ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> བརྒལ་བརྟག >> ༢༽དྲིས་ལན་ལྷག་བསམ་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཆགས་སྡང་ཟུག་རྔུ་སེལ་བའི་བདུད་རྩི།
༢༽དྲིས་ལན་ལྷག་བསམ་གཡས་འཁྱིལ་དུང་གི་སྒྲ་དབྱངས་ཆགས་སྡང་ཟུག་རྔུ་སེལ་བའི་བདུད་རྩི།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

      ཡང་བན་དེ་ཐོགས་མེད་ནས། སྟོན་པ་གཤེན་རབ་མ་དྲངས་པར་མ་འོངས་པ་ན་འབྱོན་འགྱུར་དུ་འཕངས་སོ་ཞེས་བཤད་པ་སོགས་ལ། ལན། འབུམ་པའི་རང་བྱུང་ཐུགས་རྗེ་ཅན་བརྩི་བའི་ལུགས་ལྟར་ན་རབས་བརྒྱད་དང་། མི་བརྩི་བའི་ལུགས་ལ་རབས་བདུན་ཡིན་པས། བརྒྱད་ཁྲི་དང་། དྲུག་ཁྲི། བཞི་ཁྲི། ཉི་ཁྲི། ཁྲི་བ། སྟོང་བ་རྣམས་སུ་བྱོན་པ་མདོར་བསྡུས་ནས་བསྟན་ཏེ། ས་བཅད་གསུམ་པ། བདག་ཅག་གི་སྟོན་པ་བྱང་ཆུབ་ལམ་དུ་གཤེགས་ཚུལ་ཞེས་ཅུང་ཟད་རྒྱས་པར་བཤད་པ་ལ། ཞེས་པ་འདིས་མ་འོངས་པ་ན་འབྱོན་འགྱུར་དུ་བཤད་པའི་ཚིག་ཟུར་ཙམ་ཡང་ག་ན་ཡོད། ཡང་སྟོན་པ་གཤེན་རབ་ཀྱི་མཛད་པའི་སྐབས། ཞེས་པ་འདི་ལ། མདོ་སྡེ་བསྐལ་བཟང་། འདུལ་བ་རྒྱུད་དྲུག མདོ་འདུས། མདོ་དྲི་མེད་གཟི་བརྗིད། རྣམ་རྒྱལ། རྒྱུད་ཉི་ཟེར་སྒྲོན་མ་སོགས་ལུང་གི་རྒྱབ་སྐྱོར་ཡོད་པ་མཐོང་བ་ཙམ་གྱིས་ཤར་རྫ་བས་གསར་དུ་བཅོས་པ་ཞིག་མིན་པ་ཤེས་དགོས་སོ། །ཡང་ཐ་སྙད་འབྲེལ་ཡང་དོན་མ་འབྲེལ་ཞེས་པ་བཞད་གད་ཀྱི་གནས་ཏེ། ཚིག་གི་གོང་འོག་གཅོད་མཚམས་མི་ཤེས་པར་གོ་བ་ནོར་འཁྲུལ་དུ་འགྲོ་བ་ཞིག་གིས་དོན་མ་འབྲེལ་ཚུལ་ཇི་ལྟར་ཤེས། ཤེས་ན་རེ་རེ་ནས་གསལ་བར་བྲིས་ཆོག
       ཡང་ཐོག་མེད་ན་རེ། ད་ནི་གྲོས་གཞི་མཚོན་བྱེད་ཙམ་རེ་བར་བར་དུ་སྟོན་པ་ལ་འཇུག་ཅེས་དཀར་ཆག་བྲི་སྟངས་བྱས་ནས་དགག་བཞག་དང་འགྲེལ་ཅི་ཡང་མི་གསལ་པ་ལ། ལན་བྲི་དོན་མེད་ཀྱང་། ཐོ་འགོད་ཙམ་བགྱིས་ཚད་བློ་ངོར་མ་བདེ་བར་ཟད་ཀྱི། བྱིས་པའི་བློ་ངོར་མི་འཐད་ན་ལན་བྲིས་པའི་དགོས་པ་ཆུང་ཡང་། ཐུབ་པའི་རྣམ་ཐར། རབས་བདུན། པད་འབྱུང་། ཀོང་ཙེ། གེ་སར། རཱ་མ་ཎ། ཀླུ་སྒྲུབ། ནོར་བཟང་སོགས་ཀྱི་རྣམ་ཐར། ལོ་རྒྱུས། སྒྲུང་ཡིག་རྣམས་ལས་འབྱུང་བ་ཇི་ལྟ་བ་བཞིན་བཀོད་ཡོད་ཅེས་པར། ལན། དེ་དག་དང་མཚུངས་ན་ཁྱོད་མི་འཐད་པའི་དོན་ཅི་ཡིན། མི་མཚུངས་དགོས་པའི་སྒྲུབ་བྱེད་གང་ཡོད། མཚུངས་མི་རུང་བའི་སྒྲུབ་བྱེད་བཀོད་རྒྱུ་མེད་ན་ཡིད་མ་རངས་པའི་གཏམ་གྱིས་ཅི་ཕན། གཤེན་རབ་ཀྱིས་བཙུན་མོ་བཞེས་པའི་གྲངས་རིམ་བཞིན་སྨོས་པ་དེ་ལ་ལོག་རྟོག་སྐྱེའམ་ཅི་ཡིན། འོ་ན་བཙུན་མོ་དྲུག་ཁྲི་བཞེས་པའི་སངས་རྒྱས་ཡོད་ན་ཁྱོད་ཀྱིས་ཅི་ཟེར། རབ་ཏུ་བྱུང་ནས་ལོ་དྲུག་སོང་རྗེས་སྲས་འཁྲུངས་ན་ཅི་འདོད། ལན་སྨོས་ཤིག གོང་བཤད་ཀྱི་སྒྲུང་ཡིག་རྣམ་ཐར་ཡོད་ཚད་ལ་ཁྱོད་ཡིད་ཆེས་རྒྱུ་རེད་དེ། བན་དེའི་བཤད་ཚུལ་ཡིན་པའི་ཕྱིར། དེ་དག་རྣམས་ལའང་ཞིབ་འཇུག་གི་སྒོ་མང་དུ་ཡོད་ཀྱང་འདིར་མི་བྲི། སྤྱིར་རྣམ་ཐར་ལ་བན་དེའི་ལུགས་ལས། གཙང་རྣམ་དང་རྩོག་རྣམ། གསང་རྣམ་སོགས་མང་པོ་ཞིག་མཐོང་མྱོང་ཡང་རྩོམ་ལུགས་ལ་མི་མཐུན་པ་ཆེར་མེད་དེ། སློབ་མ་དག་སྣང་ཅན་གྱིས་བླ་མའི་རྣམ་ཐར་བྲིས་ན་ཡོན་ཏན་འབའ་ཞིག་མཐོང་བའི་ངོས་ནས། རྟོགས་བརྗོད་ཤོ་ལོ་ཀ་ཞིག་བརྩམས་པའང་ཚོགས་གཉིས་གསོག་པའི་རྒྱུར་འགྲོ་བ་སྨོས་ཅི་དགོས། རང་རྣམ་ནི་ཚུལ་འཆོས་ཅན་ཞིག་མིན་ཕྱིན། གཙིགས་སུ་འཛིན་འོས་པའི་ལོ་རྒྱུས་ཁོ་ན་ལགས་སོ། །གང་ལྟར་ཡང་རྣམ་ཐར་དང་ལོ་རྒྱུས་ནི་རྫུན་དང་སྒྲོ་སྐུར་མེད་ཅིང་བདེན་དོན་ཁོ་ནར་ངེས་པ་གལ་ཆེ་ལ། ཚིག་གང་ལེགས་དོན་དུ་གཉེར་ནས་སྙན་ངག་བྲི་ཚུལ་མིན་ཡང་ཆོག་སྙམ་མོ། །འགའ་ཞིག་དཔེར་ན། སྡོམ་པ་རྒྱུད་ལ་བླངས་པ་ནི་རྣམ་ཐར་དུ་བཀོད་ནས་སྡོམ་པ་ཤོར་བ་མི་འགོད་པ་དང་། དགེ་བ་ཅུང་ཟད་རེ་བགྱིས་ནའང་བསྟོད་བསྔགས་ཤེས་ཚོད་ཀྱིས་བྲིས་ནས་མི་དགེ་བ་མང་པོ་གང་བསྒྲུབས་ཀྱང་བྲི་མི་འདོད་པ་ནི། སྙན་གྲགས་ལ་བདག་བྱས་ནས་སྒྲོ་བཏགས་པ་དང་། ཡང་ཁ་ཅིག་ཀུན་སློང་བཟང་པོས་རྗེས་འཇུག་དགེ་ལ་བསྐུལ་བ་དང་། སློབ་མའི་དག་སྣང་འཕེལ་བ་སོགས་དགོས་པའང་ཡོད་སྲིད་དོ། །འོན་ཀྱང་དག་སྣང་བྲལ་བའི་གང་ཟག་ལ་ལོག་ལྟ་སྐྱེ་བ་ཁག་མེད་དེ། ལྷས་སྦྱིན་དང་ལེགས་སྐར་གྱིས་ཐུབ་པའི་ཞལ་མཇལ་གསུང་ཐོས་པས་ཀྱང་ལོག་ལྟ་སེལ་མ་ནུས་པ་བཞིན་ནོ། །
      ཡང་བན་དེ་ཐོག་མེད་ཀྱིས། གཤེན་རབ་མི་ལོ་བརྒྱད་སྟོང་ཉིས་བརྒྱར་བཞུགས་པ་ཞེས་དང་། ཚེ་ལོ་བརྒྱ་བའི་དུས་ནས་ད་ལྟའི་བར་མི་ལོ་སུམ་སྟོང་མ་འགོར་བས་གོང་འོག་འགལ། ཞེས་པར། ལན། གོང་འོག་འགལ་བ་ཅུང་ཙམ་ཡང་མེད་དེ། འདི་བོན་རང་ལུགས་ཀྱི་མཛོད་རྩ་འགྲེལ་སོགས་སུ་ཡ་ཐོག་གི་བརྒྱད་ཁྲི་ནས་བཅུ་བའི་བར་ཚེ་དམིགས་རེ་ལོ་ཉིས་བརྒྱ་ནས་ལོ་རེ་འགྲིབ་ཅིང་། མ་ཐོག་གི་བཅུ་བ་ནས་བརྒྱད་ཁྲིའི་བར་ལོ་ཉིས་བརྒྱ་ན་ལོ་རེ་འཕེལ་བར་བཤད་པ་ནི་རགས་རྩིས་ཙམ་ལ། རྒྱུ་མཚན། ཡ་ཐོག་བསྐལ་པའི་དྭངས་མ་ཡིན་པས་འགྲིབ་བུལ་བ་དང་མ་ཐོག་བསྐལ་པའི་སྙིགས་མ་ཡིན་པས་འཕེལ་བུལ་བ་ཡིན་པ་དང་། བར་ཁུག་རྣམས་ནི་ལོ་བརྒྱ་རེ་ན་འཕེལ་འགྲིབ་བྱེད་པར་བཤད་ཅིང་། འདི་རང་ལུགས་ཁོ་ནར་ངེས་ལ་མངོན་པ་ཀུན་གྱི་སྤྱི་ལུགས་ཡིན་སྙམ་པས་གཞུང་ལ་མ་སྦྱངས་པར་ཕོ་ཚོད་ཀྱིས་སྨྲ་མི་རུང་ངོ་། །དེས་ན་གཤེན་རབ་ཚེ་ལོ་བརྒྱ་དང་ཉི་ཤུའི་དུས་སུ་བྱོན་ནས་ཚེ་ལོ་བརྒྱད་ཅུའི་དུས་འདས་པ་ཡིན་པས། ཚེ་དམིགས་འཕེལ་འགྲིབ་བྱེད་ཚུལ་དབང་གིས་ཚེ་ལོ་བཞི་བཅུ་ཞེ་གཅིག་འགྲིབ་པ་ལ་མི་ལོ་བརྒྱད་སྟོང་ཉིས་བརྒྱ་དགོས་པ་རང་ལུགས་སོ། །ཚེ་ལོ་བརྒྱ་བ་ནས་ད་ལྟ་བཞི་བཅུ་ཁ་རལ་བར་མི་ལོ་སུམ་སྟོང་མ་འགོར་ན། ལོ་ལྔ་བཅུ་ནས་རེ་རེ་འགྲིབ་དགོས་པའི་བཤད་ཚུལ་དེ་འདྲ་ཞིག་གཞུང་གང་ནས་མ་མཐོང་ལ། ཁྱོད་ཀྱིས་ཁུངས་རྟེན་སའི་གཞུང་དེའི་རྣམ་བཞག་ཞིབ་པར་བཤད་འཚལ་ཞུ། གལ་ཏེ་བཤད་ཚུལ་དེ་ལྟར་ན། ཐུབ་པ་བརྒྱ་བའི་དུས་སུ་བྱོན་ནས་དགུང་ལོ་གྱ་གཉིས་ལས་མ་བཞུགས་པ་ལྟར་ན། ཐུབ་པའི་སྐུ་ཚེ་ཧྲིལ་བོར་ཚེ་ལོ་ཕྱེད་གཉིས་འགྲིབ་པས་ཐུབ་པ་འདས་སྐབས་ཚེ་ལོ་དགུ་བཅུ་གོ་དགུའི་ལོ་ཉེར་ལྔ་སོང་བའི་མཚམས་ཨེ་ཡིན། དཔྱད་གཞི་ཆེ། བསྟན་པའི་གནས་ཚད་ཀྱང་མི་མཐུན་པ་ཆེས་མང་བས་རང་རང་གི་ལུགས་གཙོ་བོར་འཛིན་རྒྱུ་ལས་མཐའ་གཅིག་ཏུ་ངེས་པར་ཁ་ཚོན་གཅོད་དཀའ་འོ། །
       ཡང་ཧོས་ཡུལ་འོལ་མོའི་གླིང་ཞེས་བྲིས་ཡོད་ཅེས་པར། ལན། ཧོས་ཞེས་པ་ཞང་སྐད་དེ། བོད་སྐད་དུ་བོན་ལ་གོ་དགོས་པའང་ཡོད་དེ། བོན་གྱི་ལྷ་ཁང་ལ་ཧོས་ཁང་དང་། བོན་སྒོ་བརྒྱད་ཁྲི་བཞི་སྟོང་ལ་ཧོས་སྒོ་བརྒྱད་ཁྲི་བཞི་སྟོང་ཞེས་པ་སོགས་ཀྱིས་མཚོན། ཡང་རིགས་རུས་ལ་གོ་བ་ཞིག་ཀྱང་ཡོད་དེ། ཧོས་རྒྱལ་དང་ཧོས་བཟའ་སོགས་ཀྱིས་ཤེས། ཡང་རྒྱལ་སྲས་འཕྲུལ་གྱི་དབང་ལྡན་འོལ་གླིང་ན་ཡོད་པ་སོགས་རིམ་བཞིན་བྲིས་པ་རྣམས་ལ་འགལ་བ་མེད་དེ། སངས་རྒྱས་བྱང་སེམས་གཤེགས་བཞུགས་འབྱོན་བཞུད་ཀྱི་མཛད་པ་ཇི་ལྟར་གནང་ཡང་མི་འགལ་ལ། གཞན་ཡང་། བོད་ཀྱི་བླ་མ་ཞིག་རྒྱ་ནག་ཏུ་ཕེབས་མྱོང་ན་རྒྱ་ནག་པ་ཟེར་ཡང་རྒྱ་རིགས་ཡིན་མི་དགོས་པ་དང་། རྒྱ་གར་དུ་བཞུགས་ན་རྒྱ་གར་བ་བཏགས་ཀྱང་སྐྱོན་མེད་པ་བཞིན་ནོ། །གང་ཟག་ཐ་དད་པར་མིང་གཅིག་བཏགས་ནའང་སྐྱོན་མི་འབྱུང་སྟེ་རྒྱ་གར་གྱི་ཐོགས་མེད་དང་ཁྱོད་བོད་ཀྱི་ཐོགས་མེད་བཞིན་ནོ། །
      ཡང་བན་དེ་ཐོག་མེད་ན་རེ། ཆོས་ཅན་ལ་བོན་ཅན་ཟེར་དོན་མེད། ཅེས་པ་ནི། མཐོང་རྒྱ་མེད་པའི་ཅོལ་གཏམ་མོ། །རྩོད་གཞི་ངོས་འཛིན་ཀྱི་བརྡ་ཆད་ལ་ཆོས་ཅན་ཟེར་དགོས་ན་བོན་ཅན་ཟེར་མི་རུང་བའི་རྒྱུ་མཚན་ཅི་ཡང་མེད་དོ། །འཛམ་གླིང་ལྷོ་བྱང་ལ་ཆོས་ལུགས་གང་དར་ཁྱབ་ཆེ་བའི་དབང་གིས་ཐ་སྙད་མཚུངས་མི་མཚུངས་ཤིན་ཏུ་མང་ལ། བོན་པོ་རྣམས་ཀྱིས་བོན་དང་བན་དེ་རྣམས་ཀྱིས་ཆོས་ཞེས་པ་སྔ་མོ་ནས་དར་ཟིན་པས། རྒྱལ་པོའི་བཀས་བཅད་ནས་ཀྱང་མ་བསྒྱུར་ན་ད་ལྟ་འདོད་དབང་གིས་བསྒྱུར་མི་ནུས་སོ། །རྟགས་གསལ་རྩོད་གཞིའི་ཐ་སྙད་དང་ཁྱབ་མཐའ་སོགས། སློབ་དཔོན་དྲན་པ་ནམ་མཁས་ཚད་མ་སྨྲ་བའི་སེང་གེ་སོགས་བརྩམས་ནས། ཕྱི་རོལ་བའི་རྒོལ་བ་ཚར་བཅད་པས་ཚད་མའི་རིགས་ལམ་འདི་དུས་སྔ་མོ་ནས་སྲོལ་ཕྱེས་ཟིན་ནའང་། བོད་ཀྱི་བན་དེའི་ལུགས་ལ་ཆ་པ་ཆོས་ཀྱི་སེང་གེས་སྲོལ་རྒྱ་ཆེར་ཕྱེས་པར་གྲགས་སོ། །ཡང་ཐོག་མེད་ཀྱིས་ཚིག་རྩུབ་འདི་ལྟར་སྨྲ་སྟེ། སྣ་ཤ་བཅད་དེ་ཁ་ཤ་ཟེར་བར་འཁོན་འཛིང་གི་ལན་མི་སྨར་རོ། །ཆོས་ཀྱི་སྒྲ་ཐོགས་ཚད་ལ་བོན་ཞེས་བརྗོད་ན་རུང་སྟེ། བོན་ཡིན་ན་གཡུང་དྲུང་གི་བོན་ཡིན་མི་དགོས་པ་དང་ཆོས་ཡིན་པ་དམ་པའི་ཆོས་ཡིན་མི་དགོས་པ་མཚུངས་སོ། །འཁོར་བའི་བོན་དང་མྱང་འདས་ཀྱི་བོན་སོགས་བོན་གྱི་སྒྲ་འཇུག་པའི་ཡུལ་བརྒྱད་ཡོད་པ་བཞིན། ཆོས་ཀྱི་སྒྲ་འཇུག་པའི་ཡུལ་བརྒྱད་ཡོད་པ་དང་འདྲའོ། །བོན་གྱི་སྒྲ་ཐོགས་ཚད་ལ་གྱེར་ཞེས་བརྗོད་མི་རུང་བ་དང་། ཆོས་ཀྱི་སྒྲ་ཐོགས་ཚད་ལ་ངྷརྨ་ཞེས་བརྗོད་མི་རུང་ན་མི་རུང་བའི་ཆོས་དེའི་སྐད་དོད་ཅི་ཡིན་འདྲི་བར་བྱའོ། །
      ཡང་ཆ་ཡིག་མང་དུ་བཀོལ་ནས་ཆོས་ཀྱི་ཡིག་གཟུགས་བྲི་མ་ཐུབ། ཅེས་པར། ལན། འོ་ན་བན་དེའི་གཞུང་རྣམས་སུ་བ་ཡིག་མང་དུ་བཀོལ་ནས་བོན་གྱི་ཡིག་གཟུགས་བྲི་མ་ཐུབ་ཅེས་ཀྱང་བཤད་ཆོག་སྙམ་སྟེ། གལ་ཏེ་བོན་ཞེས་པའི་ཡིག་གཟུགས་དེ་བོན་གྱི་གྲུབ་མཐའ་ལ་ངོས་བཟུང་ནས་རྣམ་འགྱུར་སྣ་ཚོགས་སུ་སྣང་ནའང་དེ་ཙམ་དུ་ཟད། བོན་པོས་ཆ་ཡིག་མང་དུ་བཀོལ་ཐུབ་པ་ནི་བདེན་ངེས་ཏེ་དུས་སྔ་མོ་ནས་ཞང་བོད་ཀྱི་ཡི་གེའི་ནང་དུ་ཆ་ཡིག་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་ད་ལྟ་བོད་ན་ཇ་ཆང་འོ་ཞོ་བཟའ་བཏུང་ཅ་ལག་གི་སྐོར་ཡི་གེར་བྲི་ཐུབ་པ་འདི། ཐོན་མིའི་རྨི་ལམ་གྱི་དྲིན་མ་ཡིན་ནམ།
      ཡང་ཁྱོད་ཀྱིས་བཤད་པ་ལྟར་ན། ཀོང་ཙེ་འཕྲུལ་རྒྱལ་སངས་རྒྱས་ཡིན་པར་བཤད་པ་དང་། འཁོར་ཡིན་ཚུལ་བཤད་པ་སོགས་ནང་འགལ་བྱུང་སྙམ་པ་ནི། མི་འགལ་ཏེ། དཔེར་ན། རྗེ་བཙུན་འཇམ་དབྱངས་སངས་རྒྱས་ཡིན་པ་དང་། བྱང་སེམས་ཡིན་པ་དང་། ཐུབ་པའི་ཉེ་སྲས་ཡིན་པ་དང་། ཐུབ་པའི་འབྱུང་ཁུངས་ཡིན་པ་དང་། འཁོར་ཡིན་པ་དང་། སངས་རྒྱས་ཐམས་ཅད་ཀྱི་འབྱུང་གཞི་ཡབ་ཡིན་པ་དང་། ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་སྤྲུལ་གཞི་ཡིན་པ་དང་། རི་བོ་རྩེ་ལྔར་སྐུ་འཁྲུངས་ཚུལ་སོགས་མང་དུ་བཤད་པ་དང་། དེ་བཞིན་དུ་སྤྱན་རས་གཟིགས་ཀྱང་བྱང་འཕགས་ཡིན་པ་དང་། འཇིག་རྟེན་དབང་ཕྱུག་ཡིན་པ་དང་། སྲོང་བཙན་ཡིན་པ་དང་། བོད་མིའི་འབྱུང་ཁུངས་ཡིན་པ་སོགས་གང་ལྟར་བཤད་ཀྱང་མི་འགལ་བ་བཞིན་ནོ། །དེས་ལོག་རྟོག་གི་འདོད་ཚུལ་དེ་དག་ཁེགས་སོ། །
      ཡང་བན་དེ་ཐོག་མེད་ན་རེ། དེ་ནས་བཟུང་སྟེ་བོན་གྱི་རྒྱལ་པོ་བྱས་ཞེས་བྱ་བར་འུར་ཏོ། ། ཞེས་པར། ལན། འུར་མི་དགོས་ཏེ། བོན་གྱི་རྒྱལ་པོ་མ་བྱས་ཚུལ་གསལ་བོར་བཤད་རྒྱུ་ཡོད་ན་སྨྲོས་ཤིག མེད་ན་མ་འཐད་པའི་རྣམ་འགྱུར་ལ་ནུས་པ་ཤིན་ཏུ་ཕྲ་བར་གྱུར་ཏོ། །དེ་སྐབས་མཁས་པ་ལ་བོན་གྱི་ཤེས་པ་ཅན་བཅུ་གཉིས་སུ་གྲགས་པས་རྒྱལ་པོར་བཀུར་ཚུལ་ནི། རང་གཞན་གཉིས་ཀས་ཁས་བླངས་ཟིན་པ་ལ། ད་ལྟ་འདོད་ཆགས་དང་ཞེ་སྡང་རུ་འཛིངས་པ་བས་རྒྱལ་རབས་སུམ་ཅུ་ལྷག་རྒྱལ་པོ་མིན་པར་བྱེད་འདོད་པ་དང་། ཁྱད་པར་བོན་རྒྱལ་མིན་པར་གཏོང་ནུས་ན་སྨྲོས་དང་གཏན་ནས་མི་ནུས་སོ། །བོན་རྒྱལ་ཡིན་པའི་རྒྱུ་མཚན་ཅི་ཡོད་ཟེར་ན། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙད་པོའི་བླ་མ་ནི། གཤེན་ནམ་མཁའ་སྣང་བ་མདོག་ཅན་ཡིན་པ་དང་། སྐུ་སྲུང་གི་བོན་པོ་མཚེ་མི་དམུ་རྒྱལ་དང་གཅོའུ་ཕྱག་དཀར་གཉིས་ཡིན་ཞིང་། གསས་ཁང་གཡུང་དྲུང་ལྷ་རྩེ་བཞེངས་ནས་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཉམས་ལེན་མཛད། སྲས་མུ་ཁྲི་བཙད་པོས་ཀྱང་གསས་ཁང་ཁོད་མ་ནེའུ་ཆུང་བཞེངས་ནས། སྐུ་སྲུང་གཅོའུ་ལན་ཚ་ཡིན་ལ། གཤེན་སྣང་མདོག་དབུ་བླར་བཀུར་ནས་ཡབ་རྒྱལ་པོ་བཞིན་ཐུགས་དམ་གྱི་བོན་སྤྱི་སྤུངས་ལ་མཛད་ནས། གྲུབ་པ་ཐོབ་སྟེ་སྐུ་ལུས་ལྷག་མེད་དུ་སངས་རྒྱས་སོ། །དེ་ནས་བཟུང་སྲས་རྒྱལ་པོ་དིང་ཁྲི་དང་སོ་ཁྲི། དར་ཁྲི་སོགས་ཁྲི་བདུན་གྱི་རིང་ལའང་མཆོག་གསུམ་མཆོད་པའི་གསས་ཁང་། དབུ་བླར་བཀུར་བའི་བླ་མ། སྐུ་སྲུང་གི་བོན་པོ། ཐུགས་དམ་ཉམས་ལེན་གྱི་བོན་རྣམས་སྔ་མའི་ཕྱག་ལེན་ཇི་ལྟ་བ་བཞིན་མཛད་པས་སྐུ་ལུས་ལྷག་མེད་དུ་སངས་རྒྱས་པ་ལ་བང་སོ་གནམ་དུ་བཏབ་པའི་བཤད་སྲོལ་བྱུང་། ཁྱད་པར་ཁྲི་བདུན་གྱི་རིང་ལ་བླ་མ་ཆེ་དྲུག་གི་བོན་སྔགས་བླ་མེད་ལ་སྤྱོད་པ་དང་། ཐེག་པ་འོག་མ་རྒྱུའི་བོན་ལ་བྱང་ཆུབ་པའི་ཕྱི་རྒྱུད་ཤེས་པ་ཅན་བཅུ་གཉིས་ཀྱི་རྒྱུད་འཛིན་མང་དུ་བྱུང་ངོ་། །དེ་ནས་རྒྱལ་རབས་ཕྱི་མ་རྣམས་ཀྱང་དེ་བཞིན་དུ་རྣམ་འབྱེད་འཕྲུལ་ལྡེ་དང་བསྟན་འབྱུང་ལོ་རྒྱུས་མང་པོ་ནས་བཤད་པ་ལྟར། ཆབ་སྲིད་འཛིན་པའི་རྒྱལ་པོ་རེ་ལ་ཐར་ལམ་འདྲེན་པའི་སློབ་དཔོན་རེ་དང་། ཐུགས་དམ་ཉམས་ལེན་ཡི་དམ་རེ། སྐད་རིགས་བསྒྱུར་བའི་ལོ་པཎ་རེ། རྗེས་བཞག་བསྟན་པའི་གསས་ཁང་རེ་བཅས་ཡོད་པར་བཤད་པས་བོན་རྒྱལ་ཁོ་ན་ཡིན་པ་ལ་དོགས་པ་མི་དགོས་སོ། །འདི་དག་ཞིབ་པར་བྲིས་ན་ཡི་གེ་མང་བས་འཇིགས་སོ། །ཐུའུ་བཀྭན་གྱིས། བོན་གྱི་གྲུབ་མཐའི་ཚབ་ཏུ་བོན་གྱི་ཚིག་འགའ་རེ་གསུངས་གནང་འདུག་ནའང་། བོན་གྱི་གཞུང་ཆེན་མོ་རྣམས་ཀྱི་དཔེ་ཆ་ཕྱག་ཏུ་མ་ཚུད་པའམ་བོན་གཞུང་ལ་མ་གཟིགས་པའི་དབང་གིས། དེ་ལྟར་བྱས་ཀྱང་། དེ་ལའང་རྣམ་དཔྱོད་ཅན་ནམ་མཁའི་ནོར་བུས་ཞིབ་པར་འགྲེལ་ན། མཛོད་རྩ་འགྲེལ་སོགས་དགོངས་པ་གཅིག་ཏུ་འབབ་པས་འགལ་བ་ཅན་མ་ཡིན་ལ། བར་སྐབས་ཚིགས་བཅད་སྐབས། ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས། །ཆོས་མིག་རྡུལ་བྲལ་མི་ལྡན་བདག་ལྟ་བུས། །ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུག་འགྱུར། ། ཞེས་གསུངས་པ་ནི་དོན་ལ་གནས་པའོ། །
      ཡང་ཐོག་མེད་ན་རེ། སྟག་ལྷ་མེ་འབར་གྱི་ལོ་རྒྱུས་གང་རྒྱས་ཡོད་པ་འདི་དང་། ཨ་མདོའི་ཕྱོགས་སུ། ཐུབ་པ་པདྨ་བསྣོལ་བའི་གདན་སྟེང་ན། །ཁྲོ་བོའི་རྒྱལ་པོ་སྟག་ལྷ་མེ་འབར་བཞུགས། ། ཞེས། ཐང་ག་རི་མོ་དེ་མཚུངས་སུ་འབྲི་སྲོལ་བྱུང་བ་ཆ་མ་འཚལ། ཞེས་པར། ལན། བླ་མ་སྟག་ལྷ་མེ་འབར་དང་ཡི་དམ་སྟག་ལ་མེ་འབར་གཉིས་ཡོད་པ་གང་གི་ལོ་རྒྱུས་ཡིན་པ་ཤེས་དགོས་ལ། འདི་བོན་ལ་ངན་སྨྲ་བྱེད་འདོད་དབང་གིས་བཤད་སྲོལ་དེ་འདྲ་ཡོད་ཅེས་ཐོས་མྱོང་ཡང་མཐོང་མ་མྱོང་སྟེ། ཁྱོད་ཀྱིས་མཐོང་ན། ཨ་མདོའི་དགོན་པའམ་གྲོང་སྡེ་གང་གི་ནང་དུ་ཡོད་གསལ་བོར་སྨོས་དང་ཞིབ་འཇུག་བྱས་ཆོག མེད་ན་བཤད་ཚད་དེ་འདྲར་ཐལ་བས། རྫུན་མཁན་གྱིས་རྫུན་སྨྲ་ཆེ་ན་རྫུན་སྨྲ་ཡུལ་ལས་ཀྱང་སྨྲ་མཁན་རང་ཉིད་ཡིད་མི་ཆེས་པའི་གནས་སུ་ལྟུང་བར་འགྱུར་རོ། །འོན་ཀྱང་། བོན་ལ་དད་པ་བྱེད་མཁན་མེད་ན་དགའ་སྙམ་པའི་ཆགས་སྡང་དབང་གིས་དེ་འདྲ་བྱེད་རྒྱུ་ཡོད་སྲིད་དེ། དཔེར་ན། དཔྲ་སྟོན་གྱི་དེ་ཉིད་རྣམ་ངེས་ལས། རང་བཟོའི་གཏམ་འདི་ལྟ་བུས་མི་དགེ་བའི་ས་བོན་འདེབས་པ་ནི། སྔོན་དུ་ཐུབ་པ་སྐུ་བལྟམས་ནས་ཞག་བདུན་ནས་ཡུམ་གཤེགས་པ་ན་མུ་སྟེགས་རྣམས་ཀྱིས་འདི་ནི་བཀྲ་མི་ཤིས་པའོ་ཟེར་བ་དང་། ལེགས་སྐར་གྱིས་ཐུབ་པ་རྫུན་ཅན་དུ་སྒྲོ་འདོགས་པ་དང་། བྲམ་ཟེ་མོས་དགེ་སྦྱོང་འདིས་བདག་འདི་ལྟར་བྱས་སོ་ཞེས་སྐུར་བ་འདེབས་པ་སོགས་དང་མཚུངས་ལ། གཞན་ཡང་སྔོན་མུ་སྟེགས་པ་ཞིག་གིས་བདེ་མཆོག་དང་ཀྱེ་རྡོར་མནན་པའི་མུ་སྟེགས་ཀྱི་བྲིས་ཐང་བཞེངས་པ་དང་། བོད་ན། སྟག་ལྷའི་ཡི་གེ་ནང་། གེ་ཤན་པདྨའི་གདན་སྟེང་ན། །ཞེས་པ་ནི། ཤཱཀ་ཐུབ་པདྨའི་གདན་སྟེང་ན། །ཞེས་བསྒྱུར་ནས་གྲུབ་མཐའ་ལ་དབྱེན་སྤྱོས་པ་རྣམས་ཕྱོགས་མཚུངས་ཤིང་། དུས་ཕྱིས་ནི། ཡུལ་དབུས་ཀྱི་རྟོག་གེ་བ་མངའ་ཐང་ཆེ་ཞིང་འཁོར་མང་བ་ཞིག་གིས། ཀློང་ཆེན་པ། གོ་རམས་པ། མཉམ་མེད་ཆེན་པོ་རྣམས་དམྱལ་ཟངས་སུ་འཚེད་པའི་བྲིས་ཐང་བཞེངས་ཤིང་ཕྱོགས་དུ་མར་བཀྲམས་ནས། ཁམས་ཕྱོགས་ཀྱི་བླུན་པོ་རྣམས་ཀྱི་བློ་ཁ་བསྒྱུར་བའི་ཐབས་བཤམས་པའང་བྱུང་འདུག་སྟེ། ཆོས་ལ་བརྟེན་ནས་སྡིག་པ་ཚབས་ཆེན་བསགས་པ་འདི་སྐྲག་པ་སྐྱེ་བའི་གནས་སུ་སྣང་ངོ་ཞེས་གསུངས་པ་ལྟར་རོ། །
      ཡང་རྒྱུད་སྡེ་སྐོར་ལ། རྙིང་མ་བཀའ་རྫོགས་ཀྱི་བཤད་སྲོལ་སྒྲ་ཟུར་ཙམ་མ་གཏོགས་འདྲ་བ་ཧ་ཅང་མང་བ་དང་། ཁྱད་པར་རྫོགས་ཆེན་སྐོར་ཚིག་དོན་ཐམས་ཅད་སོར་བཞག་གིས་བོན་རྒྱུད་ཡིན་པར་སྒྲུབ་བོ། ། ཞེས་པར། ལན། རྫོགས་ཆེན་ནི་སྟོན་པ་གཤེན་རབ་དང་རྙིང་མའི་དགའ་རབ་རྡོ་རྗེ་མ་གཏོགས། ཐུབ་པའི་རང་ལུགས་མིན་པ་ཀུན་གྱིས་ཁས་ལེན་ནོ། །རྫོགས་ཆེན་བོན་རྒྱུད་ཡིན་པའི་སྒྲུབ་བྱེད་མང་ཡང་མ་བྲིས་ཏེ་སེམས་སྡེ་སྐོར་ལས་ཤེས་སོ། ༧ །རྡོ་རྗེ་མཇུག་མའི་སྟོང་ཟུག་གིས། །རྡོ་རྗེ་མཐིལ་ལ་འབོད་པའི་ཁར། །རྡོ་རྗེ་བསྣོལ་མས་མ་བཅད་ན། །རྡོ་རྗེ་འཆང་གིས་སྐྱོབས་ནུས་སམ། ༧ །མཚོན་ཆ་རྩུབ་མོའི་རྡོ་རྗེ་འདི། །གསེར་གྱི་འཛིན་མར་བསྙལ་ན་ཅི། །རྐང་གཉིས་བསད་པའི་རྡོ་རྗེ་ཡང་། །སྡིག་པས་གོས་པ་མ་ཚོར་རམ། །
       ཡང་རྒྱལ་རྒྱུད་སྐབས། ཞེས་དང་། རྩོམ་པ་པོས་དོགས་པ་གནང་འདུག་ཅེས་པ་བདེན་ཏེ། རྒྱ་གར་གྱི་ཐུབ་པའི་ཉེ་སྲས་སྤྱན་རས་གཟིགས་དེ་བོད་རྒྱལ་གནམ་རུ་སྲོང་བཙན་གྱི་སྲས་སུ་འཁྲུངས། ཞེས་བཤད་ན། ལ་ལས་དཔྱད་མི་བཟོད་ཟེར་ན་ཡང་འགལ་མེད་དུ་སྒྲུབ་ཀྱང་རུང་བ་བཞིན་ནོ། །བོད་ཀྱི་རྒྱལ་རབས་སྐབས་ཞེས་པར། གཉའ་ཁྲི་ནི་གསལ་རྒྱལ་གྱི་བུར་འདོད་པ་དང་། སྒྲ་ངན་གྱི་བུར་འདོད་པ་དང་། ཤཱཀྱའི་རྒྱལ་རྒྱུད་དུ་འདོད་པ་དང་། དམག་རྒྱལ་གྱི་བུར་འདོད་པ་དང་། མང་བཀུར་སྲས་རྒྱུད་དུ་འདོད་པ་སོགས་མི་མཐུན་པ་མང་ཡང་། རང་ལུགས་ལ། བྱམས་མ་རིགས་ཀྱི་འཇིགས་སྐྱོབ་མའི་ཐུགས་རྗེ་དང་སྲིད་པའི་ལྷ་དྲུག་གི་བྱིན་རླབས་ཀྱིས། མི་ལུས་བསམ་ལེགས་ཀྱི་གདུང་རྒྱུད་དུ་བྱུང་བའི་རྒྱལ་པོ་སྐྱབས་སེང་གི་སྲས་ཡིན་པར་བཤད་པ་ལས། ཕ་མེད་པའི་བཤད་ཚུལ་ཞིག་མེད་ངེས་སོ། །
      ཡང་གྲི་རུམ་བཙན་པོའམ་གྲི་གུམ་བཙད་པོའི་མིང་ཐོགས་ཚུལ་སྔ་ཕྱི་འགལ། ཞེས་པ་ནི། མི་འགལ་ཏེ། མ་ལས་བཙས་དུས་གྲི་རུམ་བཏགས་པ་དང་ཚེ་སྟོད་སྐུ་གཤེན་བཀུར་ལུགས་དང་། ཚེ་སྨད་བོན་ལ་ལོག་སྒྲུབ་བྱས་ནས་བཀའ་ཆད་བྱུང་བ་དང་མཐར་ཤི་ལུགས་ཀྱིས་གྲི་གུམ་ཐོགས་པ་སོགས་རིམ་བཞིན་བྱུང་བས་འགལ་བ་ཅི། འདོན་ཤེས་ན་གོ་བ་ནག་ནུར་མས་ཆོག་གི རིགས་འཕྲུལ་མི་དགོས་པས་སླའོ། །ཡང་སྤུ་དེ་གུང་རྒྱལ་ལ་བྱ་རྟ་སྤྱང་གསུམ་གྱི་སྤུ་སྐྱེས་ཞེས་པར་སྐྲག་མི་དགོས་ཏེ། ད་ལྟ་མིའི་ནང་ན་སྐྲ་དང་ཁ་སྤུ། སྙིང་ག་དང་ལག་ངར། རྗེ་ངར་སོགས་སུ་སྟག་གི་སྤུ་ལྟར་དམར་སེར་སྐྱེ་བ་དང་། གཡག་རྩིད་ལྟར་སྐྱེ་བ་དང་། བྱ་སྤུ་ལྟར་སྐྱེ་བ་སོགས་མཐོང་བ་མངོན་གསལ་ལྟར་རོ། །ཡང་ལེགས་བཤད་མཛོད་ཀྱི་དཔེ་རྙིང་སྣུམ་པར་མ་ཞིག་སྔོན་མཐོང་མྱོང་བ་དང་། ད་ལྟའི་པེ་ཅིན་པར་མ་གཉིས་མི་མཚུངས་སྙམ་པ་ནི་ཞིབ་འཇུག་མ་བྱས་པའི་དོགས་པ་སྟེ། ཤར་རྫ་གཡུང་དྲུང་ལྷུན་པོའི་རི་ཁྲོད་འདིར། ཤར་རྫ་རིན་པོ་ཆེ་ཞལ་བཞུགས་དུས་ཀྱི་ཤིང་པར་མང་ཆེ་བ་ཉར་ཚགས་བྱས་ཡོད་པས། ད་ལྟ་ཤིང་པར་མའི་དཔེ་ཆ་དང་། དེ་ལས་འཕྲོས་པའི་གློག་པར་མ་དང་ལྕགས་པར་མ་པོ་ཏི་བཅུ་དྲུག་ཏུ་བྱས་ནས་ཚར་སྟོང་ཕྲག་དུ་མ་ཞིག་བསྐྲུན་ཏེ་བཀྲམས་ཟིན་པས་གཟིགས་ཆོག་ལ། འདི་དག་རྩོམ་གནང་མཛད་སྐབས་ཀྱང་ཁ་ཅིག་རང་གིས་ཁུངས་བཅོལ། རྗེས་སུ་རང་གི་ཁུངས་ལ་དགག་པ་བྱས། མཁས་པ་སྙན་གྲགས་ཆེ་བའི་རྗེས་འབྲང་འདོད་ནས་དེ་ལྟར་བརྩམས། ཡང་མ་འགྲིགས་པར་རང་ལུགས་བསྲུང་ཐབས་དང་གཞན་ལུགས་ཀྱི་ཁུངས་འགེབས་ཐབས། གཡོ་ཟོལ་གྱིས་བསྐྱར་བྲི་བྱས་པ་སོགས་དང་འདྲ་བའི་སྐྱོན་ཅི་ཡང་མི་མངའ་བས་སེམས་བདེ་བར་ཞུ།
      ཡང་རྒྱ་ནག་རྒྱལ་རབས་སྐབས། ཞེས་པར། གཤེན་རབ་དུས་ཀྱི་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ནི། མུ་ཁྱུད་བདལ་བའི་མཚོ་གླིང་ནས་གསས་ཁང་དཀར་ནག་བཀྲ་གསལ་བཞེངས་ཤིང་སྐུ་གདུང་སྐུ་གཟུགས་གསུང་རབ་རྟེན་གསུམ་རྗེས་སུ་བཞག་ནས་མཛད་པ་དགུ་བ་མངོན་དུ་གྲུབ་པའི་བསྟན་པའི་སྦྱིན་བདག་གི་གཙོ་བོ་ཡིན་ཏེ། ཐུབ་པའི་དུས་ཀྱི་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལྟ་བུའོ། །གཤེན་རབ་སྐབས་བསྟན་འཛིན་གྱི་རྒྱལ་པོ་སྡེ་དྲུག་གི་ནང་ཚན་ཡིན་པར་བཤད། རྒྱ་ཡེ་མཁྱེན་འཕྲུལ་གྱི་དབང་ཡིག་ཅན་གྱི་སྲས་ཀུན་མཁྱེན་སྐོས་ཀྱི་དབང་ཡིག་ཅན་ཡིན་ལ། དེ་སྲས་ཡང་དེ་བ་དང་དེའི་སྲས་ཀངྔྷ་ལ་གསེར་གྱི་མདོག་ཅན། དེའི་སྲས་ཀོང་ཙེ་འཕྲུལ་རྒྱལ་ལོ། །འདི་ཐུབ་པ་མ་བྱོན་གོང་གི་ཀོང་ཙེ་ཡིན་ལ་ཐུབ་པའི་རྗེས་སུའང་ཀོང་ཙེའི་སྤྲུལ་བ་སླར་ཡང་བྱོན་པར་ཀོང་ཙེ་བཏགས་པ་དང་། ཀོང་ཙེའི་སྲས་རྒྱུད་དུ་གཏོགས་པའི་ཇུ་ཙེ་འཕྲུལ་རྒྱལ་སོགས་གང་ཟག་ཐ་དད་དོ། །དྲི་མེད་ལས། ཀོང་ཙེ་འཕྲུལ་གྱི་བུ་ཆུང་ལ། །གབ་ཙེ་སུམ་བརྒྱ་དྲུག་ཅུ་བསྟན། ། ཅེས་པ་ནི། ཀོང་ཙེའི་སྲས་མོ་འཕྲུལ་བསྒྱུར་མ་ལ་འཁྲུངས་པའི་སྟོན་པའི་སྐུ་སྲས་ཡིན་ལ། དེ་ལ་སྟོན་པའི་གསུངས་ཤིང་། ཡང་རྒྱ་ནག་གི་རྒྱལ་པོ་ཧྭ་ཤང་དེ་བ་ལ་གབ་ཙེ་སུམ་བརྒྱ་དྲུག་ཅུ་གཏན་ལ་ཕབ་ནས་བསྟན་ཞེས་པ་དེ། འཕྲུལ་གྱི་བུ་ཆུང་གིས་བཀའ་བསྡུ་མཛད་ནས་གསུངས་པ་ཡིན་པས། དེ་དག་རུས་རྒྱུད་གཅིག་ནའང་གང་ཟག་ཐ་དད་པ་ཡིན་ནོ། །དེར་མ་ཟད། དྲི་མེད་མདོ་ལས། ཁྲུས་བདག་སྤང་ལ་གནམ་གཤེན་ཁྱོད། །འདི་ནས་འཛམ་གླིང་ཤར་ཕྱོགས་ཀྱི། །ག་ཅུ་རྒྱ་ཡི་རྒྱལ་ས་རུ། །ཇུ་ཙེ་འཕྲུལ་གྱི་རྒྱལ་པོར་འཁྲུངས། ། ཞེས་པའང་། ཀོང་ཙེའི་སྲས་རྒྱུད་དུ་གཏོགས་པ་ལས་ཀོང་ཙེ་མ་ཡིན་པ་དངོས་སུ་གསལ་བར་གསུངས་སོ། །ཀོང་ཙེའི་སྲས་རྒྱུད་ལྔ་བ་མང་ཝེར་རྒྱལ་པོ་ནི། བོད་ན་གྲི་གུམ་དུས་ཡིན་པར་བཤད་ཡོད་ལ་བཞི་བ་ཡིན་ཞེས་པའང་ནོར་རོ། །ཀོང་ཙེ་སྔ་ཕྱི་གཉིས་ཡོད་པར་བཤད་པ་མི་འགལ་ཏེ་བོད་ཀྱི་གཡུ་ཐོག་སྔ་ཕྱི་གཉིས་བཞིན་ནོ། །འདི་རྣམས་དགུང་ལོ་ཅི་ཙམ་བཞུགས་པ་མི་གསལ་བས་དཔྱད་དཀའ་ཡང་། དཔེར་ན། སློབ་དཔོན་པདྨ་འཁྲུངས་ནས་མི་ལོ་ཆིག་སྟོང་དྲུག་བརྒྱ་ཉི་ཤུ་ལྷག་ནས་སླར་བོད་དུ་བྱོན་པར་བཤད་ཚུལ་ཡོད་པ་མི་འགལ་བ་བཞིན་ནོ། །
      ཡང་ཧོར་རྒྱལ་རབས་ཀྱི་ཐོག་མ་བོད་པ་ལོ་ངམ་རྟ་རྫི་ཡིན་པར་བཤད། ཅེས་པར། ལན། རྟ་རྫི་བོད་པ་ཁོ་ན་ཡིན་ཞེས་མ་གསུངས་པས་མ་ངེས་ལ། ལྷོ་བྲག་གི་འབངས་ལོ་ངམ་ཟེར་ཡང་ཡུལ་ཆུང་ངུའི་རྒྱལ་ཕྲན་ཞིག་ཡིན་པའི་ལོ་རྒྱུས་ཀྱང་ཡོད་ལ། ཆུང་དུས་འབངས་རྟ་རྫི་ཡིན་པས་མིང་དེ་སྐད་ཐོགས་ཀྱང་། བར་དུ་རྒྱལ་ཕྲན་མཐའ་མར་བོད་རྒྱལ་བྱས་པ་སོགས་རིམ་བཞིན་བྱུང་ན་འགལ་བར་མི་སེམས་ལ། འདི་ཧོར་རྒྱལ་ཐོག་མར་བརྩིས་པ་མེད་དེ་ཡུ་གུར་རྒྱལ་པོ་བོང་རྣ་ཅན་གྱི་རྟ་རྫིའི་ཆུང་མ་ལ་རྟ་དཀར་ཅན་ཞིག་དང་འཕྲད་པའི་སྲས་བྱུང་བ་ནི། རྟ་རྫིའི་བུ་མ་ཡིན་པ་གསལ་བར་བཤད་ནས་ཕ་གང་ཡིན་མ་ངེས་པའི་དབང་གིས་ཇིང་གུར་རྒྱལ་པོ་གནམ་གྱི་བུ་ཞེས་སུ་གྲགས་པ་ནི་ཧོར་རྒྱལ་ཐོག་མར་བཞག་ཡོད་པས་ཞིབ་བལྟ་བྱེད་དགོས། ཡང་འོད་ཀྱི་རྒྱལ་པོ་སོགས་བཞི་ནི། རྒྱལ་སྲས་ཀོང་ཚ་གཡུང་དྲུང་དབང་ལྡན་གྱི་སྲས་ཡིན་པ་ནི་དམུ་གཤེན་གདུང་རབས་སྐབས་ཡིན་པས། གོང་འོག་བསྲེ་མི་རུང་ལ་དམུ་གཤེན་ནི། གོང་དུ་བཤད་པ་ལྟར། སྟོན་པ་གཤེན་རབ་ཀྱི་སྲས་རྒྱུད་ཡིན་པས་རྒྱལ་སྲས་དབང་ལྡན་གྱི་སྲས་ཆེ་བ་འོད་ཀྱི་རྒྱལ་པོའི་སྲས་རྒྱུད་ཀྱི་མཐར་དམུ་གཤེན་སྣང་བ་མདོག་ཅན་བྱོན་པའི་བར་ལ་ཆེ་རྒྱུད་ཟེར། སྲས་འབྲིང་པོ་ཐོག་གི་རྒྱལ་པོའི་སྲས་རྒྱུད་ཀྱི་མཐར་དམུ་གཤེན་དྲན་པ་ནམ་མཁའ་བྱོན་པའི་བར་ལ་འབྲིང་རྒྱུད་ཟེར། སྲས་ཆུང་བ་གཉིས་གོང་མ་འབྲུག་གི་རྒྱལ་པོའི་སྲས་རྒྱུད་ལ་ཆུང་རྒྱུད་ཟེར་བའི་མཐར། དམུ་འབྲུམ་བུའི་དུས་གཉའ་ཁྲི་བྱུང་བར་བཤད་ལ། འདི་དག་ལས་བོད་ཡུལ་གཙང་གི་དམུ་གཤེན་གདུང་རྒྱུད་བྱུང་ངོ་། །གདུང་རབས་འདི་མང་དུ་སོང་བ་ནི་སྟོན་པ་གཤེན་རབ་བྱོན་པའི་དུས་ཤིན་ཏུ་སྔ་བས་ཡིན་ལ། འདིར་མི་འཐད་པ་ཞེ་ཕུག་ཏུ་བཅངས་ན་འགལ་སྙམ་འདུག་ལ་རང་ལུགས་ཁོ་ནར་འགལ་བ་ཅི་ཡང་མེད་དོ། །ཆེ་བའི་རྒྱུད་རབས་ཀྱི་མཐའ་མའི་སྣང་མདོག་ནི། གཉའ་ཁྲིའི་བླ་མ་ཡིན་པ་དང་འབྲིང་རྒྱུད་ཀྱི་དྲན་པ་ནམ་མཁའ་ཁྲི་སྲོང་དུས་སུ་བཞུགས་པ་སོགས་འགལ་བ་མེད་དེ། དེ་དག་སྤྱི་སྤུངས་རིན་པོ་ཆེ་ཉམས་སུ་བླངས་ནས་ཚེའི་རིག་འཛིན་བརྙེས་པ་ནི་དྲན་པའི་སྲས་པད་འབྱུང་བཞིན་ནོ། །དེ་མན་ཆད་བྲུ་དང་ཁྱུང་གི་བརྒྱུད་པ་རྣམས་ལ་མི་འཐད་ན་སྒྲུབ་བྱེད་དགོས་པ་ལས་ཐོ་འགོད་ཙམ་བགྱིས་པས་ཕན་གནོད་ཅི་ཡང་མ་བྱུང་ངོ་། །མི་ལའི་རིགས་རུས་རང་རྣམ་དང་མི་མཐུན་ཞེས་པ་བདེན་ཏེ་དགོས་དབང་གིས་ཡིན་པ་སྨོས་ཅི་དགོས། མི་ལ་དང་པོར་བོན་པོ་ཡིན་ལ་ནང་མ་འཆམས་པའི་དབང་གིས་གྲུབ་མཐའ་འགྱུར་ནའང་སྤྱོད་པ་རྩིང་པོར་སོང་བ་དང་། རྩོག་རྣམ་དང་། བྱང་ཆུབ་སེམས་དཔའ་དར་མ་མདོ་སྡེ་སོགས་ལག་ནས་གྲོངས་ཚུལ་ལ་སྙད་བཏགས་ནས་བོན་པོ་རྣམས་ཀྱིས་སྐུར་འདེབས་བྱེད་པ་ནི་ཁོ་བོས་བལྟས་ན་ཤིན་ཏུ་མི་རུང་སྙམ་མོ། །
      ཡང་བན་དེ་ཐོག་མེད་ཀྱིས། བོན་བསྟན་བོད་ལ་དར་སྐབས་ཞེས་སོགས་བཤད་པ་ལ་དོགས་པ་སྐྱེ་དོན་མེད་ཀྱང་ཕྱིན་ཅི་ལོག་ཏུ་གོ་བ་མང་སྙམ་སྟེ། དཔེར་ན། བོད་ནུབ་ཏུ་ཁེལ་ཀྱང་བྱང་དུ་བཙན་གྱིས་སྦྱར་ཞེས་པ་ལྟ་བུ་བླུན་གཏམ་ཁོ་ནར་ངེས། ཁྱོད་ཨ་མདོ་བ་ཞིག་ཡིན་ངེས་པས་ནུབ་ཏུ་ཁེལ་ན་ཡང་ཕྱོགས་གང་དུ་སོང་ན་བོད་ནུབ་ཏུ་ཡོད་པ་ག་ལ་སྲིད། ཁྱོད་ནུབ་བོད་བརྒལ་ཟིན་ནའང་ད་དུང་བོད་ནུབ་ཏུ་ཡོད་ཅེས་བཤད་ན་རུང་ངམ། ཞིབ་འཇུག་བྱས་ཚད་དེ་འདྲར་ཐལ་ལོ། །ཞང་ཞུང་དང་རྒྱ་དཀར་ནག་གསུམ་ལས་བོད་དུ་འགྱུར་བའི་བོན་རྣམས་ལ་སུམ་འགྱུར་ཟེར་ཡང་དེ་ཁོ་ནར་མ་ངེས་ཞེས་ཞིབ་པར་གསུངས་པ་རྣམས་བྲི་མི་དགོས་སོ། །ཡང་འོལ་མོ་ལུང་རིང་གི་དབུས་རི་གཡུང་དྲུང་དགུ་བརྩེགས་ནས་ལི་བལ་ཞང་གསུམ་གང་དུ་མ་བསྡད་པར་བོད་ཡུལ་དུ་ཕེབས། ཞེས་པས། ཡུལ་དེ་རྣམས་རིམ་པར་ཡོད་དགོས་དོན་ཅི། དཔེར་ན། དབུས་གཙང་རྒྱ་གར་གང་དུ་མ་བསྡད་པར་ཨ་མདོར་ཐོན་ཞེ་ན། དབུས་དང་ཨ་མདོ་གཉིས་ཀྱི་བར་དུ་གཙང་དང་རྒྱ་གར་གཉིས་རིམ་བཞིན་ཡོད་མི་དགོས་པ་བཞིན་ཏེ། གོ་བ་མེད་པའི་བྱིས་པ་ལ་འདི་ཙམ་བཤད་དགོས་ན་སྣག་ཤོག་གིས་ཀྱང་མི་ལང་ངོ་། །ཡང་ཡུམ་འབུམ་པ་བོན་བསྒྱུར་བ་ཡིན་པར་བཤད་ཅེས་པ་ནི་བོན་གྱི་མཁས་པ་སྔ་མ་དག་གི་གསུངས་ཚུལ་ཡིན་ལ། མིན་ན་ལེགས་ཏེ། ཡུམ་མདོ་སོགས་ཐུབ་པའི་གསུངས་ཡིན་ན་རྒྱ་གར་དབྱིག་གཉེན་སོགས་ཀྱིས་ཐེག་ཆེན་བཀར་ཁས་མ་བླངས་པ་ཅིའི་དོན་ཡིན་དཔྱད་པར་བྱ། སྨན་གྱི་རྒྱུད་བཞི་ནི་བོན་ལས་བསྒྱུར་བ་ཁོ་ནར་སྣང་སྟེ། བོན་གྱི་བཀའ་འགྱུར་མདོ་སྡེའི་སྐོར་ན་བདུད་རྩིའི་བང་མཛོད་འབུམ་བཞི་ཞེས་པ། རྩ་བ་ཐུགས་འབུམ་མཁའ་སྔོན་ལེའུ་བདུན། འཚོ་བྱེད་སྨན་འབུམ་དཀར་པོ་ལེའུ་སུམ་ཅུ་སོ་གཅིག འཚོ་ཐབས་དཔྱད་འབུམ་ཁྲ་བོ་ལེའུ་སུམ་ཅུ་སོ་གཅིག གསོ་བྱའི་ནད་འབུམ་ནག་པོ་ལེའུ་དགུ་བཅུ་གོ་གཅིག་ཅན་ཡོད་པ་ལས། རིམ་བཞིན་རྩ་བ་ཐུགས་རྒྱུད་སོགས་བསྒྱུར་ལ་སྨན་གྱི་མིང་སོགས་ཐ་སྙད་སོར་བཞག་མང་དུ་སྣང་བ་མངོན་གསལ་ལོ། །དེ་ལ་བན་དེ་རྣམས་ཐུབ་པའི་གསུངས་ཡིན་ཟེར་མ་ཆོག མིན་ཟེར་མ་འདོད་པར་ཁུངས་འགེབས་ཐབས་གང་ལེགས་མང་དུ་ཡོད་པ་དཔྱད་བྱར་འདུག དེར་མ་ཟད། བན་དེའི་ལུགས་ལ། དེང་སང་ཡར་བཅོས་སྐོར་ལ་སྒྲ་ལྷ། ཀླུང་རྟ། ལབ་ཙེ། ལད་པ་དགུ་བཅོས་སོགས་མང་ཞིང་། མར་གཏོའི་སྐོར་ལ་རྒྱལ་བསེན་སྦྲགས་མདོས། ཀླུ་བཙན་ཞགས་བཀྲོལ། བརྒྱ་བཞི་སོགས་མང་བ་རྣམས་ཀྱང་ལྷ་དང་སྔགས་ཚིག་བསྒྱུར་ཐུབ་ཚད་རིགས་བསྒྲེས་སུ་བསྒྱུར། བསྒྱུར་མ་བཏུབ་པ་རྣམས་སྒྲ་སོར་བཞག་བྱས་པ་མངོན་གསལ་ཡིན་པས་ཞིབ་འཇུག་བྱས་ཆོག་སྟེ། དེ་དག་བན་དེ་རང་གི་ལུགས་ཡིན་ན་ཐུབ་པའི་ཆོས་ལ་རྒྱུ་བོན་ཡོད་པར་ཧ་ཅང་ཐལ་ལོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག