་མངོན་པ་གོང་འོག་བོད་ལ་མ་འགྱུར་གོང་ནས་བྱུང་ངམ། གཞུང་དེ་དག་འགྱུར་སྐབས་གསར་དུ་བྱུང་ངམ། ཞིབ་པར་དཔྱོད་ལ་སྨོས་དང་འདིར་མང་པོ་མི་བྲི། ལན། ཀུན་མཁྱེན་ཤར་རྫ་བས་འདིར་དྲངས་པའི་ལུང་ཁུངས་ནི། ཕལ་ཆེན་མདོ་དང་། རྒྱ་གཞུང་། མངོན་པ་གོང་འོག་སོགས་མ་ཡིན་ཏེ། སྟོན་པ་གཤེན་རབ་ཀྱིས་གསུངས་པའི་བཀའ་ལ་མདོ་སྔགས་གཉིས་ཀ་ཡོད་པས་སྔོན་གྱི་དཀར་ཆག་ལྟར་ན། བཀའ་ལ་མདོ་འབུམ་རྒྱུད་མཛོད་བཞིར་ཕྱེ་བས། མདོ་སྡེ་པོད་དྲུག་ཅུ་རེ་གཉིས། འབུམ་སྡེ་པོད་དགུ་བཅུ་གོ་གསུམ། གསང་སྔགས་རྒྱུད་སྡེ་པོད་བཞི་བཅུ། མཛོད་སྡེའམ་སེམས་ཕྱོགས་རྫོགས་ཆེན་པོད་བཞི་བཅུ་ཞེ་གཉིས། བསྡོམས་པས་པོད་ཉིས་བརྒྱ་སོ་བདུན་ཡོད་ཅིང་། སྨན་རིའི་བསྟན་འཛིན་རྣམ་དག་གིས་བཀའ་འགྱུར་པོད་ཉིས་བརྒྱ་དགུ་དང་བཀའ་བརྟེན་པོད་ཉིས་བརྒྱ་བཅོ་བརྒྱད་ཡོད་པར་གསུངས་པ་དང་དེང་སང་མ་ནུབ་པར་བཞུགས་པའི་གྲངས་ལྟར་བརྩིས་ནའང་། མདོ་སྡེ་སྐོར་ལ་གཡུང་དྲུང་ལས་དག་དང་ལུང་མཚན་ཉིད་སྲིད་པའི་མཛོད་ཕུག་ནས་རིམ་བཞིན་བརྩིས་པའི་རྟེན་གསུམ་རབ་གནས་སྐོར་གྱི་མདོའི་བར་པོད་དྲུག་ཅུ་རེ་གསུམ། འབུམ་སྡེ་སྐོར་ལ་ཁམས་ཆེན་སྟོང་ཕྲག་བརྒྱ་བ་བམ་པོ་སུམ་བརྒྱ་དྲུག་ཅུ་ཅན་ནས་ཀུན་འབུམ་བར་པོད་དྲུག་ཅུ་རེ་བདུན། གསང་སྔགས་རྒྱུད་སྡེ་སྐོར་ལ་རྒྱུད་ཀྱི་རྒྱལ་པོ་རྩ་རྒྱུད་གསང་བ་བསེན་ཐུབ་དང་དཔལ་གསང་བ་འདུས་པ་དོན་གྱི་རྒྱུད་ཆེན་ནས་ཨུ་དུམ་འབར་བ་དང་འཇིགས་མེད་རྟོག་འཇོམས་བར་པོད་ཉི་ཤུ། རྫོགས་ཆེན་མཛོད་ཀྱི་སྡེ་ལ་རྫོགས་པ་ཆེན་པོ་བཀའ་རྒྱུད་སྐོར་བཞི་དང་བྱང་སེམས་གབ་པ་ནས། ཀུན་བཟང་མཉམ་པ་ཉིད་ཀྱི་རྒྱུད་དང་རྫོགས་ཆེན་མུ་མེད་བདལ་བའི་རྒྱུད་བར་གླེགས་བམ་ཆེན་པོ་བདུན་ཡོད་པ་རྣམས། ད་ལྟ་རྒྱལ་ཁབ་ཕྱི་ནང་དུ་རྫོགས་ཆེན་གྱི་ཁུངས་ལ་ཞིབ་འཇུག་བྱེད་སར་གྱུར་བ་སོགས། བཀའ་པོ་ཏི་བརྒྱ་དང་ང་བདུན་ཡོད་པ་རྣམས་དང་གཞན་གྱིས་བཅོས་བསླད་ཀྱི་དབང་དུ་མ་སོང་བའི་བཀའ་བརྟེན་ཚད་ལྡན་རྣམས། ཤར་རྫ་བས་ཐུགས་ཉམས་སུ་བསྟར་བ་ནི། ཁོང་གི་གསུང་འབུམ་རྣམས་དང་རྣམ་ཐར་རྒྱས་བསྡུས་ཀུན་ལ་མཇལ་བ་ཙམ་གྱིས་རྟོགས་ཐུབ་ལ། འཇའ་ལུས་པ་འདི་ཉིད་ལ་དད་གུས་དག་སྣང་འཇོག་ནུས་ན་སྐལ་བ་དང་ལྡན་པའི་གང་ཟག་ཏུ་མཐོང་ངོ་། །
      འཛམ་གླིང་ཆགས་ཚུལ་སྐབས༴ ༴ ཞེས་པར། ལན། མང་བཀུར་ནི་རང་གཞན་ལུགས་ཐུན་མོང་གིས་འབོད་པའི་མིང་དང་ཡེ་སྨོན་རྒྱལ་པོ་ནི་རང་ལུགས་ཏེ། མདོ་འདུས་ནི། བཀའ་འགྱུར་གླེགས་བམ་ཉེར་བདུན་པ་མདོ་འདུས་ལེའུ་ཉེར་བཞི་ཅན་དེ་ཡིན་པས་ཤར་རྫ་བས་གསར་དུ་བཏགས་པའི་མིང་ག་ལ་ཡིན། དང་པོ་ནས་སྨོན་ལམ་བརྩན་པས་རྒྱལ་པོར་གྱུར་པས་ན་དེ་ལྟར་བཏགས་སོ། །ཞང་སྐད་དུ། ཐ་ཚན་ཧི་སངས་སྐྱེས། བོད་སྐད་དུ། ཀུན་ལས་སྔ་བའི་རྒྱལ་པོ་དང་། གཙུག་ཁྲི་བཙན་པོ་དང་། ཡེ་སྨོན་རྒྱལ་པོ་དང་། མང་བཀུར་རྒྱལ་པོ་སོགས་མིང་གི་རྣམ་གྲངས་སོ། གང་ཟག་གཅིག་ལ་སྐྱོན་དང་ཡོན་ཏན་ཅི་རིགས་ལས་མིང་འགའ་རེ་བཏགས་པ་ཡོད་དོ། །མིང་སྤོར་མཚམས་འཕྱི་སོང་ཞེས་པའི་དོན་ཅི་རེད། ཐོགས་མེད་རྩལ་ཞེས་པའང་མ་ལས་བཙས་དུས་ཀྱི་མིང་མིན་པར་སེམས་ཏེ། མིང་སྤོར་མཚམས་འཕྱི་སོང་བ་ཨེ་ཡིན། ཁོ་བོས་བརྟགས་ན་མིང་སྤོར་མཚམས་སྔ་སོང་བ་རེད། འདི་ཀུ་རེ་ཤགས་འགྱེད་ཙམ་མིན་པར་དོན་གཏམ་དུ་ངེས། ཅིའི་ཕྱིར་ན། ཁྱོད་གྲུབ་མཐར་ཞུགས་པའི་གང་ཟག་ཡིན་ན། གསང་སྔགས་ཀྱི་འཇུག་སྒོ་དབང་ཐོབ་བའི་སྐབས་མེ་ཏོག་ཕོག་པའི་ལྷ་གང་ཡིན་ལ་བརྟགས་ནས་བཏགས་པའི་གསང་མཚན་འདྲ་ཨེ་ཡིན་སྙམ་པས། ཡིན་ན་བྱང་སེམས་སྐྱེ་དགོས་ཕྱིར། བྱང་སྡོམ་རྒྱུད་ལྡན་ཡིན་ན་ཆགས་སྡང་ཆེ་བ་འགལ། བྱང་སྡོམ་མེད་ན་སྔགས་ལ་ཞུགས་པ་འགལ། གསང་སྔགས་ལ་མ་ཞུགས་པར་གསང་མཚན་བཏགས་པ་འགལ། སྔགས་ལ་ཞུགས་ན་རྩ་དམ་མི་བསྲུང་བ་འགལ་བ་སོགས་མཐའ་ཡས་ལ། དེ་འདྲ་མ་ཡིན་པར། ནོར་སྲུང་ལ་རྒྱ་སྟག་དང་སེང་ཕྲུག་བཏགས་པ་བཞིན་ཡིན་ན་སྐྱོན་ཅི་ཡང་མེད་དོ་ཞེས་སྙིང་བརྩེ་བས་གདམས་སོ། །
      ཡང་འཛམ་གླིང་གི་ཡུལ་དབུས་ཆགས་ཚུལ་སྐབས༴ ༴ ཞེས་པ་སོགས་ལ། ལན། ཡུལ་དབུས་ལ་ཡོན་ཏན་གྱི་ཡུལ་དབུས་དང་ས་ཚིགས་ཀྱི་ཡུལ་དབུས་གཉིས་འཇོག དང་པོ། གཡུང་དྲུང་གི་བོན་དར་བའི་ཡུལ་ལ། བོན་ཚིགས་ཀྱི་ཡུལ་དབུས་དང་། དམ་པའི་ཆོས་དར་བའི་ཡུལ་ལ་ཆོས་ཚིགས་ཀྱི་ཡུལ་དབུས་ལ་སོགས་བཤད་དུ་ཡོད་ཅིང་། འཛམ་གླིང་བོན་ཚིགས་ཀྱི་ཡུལ་དབུས་ལ། སྟག་གཟིག་གི་ཏི་སེ་དང་། ས་ཚིགས་ཀྱི་ཡུལ་དབུས་ལ་བོད་ཀྱི་ཏི་སེ་གཉིས་སུ་ངོས་བཟུང་ན་འགལ་བ་མེད་དེ། ཞང་ཞུང་ཡིན་ན་ཤམ་བྷ་ལ་འོལ་མོའི་གླིང་གཅིག་པུར་ངེས་པ་མ་ཡིན་ལ། བོད་ན་ཞང་ཞུང་གི་ཡུལ་ངོས་འཛིན་རྒྱུ་མེད་པ་ཡང་མ་ཡིན་ཏེ། སྤྱིར་ཞང་ཞུང་ལ་སྒོ་ཕུག་བར་གསུམ་ཡོད་པས་ཞང་ཞུང་ངོ་མའམ་ཕུག་པ་ནི་ཤམ་བྷ་ལ་ཡིན། ཞང་ཞུང་བར་བ་ནི། སྟག་གཟིག་བྱང་མའམ་ཨོ་རྒྱན་ཡུལ་སོགས་ཡིན་པ་དང་། ཞང་ཞུང་སྒོ་བ་ལ་ནང་གསེས་སྒོ་ཕུག་བར་གསུམ་ཡོད་པའི་སྒོ་བའི་ཕུག་པ་ནི་ཁྱུང་ལུང་དངུལ་མཁར(འདི་མངའ་རིས་ས་ཁུལ)སོགས་ཡིན། སྒོ་བའི་བར་བ་ནི་དང་ར་གཡུ་མཚོ(འདི་ནག་ཆུ་ས་ཁུལ)སོགས་ཡིན། སྒོ་བའི་སྒོ་བ་ཁྱུང་པོ་རི་རྩེ་དྲུག(འདི་ཆབ་མདོ་ས་ཁུལ)སོགས་ཡིན། དེ་ཡང་ཞང་ཞུང་ངོ་མ་ཞེས་ཁྱད་པར་འབྱེད་དོན་ནི་གཞན་དུ་བསྒྱུར་ཐུབ་མིན་གྱིས་བཤད་ལ། ཕུག་པ་འོལ་གླིང་ནི་ནམ་ཡང་མི་འགྱུར་བ་དང་སྒོ་བ་སོགས་ནི་བོད་ཀྱི་མངའ་རིས་སུ་གྱུར་ན་བོད་དུ་ཁས་ལེན་པ་བཞིན་ནོ། །སྒོ་ཕུག་བར་གསུམ་དུ་ཕྱེ་བའང་བཤད་ཚུལ་གསར་བ་ཞིག་ག་ལ་ཡིན་ཏེ་ཞང་བོད་སྒྲ་བསྒྱུར་བ་རྣམས་ཀྱིས་དང་པོ་ནས་བཏགས་པའི་གཏམ་མོ། །ཞང་ཞུང་གི་སྐད་རིགས་ཀྱང་གཅིག་ཏུ་མ་ངེས་ཏེ་སྒོ་ཕུག་བར་གསུམ་གྱི་སྐད་ལ་ཁྱད་ཆེ་བ་ནི། ཡུལ་དེ་དག་སོ་སོའི་སྐད་ཀྱི་གཟུངས་སྔགས་རྣམས་ལའང་ཁྱད་ཆེ་བ་མངོན་གསལ་ཏེ། རྒྱ་བོད་མི་རིགས་ནང་ཕན་ཚུན་སྐད་མི་མཐུན་པ་མང་བ་བཞིན་ནོ། །བོན་པོའི་འོལ་གླིང་རྟོགས་བརྗོད་ལ་མི་འཐད་ན། བན་དེའི་ཤམ་བྷ་ལའི་ཞིང་ཁམས་ལའང་ཡོན་ཏན་མེད་པར་བསྙད་ཆོག་སྟེ་དེ་གཉིས་གཅིག་ཡིན་པའི་ཕྱིར། དེ་ཡང་བོད་དང་རྒྱ་གར་སོགས་ན་མེད་པ་དང་འཛམ་གླིང་ན་ཡོད་ཅིང་གང་ཟག་ཕལ་བས་བགྲོད་མི་ནུས་པ་སོགས་མཚུངས་པར་སྨར་རོ། །དེ་ལ་བདེ་བ་ཅན་ཞེས་བཏགས་ཀྱང་ཆོག་སྟེ། བདེ་བ་ནི་ཡོན་ཏན་དང་། ཅན་ནི་ལྡན་པའི་དོན་ཡིན་ཕྱིར། ཐ་སྙད་དེ་ནུབ་ཕྱོགས་བདེ་བ་ཅན་གཅིག་པུ་ལས་མེད་སྙམ་པ་ཐོས་རྒྱ་ཆུང་བའི་རྟགས་ཡིན་ལ། གོང་གསལ་ལྟར་ཞིབ་ཏུ་དཔྱད་ན་འགལ་བ་ཅི་ཡང་མེད་དོ། །སྤྱིར་ཞང་ཞུང་གི་ཡུལ་ཞེས་པ་ཁྱབ་ཆེ་བ་དང་། ཤམ་བྷ་ལ་འོལ་གླིང་ནི་ཡུལ་བྱེ་བྲག་པའམ་ཁྱད་པར་ཅན་དུ་ངོས་བཟུང་ན་རྣམ་དཔྱོད་ཕུར་ཁུང་དུ་གཏུག་མི་དགོས་ལ། ལོག་རྟོག་བྲག་རི་ལྟར་བརྩེགས་མི་དགོས་ཏེ། སྔར་གྱི་ལོ་རྒྱུས་དང་ད་ལྟའི་གནས་ཚུལ་མི་མཚུངས་པ་ནི། འདུས་བྱས་ཡིན་ན་མི་རྟག་པ་ཡིན་ཕྱིར་དུས་དང་རྐྱེན་དབང་གིས་འགྱུར་ལྡོག་ཆེ་བས། དང་པོ་ཡུལ་དེའི་མཚན་འདི་འདྲ་ཞིག་ཡིན་ཟེར་བར་ཡིད་མི་ཆེས་སྙམ་ན། དཔེར་ན། རྒྱ་གར་རྡོ་རྗེ་གདན་སོགས་སུ་དང་པོར་ཐུབ་པ་བྱོན་ནས་ཆོས་འཁོར་བསྐོར་བའི་གནས་རྣམས་སུ་ད་ལྟ་སྐྱེས་བུ་དམ་པའི་མཛད་འཕྲིན་ལ་བརྟེན་ནས་བསྐྱར་གསོ་བྱས་པ་མ་གཏོགས། རྟེན་དང་བརྟེན་པ་འགྱུར་ལྡོག་ཇི་ལྟར་བྱུང་འདུག ཆོས་ལུགས་གང་དང་གང་དར་ཡོད། རང་རེ་བོད་ཀྱི་ཡུལ་དུའང་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་དབུས་ཀྱི་དགའ་ལྡན་དགོན་པ་ནི། སྣོད་བཅུད་འཇིག་སྐབས་ཀྱང་མི་འཇིག་པར་འདོད་ལྷའི་དགའ་ལྡན་ཡིད་དགའ་ཆོས་འཛིན་ལ་ཐིམ་པར་བཤད་པའང་། དུས་རབས་འདིར་རྟེན་དང་བརྟེན་པ་ཀུན་འཇིག་ནས་གནས་དེར་ཚེར་མའི་ཕུང་པོ་དང་སྡོམ་སྡིག་གིས་བཀང་ནས་ཡོད་པ་མཐོང་མ་ཐག འདི་གདན་ས་ཆེན་པོའི་ཤུལ་ཨེ་ཡིན་ནམ་སྙམ་པའི་ཐེ་ཚོམ་སྐྱེ་ངེས་པས། བསམ་བློ་གཏོང་ཤེས་པར་གྱིས། དེས་ན་ཨ་ལ་པོ(Arabia)དང་དབྱི་ལང(Iran)། པ་ཅི་སི་ཐན(Pakistan)སོགས་གང་ལྟར་བཤད་ཀྱང་འཁྲུལ་མི་དགོས་སོ། །
      ཡང་ཁྱོད་ཀྱིས་བཤད་པ་ལྟར་ན། གནའ་བོའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དགོས་ན་གནའ་བོའི་དཔེ་རྙིང་ཞིག་ལ་བརྟེན་དགོས་ཏེ་གནའ་དུས་དང་དེང་དུས་ཀྱི་ཡུལ་བབ་ཀྱི་འགྱུར་ལྡོག་དང་རྣམ་པ་མི་འདྲ་བའི་ཕྱིར་རོ། ། ཞེས་པར། ལན། དཔེ་རྙིང་ལ་མ་བརྟེན་པར་ཞིབ་འཇུག་མི་ནུས་ན། དཔེ་ཆ་རྙིང་དགོས་པ་ཡིན་ནམ། གསུང་རྩོམ་རྙིང་དགོས་པ་ཡིན། དང་པོ་ལྟར་ན། གནའ་མིའི་དུད་དྲེག་མ་ཞིག་མིན་ན་ཁྱོད་ལ་རྒྱབ་བརྟེན་དུ་མི་རུང་བས་པོ་ཏཱ་ལའི་དཔེ་མཛོད་ཁང་དང་། ས་སྐྱའི་དཔེ་མཛོད་ཆེན་མོ་རྣམས་སུ་རིས་མེད་ཀྱི་དཔེ་རྙིང་གྲངས་མང་བ་བཞུགས་པས་དེར་གཟིགས་ཤིག གཞན་ཆོས་ལུགས་མི་གཅིག་པའི་དཔེ་རྙིང་ཕྱོགས་ཀུན་ཏུ་ཡོད་པས་གཟིགས་རྒྱ་ཅི་ཙམ་ཆེ་ན་དེ་ཙམ་བཟང་སྙམ། གསུང་རྩོམ་རྙིང་དགོས་ན། སྟོན་པ་གཤེན་རབ་ཀྱི་བཀའ་མདོ་འབུམ་རྒྱུད་མཛོད་དག་ལས་ཀྱང་སྔ་བའི་གསུང་རྩོམ་ཞིག་རྙེད་མི་ཐུབ་བོ། །
      ཡང་ཐོགས་མེད་རྩལ་གྱིས་བཤད་པ། ལེགས་བཤད་མཛོད་མཛད་པ་པོ་དུས་རབས་བཅུ་དགུ་བའི་ནང་བཞུགས་པའི་མདོ་སྨད་ཟལ་མོའི་སྒང་གི་ཧོར་རིགས་ཤིག་ཡིན་པས། ཁོང་གི་བསྟན་བཅོས་དེ་ལ་གནའ་བོའི་ཤན་ཞུགས་ལས། དེང་དུས་ཀྱི་ཤན་ཞུགས་ཆེར་མང་བ་བཤད་མ་དགོས། ཞེས་པར། ལན་ཅུང་ཙམ་ཞུ། རྩོམ་པ་པོ་དུས་རབས་བཅུ་དགུ་བར་བྱོན་པས་གཙིགས་སུ་མི་འཛིན་ན། ཁྱོད་ཀྱི་བླ་མ་ཡང་གཙིགས་སུ་འཛིན་མི་རུང་སྟེ་དེའི་ཚུན་ཆད་ཡིན་པའི་ཕྱིར། ཁྱོད་ཀྱི་བླ་མའི་གསུང་རྩོམ་ཐམས་ཅད་རྒྱབ་རྟེན་དུ་མི་རུང་བར་ཐལ། གསར་རྩོམ་ཡིན་པའི་ཕྱིར། ཁྱོད་ཀྱི་བླ་མའི་བླ་མ་ཡང་དུས་རབས་བཅུ་དགུ་བར་བྱོན་ངེས་པས་གསུངས་པ་ཐམས་ཅད་ཁུངས་ཐུབ་མིན་པར་ཐལ། དེང་དུས་ཀྱི་ཤན་ཞུགས་ཆེ་བའི་གསར་རྩོམ་ཡིན་པའི་ཕྱིར། བླ་མ་སྙན་ངག་པ་ཡིན་ན་གསུང་རྩོམ་ལ་ཁྱོད་མི་འཐད་དགོས་ཏེ། དེང་དུས་ཀྱི་ཤན་ཞུགས་དང་ཕྱི་རོལ་བའི་ཤན་ཞུགས་གཉིས་ཀ་ཡོད་པའི་ཕྱིར། ཡང་ཧོར་རིགས་ཡིན་པས་མི་དད་ཟེར་ན། རྒྱ་རིགས་སུ་འཁྲུངས་པའི་བླ་མ་ཡིན་ན། ཁྱོད་ལ་བསྟེན་འདོད་མེད་པར་ཐལ། མི་རིགས་གཞན་ཡིན་པའི་ཕྱིར། འདོད་ན། རྒྱ་གར་པཎ་གྲུབ་རྣམས་ཆོས་ཅན། བསྟེན་བྱ་བླ་མར་མི་རུང་བར་ཐལ། རྒྱ་རིགས་ཡིན་པའི་ཕྱིར། ཐུབ་པའི་དབང་པོའང་དེར་ཐལ། དེའི་ཕྱིར། ཞེས་མང་དུ་ཡོད་དོ། །དེས་ན་བོན་སྨྲ་བའི་མཁས་པ་རྣམས་ཀྱི་གསུང་རྩོམ་གང་ཡིན་ཡང་བཀའ་དང་བཀའ་བརྟེན་སྔ་མ་རྣམས་ལ་ཁུངས་བཅོལ་བ་ལས། རང་གིས་གསར་བཟོ་གཅིག་ཀྱང་མེད་ལ་ཡོད་ན་ཁས་མ་བླངས་ཀྱང་རུང་ངོ་། །ཡང་ཚེ་རིང་ཐར་ཟེར་བ་ངོ་མི་ཤེས་ཀྱང་མཁས་པ་ནམ་མཁའི་ནོར་བུ་ནི་ད་ལྟ་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་རིས་མེད་ཀྱི་མཁས་པ་སྙན་གྲགས་ཅན། བློ་གཟུ་བོར་གནས་པའི་ཞིབ་འཇུག་པ་ངེས་པ་དོན་གྱི་རྫོགས་ཆེན་པ་ཆོས་སྲིད་ཀུན་ལ་མཐོང་རྒྱ་ཆེ་བའི་མཁྱེན་རྩལ་ཅན་ཞིག་ཡིན་པ་ནི། གསུང་རྩོམ་རྣམས་ལ་བལྟས་པ་ཙམ་གྱིས་ཤེས་སླ་ཞིང་ང་ཚོས་འགྲན་ཟླ་མི་ནུས་པས་སྨོད་པ་མ་བྱས་ན་ལེགས་སོ། ༧ །ཀུ༷ན་ལ་མཐུན་པའི་སེམས་མེད་ན། །ཀུ༷ན་ཏུ་རྒྱུ་ཡིས་འཕགས་པ་བཞིན། །ཀུ༷ན་གྱིས་དགྲ་རུ་མཐོང་ཆེ་ན། །ཀུ༷ན་ཏུ་བཟང་ཡང་ཁྲེལ་བའི་རྒྱུ། ༧ །ཚིག་རྩུབ་རུལ་བའི་དྲི་ངན་ཏེ། །ཐུར་སེལ་རླུང་གིས་ཁྱེར་བ་ན། །དཔྱོད་ལྡན་དྲི་འཛིན་སྙིམ་པས་ཟུམ། །ཤེས་རབ་སྡང་མིག་དྲག་ཏུ་གཡོ། །
       ཐོགས་མེད་རྩལ་ན་རེ། འཛམ་གླིང་མངའ་མཛད་རྒྱལ་པོའི་སྐབས་སྒྲ་འགྲེལ་དྲངས་ནས་སངས་པོ་ཆུ་ལྕམ་གཉིས་ལས་སྲིད་པ་ཐམས་ཅད་གྲོལ། ཞེས་སྤྱིའི་གྲོལ་ཕུག་བསྟན་པ་ནི། མ་ཧོང་གི་གྲུབ་མཐའ་དང་ཀོང་ཙེའི་བཤད་སྲོལ་གྱི་ཤན་ཞུགས། ཞེས་པ་དང་། ཁྱུང་ཆེན་ལྡིང་བའི་རྒྱུད་ཚིག་དེ། ལྷ་དང་མིའི་རིགས་རྒྱུད་གཅིག་ཏུ་སྒྲུབ་པ་ཚངས་པ་བ༴ ༴ ཞེས་པར། ལན། ཁྱོད་ཀྱིས་གཞུང་ཆེན་མོ་རྣམས་ལ་ཞིབ་བལྟ་མི་བྱེད་པར་རང་གི་དྲན་ཚོད་དང་ཁ་ནས་གང་ཐོན་ཡི་གེར་བྲི་བའི་ལུགས་ག་ལ་ཡོད། ནང་བཅུད་ཀྱི་འགྲོ་བ་གྲོལ་ཚུལ་སྤྱི་དང་ཁྱད་པར་འཛམ་གླིང་གི་བཅུད་ཆགས་ཚུལ་ནི། ལུང་མཚན་ཉིད་སྲིད་པའི་མཛོད་ཕུག་དང་བཀའ་བརྟེན་མཛོད་འགྲེལ་སོགས་སྔ་རབས་པའི་མཁས་པ་རྣམས་ཀྱི་བཞེད་པ་ལྟར་ན། ལྷ་དང་མིའི་རིགས་རུས་གཅིག་པའི་བཤད་ཚུལ་ཡོད་དེ། དང་པོར་སྔ་མའི་བསྐལ་བ་མེས་འཇིག་བྱུང་རྗེས་སུ་ཆགས་པ་ཡིན་ན་བཅུད་ཀྱི་ཐོག་མ་གཟུགས་ཁམས་བསམ་གཏན་གཉིས་པ་ནས་འབབ་ལ་དེ་བཞིན་ཆུ་འཇིག་བྱུང་རྗེས་བསམ་གཏན་གསུམ་པ་ནས་དང་། རླུང་འཇིག་བྱུང་རྗེས་བསམ་གཏན་བཞི་བ་ནས་འབབ་པར་བཤད་ཅིང་། དང་པོར་རྫུས་སྐྱེས་ཏེ་ལྷའི་འགྲོ་བར་གཏོགས་པ་ནས་སྐྱེ་གནས་བཞིར་འགྱུར་བ་ནི། རང་གཞན་གཉིས་ཀའི་ལུགས་མཐུན་སྙམ་པས་དཔྱད་པར་མཛོད། མཛོད་རྩ་བའི་ཚིག་ནི། སངས་རྒྱུང་ལིག་རྐྱེལ་དེ་ཆུ་སྣིས། །ཏིང་ནམ་དང་ར་མུ་མེད་ལིག །དང་ར་ཧིང་ནིང་ཏི་ནེ་ལིག །ཏིང་ཟང་ཝེར་ཞི་ལིག་མི་སྡུམ། །སྔ་རྒྱུང་ཏིང་ཟང་ནེ་སུམ་ལིག །ཧྲི་ཙ་ཙ་མེད་ཅུ་སྣིས་གྱད། །དེ་མིན་དུན་གུ་དེ་ཅུ་སྣིས། ། ཞེས་སོགས་གསུངས་པ་བསྒྱུར་བའི་ལུང་ནི་འདིའི་ཁུངས་ཡིན་ནོ། །ཁྱུང་ཆེན་ལྡིང་བའི་ཚིག་མི་རྒྱུད་སྟོང་བདལ་ལྷ་ལས་ཆད་ཅེས་པ་ཚངས་པ་བའི་ལུགས་རེད་ཟེར་ན་མངོན་པ་མཛོད་ཀྱང་དེར་ཐལ། བཤད་མ་ཐག་པའི་འཛམ་གླིང་གི་འགྲོ་བ་འོད་གསལ་ལྷ་ལས་ཆད་པ་མཛོད་ལུགས་ཡིན་པའི་ཕྱིར། དེས་ན་འདི་དག་མ་ཧོང་དང་ཕྱི་རོལ་བའི་ལུགས་རེད་ཅེས་སྨ་ཕབ་པ་རེད་དེ། དཔེར་ན། བོན་པོ་དག་སྣང་མེད་པ་འགའ་རེས་ཀྱང་དེ་ལྟར་བཤད་པ་ཡོད་པ་ནི། བོད་མིའི་འབྱུང་ཁུངས་སྤྱན་རས་གཟིགས་རེད་ཅེས་པ་དང་། སྲོང་བཙན་སྤྱན་རས་གཟིགས་ཡིན་ཚུལ་བཤད་ནས་སྲོང་བཙན་གྱིས་བོད་མི་རྣམས་ལ་ཁྲིམས་བཅད་ནས། ཡན་ལག་གཅོད་པ། མིག་བྲུས་པ། སྐེ་ལ་འཁོར་ཤིང་དང་ལྕགས་ཐག་བསྐོན་ནས་གསོད་པ་གྲངས་མང་བ་ལ། གཞན་གྱིས་མཐོང་ནས་ལོག་ལྟ་སྐྱེས་ཚུལ་ནི་བན་དེས་བཤད་ལུགས་ཡིན་ཡང་། དེ་དག་སྲོང་བཙན་ཁོ་རང་གི་སྤྲུལ་བ་ཡིན་ན་བོད་ལྗོངས་ཀྱི་ནང་བཅུད་ཁ་ཤས་སྲོང་བཙན་ལས་བྱུང་བ་ཡིན་དགོས་པས། དེ་ཡང་ཕྱི་རོལ་བའི་ཤན་ཞུགས་པ་ཡིན་ཞེས་སྐུར་འདེབས་བྱེད་པ་མང་བས་དག་སྣང་མེད་པ་འདི་ཆེས་མི་ལེགས་སོ། །
       ཡང་ཐོགས་མེད་རྩལ་ནས། དེ་ནས་འོད་གསལ་དམུ་ལ་འཐེན་ཞེས་པའི་དམུ་ཐག་པ་ལ་གོ་དགོས་ཟེར་བར། ལན། དམུ་རིགས་རུས་ལ་གོ་ཞིང་འཐེན་ཞེས་པ་མཚམས་མ་ཆད་པའི་དོན་ཡིན་གྱི་གཟུགས་ཁམས་འོད་གསལ་གྱི་ལྷ་ནས་རིམ་པར་བརྒྱུད་པའི་མཐར་དམུའི་རིགས་བྱུང་བ་ཡིན་པར་གོ་དགོས། ཡང་དམུ་རིགས་གཤེན་ལྷ་ཞེས་པ་དམུ་དང་གཤེན་ནི་ལྷ་ལ་གོ་ཟེར་བ་ནི། རང་ལ་གོ་བ་མེད་པའི་རྟགས་ཁོ་ན་སྟེ། ཚིག་གི་གོང་འོག་འདི་ཙམ་ཡང་མི་ཤེས་ན་ཞིབ་འཇུག་ཅི་བྱེད། དཔེར་ན། དབུས་གཙང་གི་ཇོ་བོ་ཟེར་ན། དབུས་གཙང་སྐུ་ཞིག་ལ་གོ་མི་དགོས་པ་དང་། དབུས་ལ་ལྷ་ས་བཏགས་པས་ལྷ་སའི་ཕྱི་སྣོད་དང་ནང་བཅུད་ཀྱི་སེམས་ཅན་ལྷ་རིགས་ལ་གོ་མི་དགོས་པ་དང་། རྒྱ་གར་ཐུབ་པ་ཟེར་བས་རྒྱ་གར་སངས་རྒྱས་ལ་གོ་མི་དགོས་པ་སོགས་བ་ལང་གི་རྫི་བོ་ཁོ་ན་བྱེད་པས་ཀྱང་ཤེས་སོ། །ཡང་འཁོར་བསྒྱུར་དམུ་ཕྱུག་ཅེས་པ་ནས་ནང་བའི་རྙིང་རྒྱུད་ཡིན་པར་གསལ་ལོ། །ཞེས་པའི་བར་ལ། ལན། དམུ་རིགས་ལྗོན་ཕྱུག་སྒོང་སྐྱེས་ཡིན་པ་དངོས་སུ་གསལ་བར་བསྟན་པས། མིན་ཟེར་ན། སྒོང་སྐྱེས་མིན་པའི་སྒྲུབ་བྱེད་ཡོད་དགོས་ཀྱང་མེད་སྙམ་མོ། །
        ཡང་གོང་དུ་ཤཱཀ་རྒྱུད་དང་གཤེན་རྒྱུད་ཐ་དད་པ་ཆེན་པོར་བྱས་ཟེར་བར། ལན། དེ་གཉིས་རྒྱུད་ཐ་དད་དུ་བྱས་མེད་དེ་གླིང་བཞི་སྐྱོབ་པའི་ལྷའི་ནང་ཚན། འཛམ་གླིང་ཁྲི་ཤེས་དཀར་པོའི་སྤྲུལ་བའི་ལྷ་དྲུག་གི་བྱིན་རླབས་ལས་སྲས་དྲུག་རིན་པོ་ཆེའི་སྒོ་ང་ལས་འཁྲུངས་པ་ནི། དམུ་རིགས་གཤེན་ལྷ། ཤཱཀ་རིགས་གར་གསས། ཧོས་རིགས་གནམ་གསས། དཔོ་རིགས་གསས་རྗེ། རྒྱ་རིགས་རྒོད་གསས། གཉན་རིགས་མཁའ་འགྱིང་གི་གདུང་རྒྱུད་ཡིན་པར་གསུངས་པས་སྐུ་མཆེད་དྲུག་ཏུ་བྱུང་བ་ཡིན་ན་རྒྱུ་ཐ་དད་པ་ཆེན་པོར་ཅིའི་ཕྱིར་བསྟན། ད་ལྟ་ཡོངས་གྲགས་སྤུན་ཟླ་མི་རིགས་ཞེས་འབོད་པ་ནི། མཐུན་སྒྲིལ་དམ་པོའི་ངང་ནས་བཏགས་པ་ཡིན་ནའང་ཐོག་མའི་བྱུང་ཁུངས་ཀྱི་ལོ་རྒྱུས་ལ་དཔྱད་ནའང་སྤུན་ཟླ་མི་རིགས་ཞེས་པ་དོན་ལ་གནས་པ་རེད་སྙམ་མོ། །ནང་བའི་རྙིང་བོན་ཁོ་ན་ཡིན་པ་རང་ལུགས་འདོད་དོ། །གོང་གི་འགྲེལ་གྱིས་འཐུས་ཞེས་པ་ནི། དཀར་ཆག་ལྟ་བུར་བྲིས་པ་ལས་འགྲེལ་གང་ན་རྒྱབ་ཡོད་མི་ཤེས་ཤིང་དོན་སྟེང་གི་འགྲེལ་བ་འཆད་ཅེས་པའང་ཆེ་གཏམ་ཁོ་ནར་ཟད་དོ། །
      ཡང་བསྐལ་པ་བཟང་པོ་འདིར་ཞེས་པའི་སྐབས་འོག་མིན་དབྱིངས་ཀྱི་གཤེན་ལྷ་ནི་ཞེས་སོགས་བྲིས་པར། ལན། འདིའི་ལུང་ཁུངས་ནི་སྟོན་པའི་བཀའ་གསང་སྔགས་རྒྱུད་སྡེ་པོད་བཅུ་བདུན་པ་རྩ་རྒྱུད་ཉི་ཟེར་སྒྲོན་མའི་ཚིག་ཡིན་ཏེ། བོན་རང་ལུགས་ཀྱི་གཞུང་ཆེན་མོ་རྣམས་སུ་འོག་མིན་དང་གཤེན་ལྷ་ཞེས་པ་འདི་མང་དུ་གསུངས་ཡོད་དོ། །འདི་ལ་བན་དེ་ཐོགས་མེད་ན་རེ། དགེ་རྒྱུ་འོག་མིན། མི་དགེ་བ་གཤེན་ལྷ་ཟེར་བ་ནི་སྨོད་པ་བྱེད་འདོད་ནའང་སྨོད་པའི་ཚིག་བྲི་མི་ཤེས། དོན་ལ་འགྲེལ་རྒྱག་མི་ཤེས་པར་བྱིས་པའི་ཅོལ་ཚིག་མགོ་མཇུག་མེད་པའི་གཏམ་ཁོ་ནའོ། །སྤྱིར་གཞན་ལུགས་དགག་དགོས་ན་དགག་བྱའི་སྣང་ཚུལ་ཞིབ་པར་ངེས་དགོས་པ་ལོས་ཤེས། ཕྱི་རོལ་བའི་འདོད་པ་འགོག་པ་ལ་ཡང་ཕྱི་བའི་གཞུང་ལུགས་དང་དཀའ་གནད་རྣམས་མ་ངེས་ན་དགག་མི་ནུས་པས། ཐོག་མར་དགག་བྱའི་གཞུང་དེ་ལ་སློབ་དགོས་པ་རྒྱ་གར་ཆོས་ཀྱི་གྲགས་པ་བཞིན་ནོ། །དེས་ན་བོན་ལུགས་ཀྱི་གཞུང་མཐའ་ཡས་པར་མཐོང་རྒྱ་ཆེ་བས་ཀྱང་མི་ཆོག དོན་ལ་དཔྱད་པ་མཐིལ་ཕྱིན་པ་བྱས་རྗེས་རྩོམ་ཡིག་རེ་བྲི་ཐུབ་ན་ལེགས་ལ། པོ་ཏི་བཅུ་ཕྲག་ཙམ་ཡང་ཀློག་མ་མྱོང་བར་མིང་ཚིག་རེ་རེ་མཐོང་མ་ཐག་ཞིབ་འཇུག་བྱེད་ཁུལ་བྱས་ན་མི་ཤེས་རྨོངས་པའི་རང་མཚང་ལྷང་ལ་བུད་པ་ལས་གཞན་དུ་ཅི། དེ་ཡང་འོག་མིན་ལ་གཟུགས་ཁམས་གནས་ཀྱི་འོག་མིན་དང་། ལོངས་སྤྱོད་རྒྱན་གྱི་འོག་མིན། རང་སྣང་དོན་གྱི་འོག་མིན་གསུམ་དུ་དབྱེ་ཞིང་། གཤེན་ལྷ་ལ་གདགས་སུ་ཡོད་པའི་གཤེན་ལྷ། གདགས་སུ་མེད་པའི་གཤེན་ལྷ། རྟེན་དུ་བཙུགས་པའི་གཤེན་ལྷ་སོགས་སུ་དབྱེ་བ་མདོ་མཛོད་རྒྱུད་སྡེ་ཀུན་གྱི་དགོངས་པ་རྒྱས་པར་སྤྲོས་ཆོག་ཀྱང་ཡིག་ཚོགས་ལ་འཇིགས་ནས་མ་བྲིས་སོ། །གཤེན་ཞེས་པ་མི་ཞིག་ལ་གོ་ཟེར་བ་ཆེས་བླུན་ཏེ། ཐུབ་པ་ཞེས་པ་ཤཱཀ་ཐུབ་གཅིག་པུ་མ་ཡིན་ཏེ་རིགས་དྲུག་འདྲེན་པའི་ཐུབ་པ་དྲུག་ཡོད་པ་བཞིན་ནོ། །འོག་མིན་ཞིང་ཞེས་པའི་ཐ་སྙད་ཀྱང་མཛོད་རྩ་ལས། ཞང་སྐད་དུ། མུ་མར་དཀྱིལ་སད་ཞིམ་ཞི་ནི། ཞེས་པ་བོད་སྐད་དུ། འོག་མིན་གནས་ནི་ལྷ་ཡི་ཁམས། ཞེས་བསྒྱུར་བ་ཡིན་ཏེ། ཐོན་མིས་ཞ་ཟ་འ་གསུམ་མ་རྙེད་གོང་ནས་ཐ་སྙད་འདི་ཡོད་པར་མངོན་ནོ། །
         ཡང་བན་དེ་ཐོགས་མེད་ནས་འདི་འདྲ་གོང་འོག་ན་ཐང་མར་བརྡལ། ཞེས་པ་ཅི་ཡིན། ཤར་རྫ་བས་རྩོམ་མ་ཤེས། སྟོན་པ་གཤེན་རབ་ཀྱིས་གསུངས་མ་ཤེས་པ་རྣམས། ད་ལྟ་ཁྱོད་ཀྱིས་གསར་དུ་ཤེས་སོང་བ་ཨེ་ཡིན། ཁྱོད་ཀྱིས་ཐ་སྙད་གཅིག་པ་རྣམས་བརྐུས་པ་རེད། མི་མཐུན་པ་རྣམས་བཙན་ཐབས་ཀྱིས་གསར་དུ་བཏགས་པ་རེད་སྙམ་པའི་ལོག་རྟོག་བསྒྱུར་མི་བཏུབ་པ་ཞིག་སྐྱེ་བ་ནི། སྔ་ཕྱི་སོགས་ལ་ཅུང་ཙམ་མི་དཔྱོད་པར་ཀུན་ལས་སྔ་བ་ནི་བན་དེའི་གཞུང་རྣམས་ཡིན། བོན་པོའི་གཞུང་རྣམས་འདྲ་མཚུངས་སུ་བཅོས་པ་རེད་འདོད་ན། འདི་ལྟར། སྟོན་པ་གཤེན་རབ་ཀྱི་མདོ་སྡེ་ཉི་ཤུ་བ་དང་ཐོགས་མེད་ཀྱི་བྱམས་ཆོས་སྡེ་ལྔ་གཉིས་ཀའི་གང་སྔ། ཕྱི་མ་སྔ་ན། སྲོང་བཙན་ཚུན་ཆད་ཀྱི་གཞུང་དེ་དག་བོད་ལ་འགྱུར་རྗེས་སྟོན་པ་གཤེན་རབ་བྱོན་པ་ཡིན་ནམ། དེ་ལ་ལན་ཅི་ལྟར་འདེབས། མདོ་སྡེ་ཉི་ཤུ་བའི་སེམས་བསྐྱེད་ཀྱི་མདོ་ལས། ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་ལ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། ། ཅེས་གསུངས་པ་དང་། མངོན་རྟོགས་རྒྱན་གྱི་ཚིག་གཉིས་སྒྲ་ཇི་བཞིན་པར་མཐུན་པ་དེ་འདྲ་ཤིན་ཏུ་མང་བས་བསྒྱུར་ན་གང་ནས་བསྒྱུར་བ་རེད་བསམ། འདི་ལ་བོན་པོ་ཕྱོགས་རིས་ཅན་ཁ་ཅིག་གིས་འདི་ལྟར་བཤད་དེ། འདི་ཐོགས་མེད་ཀྱིས་བོན་ལས་བཅོས་པ་རེད། བན་དེའི་བཤད་ལུགས་ལྟར་ནའང་། ཐོགས་མེད་རང་གིས་བརྩམས་པ་མིན། མི་ཡུལ་དུ་མཁས་པའི་བསྟན་བཅོས་མིན། ཐུབ་པའི་བཀའ་མིན། ཐོགས་མེད་དགའ་ལྡན་དུ་སོང་ནས་བྱམས་པས་གསུངས་སྟེ། གླེགས་བམ་ཁྱེར་ནས་འོང་བའམ་བློར་བཟུང་ནས་འོང་བ་གང་ཡིན་པ་ཆ་མ་འཚལ། སྐུ་མཆེད་དབྱིག་གཉེན་ཡིད་མ་ཆེས་པར་ཐུབ་པའི་གསུངས་ལ་ཐེག་ཆེན་མེད་ཚུལ། ཐེག་ཆེན་བཀའ་མ་ཡིན་ཞེས་སྐུར་བ་བཏབས་ནས། ཀླུ་སྒྲུབ་བདུད་ཀྱི་སྤྲུལ་བ་ཡིན། །ཨ་ཇོ་དེ་ཡི་རྗེས་འབྲང་ཡིན། ། ཞེས་པ་དང་། ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། །ཏིང་འཛིན་མ་གྲུབ་གླང་ཆེན་གྱི། །རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས། ། ཞེས་པ་བརྟགས་ན། མི་ལོ་བཅུ་གཉིས་སུ་བྱམས་མགོན་བསྒྲུབས་ནས་བྱམས་མགོན་མཇལ་བའི་མཚམས་དེར། གཅུང་དབྱིག་གཉེན་དང་མ་འཕྲད་པར་ལྷ་ཡུལ་དུ་སོང་ནས་མི་ལོ་ལྔ་བཅུ་རྩ་གསུམ་འགོར་ན། དབྱིག་གཉེན་གྱིས་ནགས་སུ་ལོ་བཅུ་གཉིས་བཤད་ནས་མི་ལོ་ང་གསུམ་མ་སྨྲས་པར་གྲུབ་མཐའ་བརྩམས་ཟེར་ཚུལ་གྱིས་བསྒྱུར་ཆོས་རེད་ཅེས་ལོག་རྟོག་སྐྱེ་བ་དང་། དེ་ཡང་ཡུལ་གྲུ་གཅིག་ཏུ་བཞུགས་ཚུལ། མ་གཅིག་ལས་འཁྲུངས་པའི་སྐུ་མཆེད་ཡིན་ཚུལ། དབྱིག་གཉེན་མཁས་ཚུལ་གྱིས། ཕྱོགས་གླང་ཡོན་ཏན་འོད་འཕགས་པ་གྲོལ་སྡེ་བློ་གྲོས་བརྟན་པ་རྣམས་ཀྱི་བླ་མ་ཡིན་པ་སོགས་ལ་གཞིགས་ན། དེ་འདྲའི་མཁས་པ་ཞིག་གིས་ཐེག་ཆེན་ཐུབ་པའི་བཀའ་ཡིན་མིན་མི་ཤེས་རྒྱུ་དང་། སྤུན་གྱི་མཛད་པ་ཁས་མི་ལེན་རྒྱུ་ག་ལ་ཡོད། དེ་དག་ཁུངས་འགེབས་ཐབས་མ་རྙེད་པའི་གཏམ་དུ་སྣང་ངོ་། །ཞེས་སྐུར་བ་འདེབས་པ་ལ་ཕྱོགས་པ་ནི་ཆེས་མི་ལེགས་སོ། །ཐུབ་པའི་ཆོས་མངོན་པ་ཉམས་ནས། དེ་གསོ་བའི་ཆེད་དུ་བྲམ་ཟེ་མོ་གསལ་པའི་ཚུལ་ཁྲིམས་ལ་བུ་གཉིས་འཁྲུངས་པ་ནི། ཐོགས་མེད་སྐུ་མཆེད་ཡིན་ལ་ཞལ་མ་འཆམས་པའི་ཚུལ་ཡོད་ནའང་། རྗེས་ནས་དབྱིག་གཉེན་གྱི་གྲུབ་མཐའ་འགྱུར་ནས་ཐོགས་མེད་ཀྱི་རྗེས་སུ་འབྲངས་པ་སོགས་བན་དེས་བཤད་ཚུལ་འདི་རྣམས་ཁས་མི་ལེན་པ་མི་རིགས་སོ། །ཡང་འཁོར་བ་ཀུན་འདྲེན་དང་འཁོར་བ་འཇིག་ཅེས་པར་ཐ་སྙད་གང་སྔ་དཔྱད་པར་མཛོད། ལུང་བསྟན་གྱི་མདོ་ཞེས་པ་དེ་མདོ་འདུས་དང་ཉི་སྒྲོན་གཉིས་ཡིན་ལ། མཇུག་ཏུ་འབུམ་པའི་ལུང་དྲངས་ནས་ཞེས་པ་དེ་བཀླག་མ་ཤེས་པ་རེད། སངས་རྒྱས་རང་བྱུང་ཐུགས་རྗེ་ཅན་ཞེས་པ་ཞིག་མདོ་ལུང་ལས་ཚེ་ལོ་འབུམ་པ་ནས་བྱོན་པར་བཤད་པ་ལ། ཡོངས་གྲགས་འབུམ་པར་སྟོན་པ་མི་བྱོན་ཞེས་བཤད་ཡོད་ཀྱང་ལུང་ལ་ཡིད་རྟོན་དགོས་པར་གསུངས་སོ། །དེ་གཅིག་པུས་ཀྱང་གོ་བ་མེད་པའི་རང་མཚང་གཅེར་བུར་བུད་དོ། །ཡང་རང་རྒྱལ་སངས་རྒྱས་སུ་ནོར་ཞེས་པའང་དོན་མ་མཐོང་བའི་རྟགས་ཡིན་ཏེ། རང་རྟོགས་གཤེན་རབ་དང་། རང་སངས་རྒྱས། རང་རྒྱལ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ལ། ཡར་འཕེལ་རྣམས་སུ་རང་རྒྱལ་མ་གཏོགས་སངས་རྒྱས་མི་འབྱོན་ཞེས་གསུངས་ཡོད་པར་ཞིབ་བལྟ་བྱས་ན་ལེགས་པས། འདི་མཛོད་རྩ་འགྲེལ་སོགས་སུ་གསལ་བར་གསུངས་པས་འཁྲུལ་མི་དགོས་སོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག