ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> བརྒལ་བརྟག >> ཞང་བོད་ཀྱི་གསོ་བ་རིག་པའི་གྲོལ་ཕུགས་འབུམ་བཞི་དང་རྒྱུད་བཞིའི་སྐོར་ལ་དཔྱད་པ།
ཞང་བོད་ཀྱི་གསོ་བ་རིག་པའི་གྲོལ་ཕུགས་འབུམ་བཞི་དང་རྒྱུད་བཞིའི་སྐོར་ལ་དཔྱད་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ།] [ཟླ་ཚེས། 10-07-07] [ཀློག་གྲངས། ]

      སྐབས་འདིར་གླེང་བར་བྱ་བ་ནི། ཞང་བོད་ཀྱི་ཁུལ་དུ་དར་བའི་གསོ་བ་རིག་པའི་གཞུང་ལུགས་ཕུགས་མ་འབུམ་བཞི་དང་། དེ་དང་འབྲེལ་བའི་རྒྱུད་བཞིའི་སྐོར་གྱི་དཔྱད་གཏམ་ཞིག་ཡིན། ད་ལྟའི་བོན་པོའི་བཀའ་འགྱུར་ནང་དུ་ཡོད་པའི་འབུམ་བཞི་འདི་ནི་བོན་`གྱི་ལོ་རྒྱུས་ཁག་དུ་མ་ཞིག་ལས། མི་ལོ་བརྒྱད་སྟོང་གི་ཡར་སྔོན་དུ་བོན་གྱི་སྟོན་པ་གཤེན་རབ་མི་བོས་བོན་ཐེག་པ་རིམ་དགུ་གསུངས་བའི་ནང་ཚན། ཕྱྭ་གཤེན་ཐེག་པའི་ཁུངས་སུ་གསུངས་པ། མོ། རྩིས། གཏོ། དཔྱད་བཞི་ཡི་ཡ་གྱལ། དཔྱད་ཅེས་པ་འདི་ཉིད་ལ་ངོས་བཛིན་གནང་སྲོལ་ཡོད་ཅིང་། སྐབས་དེར་གསུངས་པའི་དཔྱད་ཆེན་སྡེ་དགུའམ། མདོ་སྡེ་དགུ་ཡོད་པར་། རྩ་བ་ཐུགས་འབུམ་མཁའ་སྔོན་གྱི་སྤྱི་སྡོམ་གྱི་ལེའུ་བཤད་པའི་སྐབས་དང་། མཛད་མདོ་དྲི་མེད་གཟི་བརྗིད་སོགས་ཞལ་མཐུན་པར་གསུངས་པའི་མདོ་དགུ་བོ་ནི། ༡༽བདུད་རྩི་མུ་ཏྲ་གཞུང་ཆེན་གྱི་མདོ། ༢༽བདུད་རྩི་འཁོར་ལོ་ཆེན་མདོ། ༣༽བདུད་རྩི་བང་མཛོད་འབུམ་བཞི་མདོ། ༤༽བདུད་རྩི་ཡིད་བཞིན་ནོར་བུའི་མདོ། ༥༽བདུད་རྩི་གཟའ་ཀླུ་དགོས་ཆོས་མདོ། ༦༽བདུད་རྩི་དམར་བྱང་ཐུམ་བྱང་གི་མདོ། ༧༽བདུད་རྩི་ཤེལ་དཀར་མེ་ལོང་གི་མདོ། ༨༽བདུད་རྩི་དཔག་བསམ་ལྗོན་ཤིང་གི་མདོ། ༩༽བདུད་རྩི་གདན་ངག་འཕྲུལ་གྱི་མདོ་དང་དགུ་ཡོད་པར་བཤད་ཀྱང་། ད་ལྟའི་ཆར་མཇལ་ཡུལ་དུ་གྱུར་བ། བདུད་རྩི་སྨན་གྱི་མདོ་ནང་ཚན། གསོ་རིག་བདུད་རྩིའི་བང་མཛོད་འབུམ་བཞིའི་མདོ་དེ་ཉིད་མ་གཏོགས་གཞན་མདོ་སྡེ་རྣམས་ད་ལྟའི་དུས་འདིར་མཇལ་བའི་སྐལ་བར་མ་གྱུར་ཀྱང་། ཐུན་མིན་བདེན་དཔང་ལྟར་འབུམ་བཞི་འདི་ཉིད། རང་རེའི་ཞང་བོད་ཀྱི་ཁྲོད་དུ་ཡིད་བཞིན་ནོར་བུ་ལྟ་བུའི་གཟི་བརྗིད་དང་བཅས་ད་ལྟའི་དུས་རབས་ཉི་ཤུ་པའི་བར་དུ་རྡོ་ལ་ལག་བརྒྱུད་དང་ཆུ་ལ་ལམ་ཞུགས་ཀྱི་ཚུལ་དུ། གྲ་མ་ཞིག་ཅིང་གྲུ་མ་ཉམས་པར་གནས་ཡོད་ལ། མདོ་སྡེ་གཞན་རྣམས་དེ་ཙམ་གྱིས་གངས་ཅན་ལྗོངས་སུ་དར་ཁྱབ་ཏུ་ཕྱིན་མེད་པ་ཙམ་དུ་མ་ཟད། ཕྱིས་འགལ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་དེ་མེད་པར་གྱུར་མིན་ནམ་སྙམ་པས་དཔྱད། 
      དེ་ལྟར་བདུད་རྩི་བང་མཛོད་འབུམ་བཞིའི་མདོ་འདི་ནི་བོན་གྱི་མདོ་རྒྱུད་དང་བསྟན་འབྱུང་ཁག་ལས་བཤད་ཕྱོགས་ལྟར་ན། རྩོད་ལྡན་ཚེ་ལོ་བརྒྱ་པའི་སྟོན་པ་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བའི་སྐུ་ཡི་སྲས་བརྒྱད་ཀྱི་ནང་ཚན། གཉིས་པ་རྒྱལ་བུ་དཔྱད་བུ་ཁྲི་ཤེས་ནི། ཧོས་གཟའ་རྒྱལ་མེད་མའི་སྲས་ཡིན་ཞིང་ཁོང་གིས་སྤྱི་ལོ་སྔོན་གྱི་ལོ༣༧༡༣གྱི་དུས་སུ་བདུད་རྩི་སྨན་གྱི་འབུམ་སྡེ་དེ་དག་བསྡུས་བསྒྲིགས་གནང་སྟེ་བཤད་ཁྲིད་ལོ་མང་མཛད་ཅིང་། འཁོར་གྱི་དམ་པ་སློབ་བུ་སྟག་གཟིག་པ་དམུ་ཙ་ཏྲ་ཧེ་དང་ཁྲོམ་པའི་མཁས་པ་གསེར་ཐོག་ལྕེ་འབྱམས་གཉིས་ལ་བརྒྱུད་པ་མ་ཟད། འདི་སྐབས་ཨ་མ་ར་ཡའི་བདུད་རྩི་ཕུམ་བུམ་དགུ་ཡི་བརྒྱུད་རིམ་དང་ཕན་ཚུན་རྒྱུ་མཚན་དུ་མ་དང་བཅས་འབྲེལ་བ་ཤིན་ཏུ་ཆེ་སྟབས། འདིར་ཅུང་ཟད་བཀོད་པ་ལ་ནམ་མཁའ་སྣང་བ་མདོག་ཅན་ལ་བརྒྱུད་རིམ་བཞིན་མོན་བོན་སྟག་ཟ་ལི་ཝེར། ཞང་ཞུང་ཨ་ནུ་འཕྲག་ཐག ཞང་ཞུང་པ་སད་ན་གའུ། ཞང་ཞུང་ཁྱུང་ལྷ་དགྲ་འདུལ། ཞང་ཞུང་ལྷ་རི་དཀར་པོ། ཞང་ཞུང་པ་ལ་དཀར་ཆེན་མོ། ཞང་ཞུང་ལི་མུར་ཁོད་སྟང་། ཞང་ཞུང་དམུ་ཚ། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་ལྡེ་ཡི་མཁས་པ་གྱིམ་ཚ་རྨ་ཆུང་གཉིས་ཀྱིས་ཞང་ཞུང་སྒོ་བའི་ཡུལ་བྱེ་མ་གཡུང་དྲུང་གི་གནས་དེར་ཞང་སྐད་དུ་བསྒྱུར་བ་ཡིན་ཏེ། ཞང་ཞུང་སྒོ་བ་ནས་བོད་དུ་བསྒྱུར་བའི་ལོ་ཙཱ་བ་ཡིན་པ་ནི་རྒྱུད་དུ་མ་ལས་གསལ་བ་མ་ཟད། འབུམ་བཞི་དང་མདོ་དགུའི་བརྒྱུད་རིམ་འདི་མཁས་པ་སྟོང་རྒྱུང་ལ་ཐུག་པ་གཞུང་ལས་གསལ་བར་སྣང་བས། དེའི་བར་གྱི་སྔ་དར་སྐབས་ཀྱི་བརྒྱུད་རིམ་ཡིན། གཞན་ཡང་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་དུས་སུ་བོད་ལ་གསོ་བ་རིག་པ་འཛིན་པའི་སྐྱེས་བུ་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་ཚན་ཕན་ཤེས་སྨན་དཔྱད་ཀྱི་བོན་ཞེས་བྱ་བ་ནི། བྲོ་ནད་གསོ་བ་ཚེ་ཡི་བར་ཆད་སེལ། ཅེས་འཁོད་པ་མ་ཟད་སྟོན་པ་བོན་དུ་ཕེབས་སྐབས་རྒྱུ་ཡི་བོན་བཞི་དར་བར་གསུངས་ཤིང་། དེས་ན་གོང་གི་འབུམ་བཞི་འདི་ནི་རྒྱལ་ པོ་གཉའ་ཁྲི་བཙན་པོའི་དུས་ནས་ཡོད་ཀྱང་། སྐབས་དེར་བོད་ཡོངས་ལ་དར་ཁྱབ་ཏུ་ཕྱིན་ཡོད་མིན་ལ་ད་དུང་དཔྱད་བྱར་གནས།
      དེ་ལྟ་བུའི་གསོ་བ་རིག་པའི་བོན་སྡེ་ད་ལྟ་མཐོང་ཡུལ་ཏུ་གྱུར་བའི་ཞང་བོད་ཀྱི་ཉིང་བཅུད་འདི་ལ་གཞན་ལས་ཁྱད་པར་འཕགས་པ་དཔེར་ན་ཕྱི་དབང་པོའི་ཁམས་ལ་བརྟགས་ནས་ནད་ངོས་བཟུང་བ། ནང་འཕར་བའི་རྩ་ལ་བརྟགས་ནས་ནད་ངོས་བཟུང་བ། གསང་བའི་དྲི་ཆུ་ལ་བརྟགས་ཏེ་ནད་ངོས་བཟུང་བ། ཡང་གསང་མན་ངག་རིག་པ་རྟགས་ལ་བརྟེན་ནས་ནད་ངོས་བཟུང་བ་བཅས་ཀྱི་སྒོ་ནས། ནང་དོན་སྣོད་ཀྱི་འཁྲུག་རྐྱེན་དང་སྐྲན་རིགས་ཀྱི་ཁྱད་པར་དུ་བུད་མེད་ལ་ཕྲུ་གུ་ཡོད་མིན། དེ་དག་གི་ཕོ་མོའི་དབྱེ་བ། སྤྱིར་མི་ཚེའི་བདེ་སྡུག་ངོ་མཚར་རྩ་ལ་བརྟགས་པ། གདོན་དང་འཁྲུག་རྐྱེན་གནོད་པ་ལ་བརྟགས་ཐབས་རྫས་དང་འཕྲུལ་ཆས་ལ་བརྟེན་མི་དགོས་པར་གསལ་བར་རྟོགས་ནུས་པའི་ཁྱད་བོན་ཡོད་པ་མ་ཟད། གསེར་གྱི་ཐུར་མར་བརྟེན་ནས་མིག་དབྱེ་ཐུབ་པ་དང་། གཏར་ཁ། མེ་བཙའ་སོགས་ཀྱིས་ནད་གཞི་སེལ་ནུས་པའི་མན་ངག་ལྡན་ཞིང་། སྔགས་དང་དཔྱད་ལ་བརྟེན་ནས་གདོན་རིགས་སེལ་བའི་ཐབས་བཅས་ཐུན་མིན་སྨན་དང་། དཔྱད་གཉིས་ཏེ། སྨན་ལ། ཐང་སྨན། ཕྱེ་མ། རིལ་བུ། ལྡེ་གུ་དང་བཞི། དཔྱད་ལ་གཏར་ཁ། བྱུག་པ། མེ་བཙའ། འབུག་པ་དང་བཞི་ཡི་འགྲོ་བའི་ཟུག་རྔུའི་གདུང་བ་སེལ་བའི་ཐབས་རྣམས་ཡོད་པ་ཡིན། དེ་ལྟ་བུའི་གསོ་བ་རིག་པ་ནི། འགྲོ་བའི་དགོས་མཁོ་དང་འཚམ་པའི་གང་ལ་གང་དགོས་ཀྱི་དུས་ཐོག་ཏུ་གནད་ལ་ཁེལ་བའི་སྡུག་བསྔལ་སེལ་བའི་གཉེན་པོ་ཞིག་ལགས།
       སྤྱིར་བོན་བསྟན་འདི་དག་སྤྱི་ལོའི་སྔོན་གྱི་དུས་རབས་བདུན་པའི་སྐབས་རྒྱལ་བོ་གྲི་གུམ་བཙན་པོའི་དུས་སུ་ལན་གཅིག་ནུབ་པར་མངོན་ཀྱང་མདོ་སྡེ་འདི་དག་སྐབས་དེར་ཞང་ཞུང་གི་ཁུལ་དུ་མ་ནུབ་པར་མ་ཟད། བོད་དབུས་རང་ལ་ཡང་ལྷ་བོན་སྒོ་བཞི་དང་། ཕྱྭ་གཤེན་གྱི་བོན་སྡེ་དང་སྣང་གཤེན་གྱི་བོན་སྡེ་ཕྱེད་བཅས་རྒྱལ་པོའི་སྲིད་སྐྱོང་དུ་བཞག་པར་མངོན། བོན་སྡེ་འདི་དག་ནི་ཕྱྭ་གཤེན་གྱི་ཁོངས་སུ་གཏོགས་པས། བོད་རང་ལ་ཡང་སྐབས་དེར་ཡོད་པར་སེམས། རྒྱལ་པོ་རིམ་བྱོན་ནས་བཟུང་བོད་ལ་དར་ཁྱབ་ཏུ་ཕྱིན་པའི་གསོ་རིག་ཕུགས་མ་འབུམ་བཞི་འདི་ནི། སྤྱི་ལོའི་དུས་རབས་བརྒྱད་པའི་དུས། བོད་རྒྱལ་སོ་གཉིས་པ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་གཏེར་དུ་སྦས་པར་མངོན་ཏེ། ཡང་རྩེའི་འགྲེལ་ལས། བླ་ཆེན་དྲན་པ་ནམ་མཁའ་དང་། སྙ་ཡི་ཤུ་སྟག་རིང་བཞུགས་པའི་དུས། མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ཚེའི་སྨད་ལ་ནུབ་ཅེས་དང་། སྣུབ་དགོས་པའི་རྒྱུ་རྐྱེན་མང་དག་ཅིག་བཤད་ཡོད་ནའང་མདོར་ན། གསལ་སྒྲོན་ལས། རྗེ་སྒྱུར་ཁ་ཡང་། བློན་ཕྲ་མ་མཁས་འབངས་གསར་འགྲོགས་ཆེ། བོན་པོ་ཁོང་ཡངས་པ་བཅས་བརྟེན་ནས། བཙན་པོ་ལ་ཕྲ་མ་ཡང་ཡང་བཅུགས་པས། གཡུང་དྲུང་བོན་འདི་ཐེངས་གཅིག་བསྣུབས་སོ་ཞེས་བོད་རྗེ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ཚེའི་སྨད་དགུང་ལོ༣༣ཐོག སྤྱི་ལོ་༧༩༩སྐབས་སུ་བོན་བསྟན་བསྣུབ་འགོ་བརྩམས་ཏེ། ཞང་བོད་གཉིས་ཀའི་ཁུལ་དུ་ནུབ་པར་མངོན་ཏེ། གསལ་སྒྲོན་ལས། བོད་ལ་ནུབ་ཕྱོགས་དང་ཞང་ཞུང་ལ་ནུབ་ལུགས་གཉིས་སུ་གསུངས་ཤིང་། རང་རེའི་ཞང་བོད་ཀྱི་ཁུལ་དུ་རྩ་ཉམས་སུ་འགྲོ་བའི་རྒྱུ་རུ་ཉེ་སྐབས། མཐུ་བོ་ཆེ་མི་དགུ་དང་། བླ་ཆེན་དྲན་པ་ནམ་མཁའི་སོགས་ཀྱིས་གླང་ལོའི་དཔྱིད་ར་ཟླ་བའི་གདུགས་ལ་བོན་རྣམས་སྡེ་ཚན་སོ་སོར་ཕྱེས་ཏེ། གཏེར་གྱི་རྒྱལ་བོ་བཞི་དང་། བློན་སུམ་ཅུ་རྩ་བདུན་སྦས་པ་བསྒྲགས་བྱང་ལས་གསལ་བ་བཞིན། གཏེར་གནས་ཆེན་པོ་བཞི་ནི། ལེགས་བཤད་མཛོད་ལས། ༡༽བསམ་ཡས་མཆོད་རྟེན་ནག་པོ། ༢༽མཆིམ་གྱི་གད་པ་སྟག་འབྲིང་། ༣༽ར་ས་འཕྲུལ་སྣང་། ༤༽གཙང་སྟོད་བྱེ་མ་གཡུང་དྲུང་དང་བཞིའོ།། གོང་གསལ་གསོ་བ་རིག་པའི་མདོ་སྡེ་སྨན་འབུམ་འདི་དག་ནི། གཙང་སྟོད་བྱེ་མ་གཡུང་དྲུང་གི་གསང་ཕུག་ཏུ་སྦས་པར་མངོན་ཏེ། ཐུགས་འབུམ་མཁའ་སྔོན་གྱི་མཇུག་གི་བརྒྱུད་རིམ་ལས། ཕྱིས་བན་དྷེ་མི་བདུན་གྱིས་དཔེ་ཆ་མེ་བསྲེག་གྲབ་བྱས་པའི་སྐབས་སུ། བོན་པོ་མི་བདུན་གྱིས་ཁྱེར་ནས་གཙང་སྟོད་བྱེ་མ་གཡུང་དྲུང་གི་ས་གནས་སུ་སྦས་དང་། ཞེས་དང་། ཨ་མ་ར་ཡའི་གཞུང་ལས། བདུད་རྩི་སྨན་གྱི་ཕུམ་བུམ་འདི་ནི་གུ་བསྐྱེད་དཔལ་གྱི་གཡུང་དྲུང་གིས་གཏེར་བདག་ཡེ་ཤེས་དབལ་མོ་ལ་གཉེར་དུ་བཅོལ་ནས། སྣ་རུ་བྲག་གནམ་སྐས་ཅན་ལ་སྦས་ཞེས་གོང་གི་གུ་བསྐྱེད་དཔལ་གྱི་གཡུང་དྲུང་ཞེས་པ་ནི། སྨན་འབུམ་སྐབས་ཀྱི་བོན་པོ་མི་བདུན་གྱི་ནང་ཚན་ཞིག་མིན་ནམ་སྙམ་སྟེ་དཔྱད། གང་ལྟར་སྐབས་དེར་བཙན་པོའི་བཀའ་བཞིན་བོན་དཔེ་ལ་ལ་ཆུར་བསྐུར། ལ་ལ་མེར་བསྲེགས་པའི་ལོ་རྒྱུས་རྣམས་ལ་གསལ་བ་བཞིན་སྨན་དཔེ་འདི་ཉིད་བར་དེར་སྟབས་ཡག་པ་ཞིག་ལ། གཏེར་དུ་སྦས་རྒྱུའི་སྐལ་བ་བྱུང་བ་མ་གཏོགས་སྨན་གྱི་མདོ་གཞན་རྣམས་དེང་སང་མིང་ཙམ་ལས་མ་ལྷག་པའི་རྒྱུ་མཚན་ལ་བསམ་ན། གསོ་རིག་གི་འབུམ་སྡེ་འདི་ནི་ད་ལྟའི་དུས་རབས་འདིར་སྐུ་འཚོ་བཞེས་སུ་བཞུགས་པ་ནི་ཆེས་ལོ་རྒྱུས་ཀྱི་བདེན་དཔང་མིན་ནམ་སྙམ།
      གོང་གི་གཏེར་གནས་བཞི་པོའི་ནང་ཚན། གཙང་སྟོད་བྱེ་མ་གཡུང་དྲུང་གི་གསང་ཕུག་ཅེས་པའི་གནས་དེ་ནི་ཆུ་བོ་བཞི་ཡི་ནང་ཚན་རྟ་མཆོག་ཁ་འབབ་གྱི་འགོ་སྐྲག་ལ་ཞེས་པའི་རྒྱབ་ཏུ་བྱེ་མ་དཀར་པོའི་གཡུང་དྲུང་གི་གཟུགས་རིས་གསལ་བོར་མཐོང་ཞིང་། བྱེ་མ་དེའང་གཞན་དང་མི་འདྲ་བར་ཁ་ནང་ལ་བཞག་པ་ཙམ་གྱིས་ཆུ་རུ་འགྲོ་བ་ཞིག་ཡོད། གནས་དེ་ནི་བོན་སྡེ་རྣམས་མཁས་པ་བཞིས་ཞང་ཞུང་གི་སྐད་ནས་བོད་སྐད་དུ་བསྒྱུར་བའི་གནས་ཁྱད་པར་ཅན་ཞིག་ཡིན་པ་མ་ཟད། སྟོན་པ་བོད་ལ་ཕེབས་པའི་སྐབས་ཀྱི་ཞབས་ཀྱི་རྗེས་ཀྱང་ཡོད་པ་ད་ལྟ་མངོན་རྒྱུ་ཡོད། སྐབས་འདིར་བྱེ་མ་གཡུང་དྲུང་གི་གསང་ཕུག་ཅེས་པ་འདི་ནི། གནས་དེའི་ནུབ་ཕྱོགས་སུ་བྲག་ཕུག་ཟང་ཐལ་གནམ་སྐས་ཅན་ཞིག་ཡོད་པ་དེ་ཡིན་པར་མངོན་ལ། ཁ་གཅིག་གིས་སྣ་རུ་བྲག་གནམ་སྐས་ཅན་ཞེས་དང་། འགའ་ཡིས་གཙང་སྟོད་རྡོ་རྗེའི་བྲག་ཀྱང་ཟེར་གང་ལྟར་གོང་གི་ཨ་མ་ར་ཡའི་བདུད་རྩི་ཕུམ་བུམ་དང་སྨན་གྱི་འབུམ་བཞི་འདི་གཉིས་ཀྱི་གཏེར་གནས་འདི་ཡིན་པ་ནི་དངོས་དོན་ལས་མ་འདས།
      དེ་ཡང་གཏེར་དུ་བཞེས་པ་པོ་ནི། གཞུང་འགར་བུ་འཚོ་སྲིད་པའི་རྒྱལ་པོའམ་འགའ་ཞིག་ལས་ཁུ་འཇུ་སྲིད་པའི་རྒྱལ་པོ་ཞེས་པའམ། གཙང་གི་གཤེན་པོ་བུ་འཚོ་སྲིད་པའི་རྒྱལ་པོ་ཞེས་མཚན་གྱི་འགོར་ཅུང་ཟད་འདྲ་མིན་ཞིག་འདུག་ཀྱང་། དེ་ཡང་དཔེར་ན་མི་འགར་རུས་དང་འབྲེལ་བའི་ཆ་ནས་རྒོ་པ་བསོད་ནམས་ཞེས་པ་དང་། ཡུལ་དང་འབྲེལ་བའི་ཆ་ནས་སྡེ་དགེ་བསོད་ནམས་ཞེས་པ་ལྟ་བུ་ལས་དོན་དུ་བསོད་ནམས་ཁོ་ནར་ངེས་པ་བཞིན་སྲིད་པའི་རྒྱལ་པོ་ཁོ་ནར་ངེས་པར་སེམས། གོང་གི་ཨ་མ་ར་ཡའི་གཞུང་ལས། ཕྱིས་དུས་ལ་བབ་ཙ་ན་ཁུ་འཇུ་སྲིད་པའི་རྒྱལ་པོས་སྣ་རུ་བྲག་གནམ་སྐས་ཅན་ནས་སྤྱན་དྲངས་ཞེས་པ་དང་། དཀར་ཆག་ཉི་མ་འབུམ་གསལ་ལས། བུ་འཚོ་སྲིད་པའི་རྒྱལ་བོས་གཙང་སྟོད་རྡོ་རྗེ་བྲག་ཕུག་ནས་རིམ་ཆེན་བུམ་པ་དགུ་གཏེར་ཐོན་དེ་ལས་བདུད་རྩི་སྨན་གྱི་རྒྱུད་དགུ་བྱུང་ཞེས་པས། ཨ་མ་ར་ཡའི་བདུད་རྩི་ཕུམ་བུམ་དགུ་དང་བདུད་རྩི་སྨན་གྱི་འབུམ་བཞིའི་གནས་གཅིག་ཏུ་ངེས་པ་མ་ཟད། དེས་ན་བུ་འཚོ་སྲིད་པའི་རྒྱལ་བོའམ། གཙང་གི་གཤེན་པོ་བུ་འཚོ་སྲིད་པའི་རྒྱལ་བོས་སྤྱི་ལོའི་དུས་རབས་བཅུ་གཅིག་གི་སྟོད་དུ་སྨན་དཔེ་འབུམ་བཞི་འདི་དང་བདུད་རྩི་ཨ་མ་ར་ཡའི་ཕུམ་བུམ་དགུ་དང་བཅས་པ་གཏེར་ནས་གདན་དྲངས་ཏེ། རིམ་བཞིན་ཞང་བོད་ཀྱི་ཁྲོད་དུ་དར་བ་མ་ཟད། སྤྱིར་འབུམ་བཞི་ལ་གཏེར་མི་འདྲ་བ་གཉིས་ཏེ་གཏེར་སྟོན་ཁུ་ཚའི་གཏེར་མ་གཅིག་དང་། བུ་འཚོའི་གཏེར་མ་གཉིས་སུ་ཡོད་ཀྱང་། ད་ལྟ་རང་རེའི་ཞང་བོད་ཀྱི་ཁུལ་དུ་བཞུགས་པའི་འབུམ་འདི་ནི། བུ་འཚོའི་གཏེར་མ་རུ་ངེས། ཐུགས་འབུམ་མཁའ་སྔོན་གྱི་མཇུག་ཏུ། གཙང་གི་གཤེན་པོ་བུ་འཚོ་སྲིད་པའི་རྒྱལ་པོས་གཏེར་ཞལ་ཞེས་པ་དང་། ལེགས་བཤད་རིན་པོ་ཆེ་གཏེར་མཛོད་དང་། དཀར་ཆག་ཉི་འོད་དང་ཞལ་མཐུན་དུ་གྲུབ་ལ། གསོ་བྱའི་ནད་འབུམ་ནག་པོ་དང་སྨན་འབུམ་དཀར་པོ་གཉིས་ཀྱི་མཇུག་གི་བརྒྱུད་རིམ་ཟུར་ཙམ་སྣང་བ་འདི་ནི། ལོ་ཆེན་བེེ་རོས་བསྒྱུར་ཟིན་པའི་རྒྱུད་བཞིའི་ལོ་རྒྱུས་དང་། ཕན་ཚུན་འདྲེས་པ་ཙམ་ལས་འབུམ་བཞིའི་ལོ་རྒྱུས་སམ་བརྒྱུད་རིམ་དངོས་སུ་ངེས་པར་གཤམ་དུ་གསལ་བཤད་ཞོར་དུ་བྱུང་བ་བཅས་ཐུན་མིན་བོད་ཀྱི་གསོ་བ་རིག་པའི་བོན་སྡེ། གསོ་རིག་མདོ་དགུའི་ནང་ཚན། བདུད་རྩི་བང་མཛོད་འབུམ་བཞིའི་མདོ་ཞེས་གཙང་གི་གཤེན་པོ་བུ་འཚོ་སྲིད་པའི་རྒྱལ་པོས་གཏེར་དུ་བཞེས་པ་འདི་དང་། དཔལ་ལྡན་རྒྱུད་བཞི་འདི་གཉིས་ཀྱི་མཐུན་ཕྱོགས་དང་། མི་མཐུན་ཕྱོགས་ལ་ཅུང་ཟད་མཚན་གཞི་ཙམ་ཞིག་བཞེས་ན། ཐོག་མར་འབུམ་བཞིའི་ཐོག་མ། རྩ་བ་ཐུགས་འབུམ་ནམ་མཁའ་སྔོན་པོ་དང་རྒྱུད་བཞིའི་ཐོག་མ་མན་ངག་རྩ་བའི་རྒྱུད་གཉིས། རྩ་བ་ཐུགས་འབུམ་མཁའ་སྔོན་གྱི་དབུར་ཞང་ཞུང་གི་སྐད་རྣམས་རྩ་རྒྱུད་ལས་རྒྱ་གར་སྐད་དུ་བསྒྱུར་འདུག་ལ། ལེའུ་དང་པོའི་མཆོད་བརྗོད་སྐབས། ཐུགས་རྗེ་འགྲོ་བའི་དོན་མཛད་གཤེན་རབ་མཆོག ཅེས་པ་དང་། ཐུགས་རྗེ་འགྲོ་བའི་དོན་མཛད་བཅོམ་ལྡན་འདས། ས་པ་ཙམ་ལས་གཞན་ཚིག་རྐང་གསུམ་པོ་རྣམས་གཅིག་མཚུངས་སུ་སྣང་ལ། གནས་ཕུན་སུམ་ཚོགས་པ་སྟག་གཟིག་འོལ་མོ་ལུང་རིང་ཞེས་པའི་འོལ་གླིང་གི་བཀོད་པ་རྣམས་མི་འདུག་ཀྱང་། ཕྱོགས་ཀྱི་སྨན་གྱི་ནགས་ཚལ་རྣམས་ཕན་ཚུན་གཅིག་མཚུངས་སུ་འདུག མཚན་ལ་སྟོན་པ་གཤེན་རབ་དང་། བཅོམ་ལྡན་འདས་ཞེས་པ་ཙམ་ལས་ཁྱད་པར་འགའ་མི་སྣང་ཞིང་གཞུང་གི་བསྟན་དོན་རྣམས་ཕན་ཚུན་འདྲ་བར་འདུག ཐུགས་འབུམ་གྱི་ལེའུ་བདུན་པ་འབུམ་བཞིའི་ཆེ་བ་དང་ཡོན་ཏན་བརྗོད་པའི་སྐབས་འདི་རྩ་རྒྱུད་ལ་མི་འདུག་པས་རྩ་རྒྱུད་ལ་ལེའུ་དྲུག་དང་། འབུམ་བཞི་ལ་ལེའུ་བདུན་ཡོད་པས་ལེའུ་གཅིག་གི་ཁྱད་ཞུགས་པ་ཙམ་སྣང་།
      གསོ་བྱེད་སྨན་འབུམ་དཀར་པོའི་ལེའུ་སོ་གཉིས་པ་དང་། ཕྱི་མ་འཕྲིན་ལས་ཀྱི་རྒྱུད་ལེའུ་ཉེར་བདུན་པར་འདི་གཉིས། ལེའུ་དང་པོའི་སྐབས་ཀྱི་ཞུ་བ་པོའི་མཚན་དང་། ཞུ་ཡུལ་རྣམས་འབུམ་ལས་སྟོན་པ་གཤེན་རབ་དང་དྲང་སྲོང་དཔྱད་བུ་ཁྲི་ཤེས་དང་། སྟག་གཟིག་གི་ཡུལ་སྨན་གྱི་ནགས་ཚལ་ཞེས་པ་དང་། ཕྱི་རྒྱུད་ལས་བཅོམ་ལྡན་འདས་དང་དྲང་སྲོང་རིག་པའི་ཡེ་ཤེས་ཙམ་མ་གཏོགས་འདྲ་ལ། ལེའུ་གཉིས་པའི་སྐབས་གསོ་བྱེད་ཀྱི་གཉེན་པོའི་ཐབས་ལམ་ཟས་སྤྱོད་གཉིས་ཞེས་པ་དེ་མི་མཚུངས་ལ། གསོ་ཚུལ་དགུའི་རྣམས་གྲངས་མཚུངས་ཀྱང་མིང་རྣམས་ཅུང་མི་འདྲ། གསོ་བྱེད་གཉེན་པོ་རྒྱས་པར་བཤད་པའི་སྤྱི་དོན་ནམ་ཕྱི་མ་རྒྱུད་དུ་བཀོད་མི་འདུག ལེའུ་གཉིས་པར་རེག་པ་རྩ་ལ་བལྟ་བའི་སྐབས་ཀྱི་དུས་བཞི་ཁམས་ལྔའི་ཟླ་བའི་ཉ་སྐར་རྣམས་མི་འདྲ་བར། འདི་ནི་མདོ་དྲི་མེད་ཀྱི་དགོངས་དོན་ལྟར། དཔྱིད་ཟླ་ར་བ་ནི་ཟླ་བ་བཅུ་གཉིས་པར་ངོས་བཟུང་བ་གཞིར་བཞག་རེད་འདུག གཞན་བླ་རྩ་དང་། གདོན་ཆུ་བརྟག་ཐབས་རྣམས་ཐུན་མིན་གྱི་ཁྱད་པར་འབུམ་ལ་སྣང་། ལེའུ་ཉེར་གཅིག་པ་གཏར་ཁའི་སྐབས། བླ་གནས་བརྩི་བའི་ཚུལ་འདི་ནི་ཕྱི་མ་རྒྱུད་ལས་མི་གསལ། ལེའུ་ཉེར་བརྒྱད་སྐབས་མན་རྒྱུད་ལས་འགོ་ནད་སྲུང་བའི་སྔགས་དང་། གདོན་ནད་སྲུང་བའི་སྔགས་རྣམས་འདུག་ལ། སྨན་འབུམ་ལས་མི་གསལ་བ་ལས་གཞན་རྣམས་ཁ་གསལ་མི་གསལ་གྱི་ཁྱད་པར་ཙམ་ལས་གཞན་འདྲ། ལེའུ་གྲངས་ལ་འབུམ་བཞིའི་ལེའུ་ཉེར་བདུན་གཉེན་པོ་གཅིག་རྒྱུད་དང་། འབུམ་བཞིའི་ལེའུ་དང་པོ་གླེང་སློང་བའི་ལེའུ། ལེའུ་ཉེར་བརྒྱད་འགོགས་སྲུང་། ལེའུ་སུམ་ཅུ་པ་རྒྱུད་ཀྱི་ཆེ་བ་བརྗོད་པ། ལེའུ་སོ་གཉིས་པར་འཁོར་གྱི་གཙོ་བོ་བསྟོད་པའི་ལེའུ་བཅས་གྲངས་ལྔ་པོ་ཕྱི་མ་འཕྲིན་ལས་ཀྱི་རྒྱུད་དུ་མི་སྣང་བས། སྨན་འབུམ་དཀར་པོར་ལེའུ་སོ་གཉིས་དང་རྒྱུད་བཞིའི་ནང་ཕྱི་མ་འཕྲིན་ལས་རྒྱུད་ལ་ལེའུ་ཉེར་བདུན་ཡོད་པས་ལེའུ་ལྔ་ཡི་ཁྱད་ཞུགས་པའོ།།
      གསོ་ཐབས་དཔྱད་འབུམ་ཁྲ་བོ་ལེའུ་སོ་གཅིག་པ་དང་། བཤད་པ་སྐུ་ཡི་རྒྱུད་ལེའུ་སོ་གཅིག་པ་གཉིས་ནི། དཔྱད་འབུམ་གྱི་དབུར་ཞང་སྐད་དུ་འཚོ་ཅི་སྐྱེ་བྷ་ཤི་སྲི་ཞལ་བིན་ཅེས་བོད་སྐད་དུ་འཚོ་བྱེད་དཔྱད་འབུམ་ཁྲ་བོ་ཞེས་བྱ་བ་འདི་དང་། ཞུ་ལན་རྣམས་མི་འདྲ། གནས་རྣམས་ཀྱི་མཚན་མི་མཐུན། གཞུང་སྐབས་ཁ་གསལ་མིན་གྱི་ཁྱད་པར་ནི། བཤད་རྒྱུད་ལ་ཁྱད་བོན་ལྡན་ཞིང་ལེའུ་སོ་གཅིག་པའི་སྐབས་བྱ་བྱེད་སྨན་པའི་གནས་སྐབས། སྨན་བླའི་གཟུངས་རྣམས་དཔྱད་འབུམ་ཁྲ་བོ་ལས་ཞང་སྐད་ཁོ་ནར་ངེས་ལ། བཤད་རྒྱུད་ལ་ཡས་མར་དཀྲུག་ཅིང་སྔགས་རྣམས་རྒྱ་གར་སྐད་དུ་ཡིན་པ་ཙམ་ལས། གཞུང་འདི་གཉིས་ཁྱད་པར་དེ་ཙམ་མི་སྣང་བ་བོན་ཞེས་པའི་ཚབ་ཏུ་ཆོས་བཀོད་པ་ལྟ་བུ་རེད།
       གསོ་བྱའི་ནད་འབུམ་ནག་པོ་ལེའུ་དགུ་བཅུ་རྩ་བཞི་དང་། མན་ངག་ཡོན་ཏན་གྱི་རྒྱུད་ལེའུ་དགུ་བཅུ་རྩ་གཉིས་པ་འདི་གཉིས་ལ། གོང་གི་རྒྱུད་གཞན་དང་གཅིག་མཚུངས་ཀྱི་དབུའི་མཚན་དོན་དང་ཞུ་བ་པོ་དང་ཞུ་བའི་ཡུལ་གནས་བཅས་ཀྱི་མཚན་མི་འདྲ་བ་མ་ཟད། གསོ་བྱའི་འབུམ་ལེའུ་དང་པོའི་སྐབས་སུ་མདོ་གནས་སྐབས་གསུམ་གྱི་མན་ངག་གསུངས་ཞེས་པས། ༡༽རྩ་བ་ཟབ་པ་རྒྱས་པའི་མདོ། ༢༽སྡོང་བོ་གཉེན་པ་སྐྱེས་པའི་མདོ། ༣༽ཡན་ལག་རྒྱས་པར་བྱེད་པའི་མདོ་དང་གསུམ་གྱི་འབྲེལ་བ་རྣམས་མན་རྒྱུད་ལས་བསྡུས་ཚོམ་ཙམ་ལས་མི་གསལ། ལེའུ་སོ་དྲུག་སྐབས། གག་ལྷོག་འཇོམ་པའི་སྔགས་རྣམས་གཉིས་ཀར་ཞང་སྐད་དུ་གནས་ཀྱང་སྒོམ་རིམ་ཅུང་གསོ་བྱའི་འབུམ་ལས་རྒྱས་པར་འདུག ལེའུ་ཉེར་དགུའི་སྐབས་སུ་མིག་དབྱེ་བའི་ལག་ལེན་ཁྱད་པར་ཅན་འགའ་གསོ་བྱའི་འབུམ་ལས་གསལ་བ་ལས་མིག་ནད་ཀྱི་སྔགས་དང་སྦ་བའི་སྔགས་རྣམས་ཞང་སྐད་དུ་གཉིས་ཀར་མཚུངས། གསོ་བྱའི་ནད་འབུམ་ལེའུ་ཞེ་དྲུག་པ་མོ་ནད་གསོ་བ་བསྟན་ཞིང་། མན་རྒྱུད་ལས་ཡི་ག་འཆུས་པའི་ནད་གསོ་བའི་སྐོར་ཡིན་པ་མ་ཟད། འདི་ནས་བཟུང་། ཕན་ཚུན་ལེའུ་གོ་རིམ་མི་མཚུངས་པར་སྣང་། ཡི་ག་འཆུས་པའི་ནད་གསོ་བའི་སྐབས་ཀྱི་སྔགས་རྣམས་ཅུང་མི་འདྲ། གཞན་གསོ་བྱའི་འབུམ་ལེའུ་ང་དགུ་དང་། ང་བདུན་སྐབས་ཀྱི་སྲིན་བཅོས་དང་ཆུ་འགགས་ནད་གསོ་བའི་སྐོར་གྱི་སྔགས་རྣམས་མཚུངས་པར་གནས། གསོ་བྱའི་ལེའུ་རེ་ལྔ་པ་བྱིས་པའི་ནད་གསོ་བའི་སྐོར་ལ་ཐུན་མིན་གྱི་བྱིས་པའི་སྐྱེས་ཚེས་ཟླ་དུས་ལ། ལྷ་གསོལ་གྱི་གཏང་རག་དང་། གླུད་གཏོང་གི་ཐབས་ཁྱད་པར་ཅན་འགའ་ནི། མན་རྒྱུད་ལས་གསལ་མི་འདུག གསོ་བྱའི་འབུམ་ལེའུ་བརྒྱད་ཅུ་རྩ་དྲུག་གི་གཟའ་བཅོས་ཀྱི་སྔགས་ཡོད་པ་རྣམས་ཞང་སྐད་དུ་སྣང་ལ། སྔགས་གསོ་བྱའི་འབུམ་ལས་ཡོད་པ་ཆ་ཚང་མན་རྒྱུད་ལ་མི་འདུག་པ་མ་ཟད། སྐབས་དེར་གཟའ་བཅོས་གཟའ་ནད་སྲུང་བའི་ཡིག་རྒོད་ཞང་ཞུང་སྨར་ཞིག་ཏུ་ཡོད་པ་རྣམས་མན་རྒྱུད་ལ་མི་འདུག གསོ་བྱའི་འབུམ་ལེའུ་གྱ་བདུན་སྐབས། ཞང་ཞུང་སྐད་དུ་ཙཾ་ཙཾ་ཛ་ལའམ། བོད་སྐད་དུ། གདུག་པ་ཀླུ་གདོན་གྱི་ནད་གསོ་བའི་སྐབས་ཀྱི་ཡི་གེ་འབྲུ་ལྔའི་སྔགས་ཞེས་པ་དེ་ཉིད། མན་རྒྱུད་དུ་མེད་པ་མ་ཟད། གསོ་བྱའི་འབུམ་གྱི་ལེའུ་གོ་གཅིག་སྐབས། བཅུད་ལེན་རྒས་པ་གསོ་བའི་སྐོར་གྱི་ཚེ་བཀྲག་བསྐྱེད་བྱེད་ཀྱི་སྔགས་རྣམས། ཞང་སྐད་དང་རྒྱ་གར་སྐད་གཉིས་ཀྱི་ཁྱད་པར་སྣང་སྟེ། དཔེ་མཚོན་ཙམ་ཞིག་བཀོད་ན། སྨན་འབུམ་ལས། ཨ་ཨཱོཾ་ཧཱུྃ། གཡུང་དྲུང་གི་ཚེ་ཡི་ཨ་སྨྲི་ཏ། བ་བཱ་དེ་ན་གུ་རེ་སི་ཏི་ཛ་ཛ། ཞེས་དང་། མན་རྒྱུད་ལས། ཨཱོཾ་བེེ་རོ་ཙ་ན་ཨཱོཾ། རདྣ་སམྦྷ་བ། ཨ་མི་ཏ་བྷ་སྲི་ཀརྨ་བཛྲ་ཡ། ཞེས་པ་ལྟ་བུའོ།། ལེའུ་གྲངས་ཅུང་མི་མཐུན་པ་འབུམ་བཞི་གསོ་བྱའི་འབུམ་ལས། ལེའུ་དང་པོ་ཀླད་ཀྱི་དོན་དང་། ལེའུ་དགུ་བཅུ་རྩ་བཞི་པ་གཉེར་གཏད་དང་། བསྟོད་པའི་ལེའུ་གཉིས་མན་རྒྱུད་ལ་མི་འདུག་པས། འབུམ་ལས་དགུ་བཅུ་རྩ་བཞི་དང་མན་རྒྱུད་ལ་ལེའུ་དགུ་བཅུ་རྩ་གཉིས་ཀྱི་ཁྱད་པར་བྱུང་བའོ།།
      ད་ལྟའི་རང་རེའི་མཇལ་ཡུལ་དུ་གྱུར་བཞིན་པའི་གསོ་བ་རིག་པའི་བོན་རྒྱུད་བཞི་པོ་འདི་ལ། དེ་སྔོན་ཞང་བོད་ཀྱི་ཁུལ་དུ་བཀའ་དང་། བཀའ་བརྟེན། གཏེར་མ་བཅས་འདོད་ཚུལ་མི་མཐུན་པ་འགའ་སྣང་སྟེ། དཔེར་ན་བེེཌཱུརྱ་སྔོན་པོ་ལས། སྟོན་པ་ཤཱཀྱ་ཐུབ་པས་སྨན་གྱི་ནགས་ཚལ་གྲོང་ཁྱེར་ལྟ་ན་སྡུག་ལ། གདན་སེང་གླང་རྟ་རྨ་བྱ་ལྷ་གོས་རིན་ཐང་ཡོད་པ་བཏིང་བའི་གདན་ལ། སྟོན་པ་བཅོམ་ལྡན་འདས་འཚོ་བྱེད་སྨན་ལྷའི་སྐུར་བཞེངས་ནས། བཀའ་འཁོར་དང་པོའི་ཁོངས་སུ་གསུངས་པར་འདོད་པ་མ་ཟད། སྡེ་བཞི་འཁོར་གྱིས་བསྐོར་བར་གནས་ཀྱང་། གཞུང་ལུགས་ཆེན་པོ་གསོ་རིག་འདི་ཉིད། གོ་བའི་གང་ཟག་ནི་སྡེ་བཞིའི་སྙིང་བོ་བསྡུས་པའི་ཚུལ་དུ་དྲང་སྲོང་ཡིད་ལས་སྐྱེས་ཁོ་ནས་གོ་ཞིང་། ཞེས་པ་དང་། གཞན་ཞུ་ལེན་སོགས་གཞུང་འདི་འགོ་འཛུགས་སྐབས། བཀའ་ལྟ་བུའི་ཕུན་ཚོགས་ལྔ་ལྡན་ངོས་འཛིན་གནང་གི་ཡོད་ཅིང་། དེའི་རྗེས་སུ་འཛིན་མཁན་དག་གིས་ཀྱང་། དངོས་དོན་གནས་མིན་ལ་མ་ལྟོས་པར། བཀའ་ཡིན་ཤག་ཤག་བྱེད་མཁན་ཡང་ཡོད།
      འགའ་ཞིག་གིས་བཀའ་ཡིན་ཡང་སློབ་དཔོན་པད་མས་རྒྱ་གར་ནས་བོད་དུ་གདན་དྲངས་པ་མ་ཟད། བསམ་ཡང་སུ་གཏེར་དུ་བཞུགས་ཤིང་། ཕྱིས་གྲྭ་མངོན་དབང་ཕྱུག་འབར་གྱིས་གཏེར་ནས་བཞེས་པར་ཡང་སྣང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གསོ་རིག་ཁོག་དབུབ་ལས། རྒྱུད་བཞི་གཞུང་མན་ངག་དང་བཅས་པ་བེེ་རོ་ཉིད་ལ་བབས་པས། མན་ངག་རྒྱལ་པོ་དང་བློན་པོ་གཉིས་ལ་ཕུལ། གདམ་ངག་ལྷད་མི་ཞུགས་པ་སོགས་དགོས་པ་ཁྱད་པར་ཅན་ལ་དགོངས་ཏེ། གཏེར་དུ་སྦས་པ་བརྩམས། ཞེས་དང་། ཡང་དེ་ཉིད་ལས། རྒྱལ་པོའི་བཀའ་བཞིན་བེེ་རོའི་མཁྱེན་དཔྱོད་ཀྱིས་གཞུང་ལུགས་མན་ངག་ཐམས་ཅད་ཀྱི་མཆོག་རབ་དང་ཕུལ་དུ་བྱུང་བའི་བདུད་རྩི་སྙིང་བོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་བཞི་ལེགས་པར་བསྒྱུར། ཞེས་པས། དེ་ལྟ་བུའི་སྒྱུར་གཞི་རྒྱ་གར་ལ་མེད་པ་མ་ཟད། གཞན་གང་དུའང་ཡོད་པར་མ་གསལ་ཞིང་། དེང་སང་ཡང་མཐོང་ཐོས་སུ་གྱུར་བ་མེད་པས། འདིའི་སྒྱུར་གཞི་ནི། ད་ལྟའི་གསོ་རིག་འབུམ་བཞི་འདི་ཉིད་ཁོ་ན་ངེས་པར་མིན་ནམ་སྙམ་སྟེ། པད་མ་བཀའ་ཐང་ལས། བེེ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར། ཞེས་དང་། བེེ་རོ་ཙ་ནས་སྨན་རྩིས་འདྲེས་མར་བསྒྱུར། ཞེས་པ་སོགས་ཀྱིས་བསྟན་དོན་མཚུངས་བར་སེམས། གསོ་རིག་ཁོག་དབུབ་ལས། སློབ་དཔོན་ཆེན་པོས། འཚོ་བའི་སྲོག་སྐྱོབ་བླ་ན་མེད། ཚིག་ཉུང་དོན་གྱི་ཡིད་བཞིན་ནོར་བུ་འདི། ད་ལྟ་སྤེལ་བའི་དུས་ལ་མ་བབ། འདོད་ལྷའི་ཞག་གསུམ་རིང་སྦས་པས། ལེགས་པར་སྲུང་ཤིག ཅེས་ཆོས་སྐྱོང་ཞང་བློན་རྡོ་རྗེ་བདུད་འདུལ་ལ་གཉེར་དུ་གཏད་དེ་བསམ་ཡས་དབུ་རྩེའི་ཀ་བའི་ནང་དུ་སྦས། ཞེས་སྐབས་དེར་བསྒྱུར་ཟིན་པའི་རྒྱུད་བཞི་འདི་ཉིད། གཏེར་དུ་སྦས་དགོས་པའི་རྒྱུ་མཚན་འགའ་མི་སྣང་ཡང་། འགའ་ཞིག་གིས་སྨན་པ་གཡུ་ཐོག་པ་རྒྱ་གར་དུ་ཕྱིན་པས། ཚུར་མ་ལོག་བར་དུ་གཏེར་དུ་སྦས་པར་བཤད་ཀྱང་། འདོད་ལྷའི་ཞག་གསུམ་ཞེས་པ་ནི་ཉུང་མཐའ་མིའི་ལོ་གསུམ་བརྒྱ་དགོས་པར་མཛོད་ལས་གསལ་བས་དེའི་ཐད་རྒྱུ་མཚན་ངེས་ཅན་ཞིག་ཡོད་པར་སེམས། དེ་ཉིད་ལས་ཕྱིས་དུས་ལ་བབ་ཙ་ན། བེེ་རོའི་ཡང་སྲིད་གྲྭ་མངོན་ཤེས་ཅན་ནམ་མཚན་དངོས་དབང་ཕྱུག་འབར་གྱིས་ཞང་བློན་རྡོ་རྗེ་བདུད་འདུལ་གྱིས་ལུང་བཞིན་རབ་བྱུང་དང་པོའི་ས་སྟག་ལོར་རྒྱུད་བཞི་པོར་གཏེར་ནས་བཏོན། ཞེས་པ་སོགས་འཁོད་ཅིང་། གྲྭ་མངོན་ཤེས་ཅན་འདི་ནི་སྤྱི་ལོ་༡༠༡༢ལོར་འཁྲུངས་པ་ཡིན་པར་བརྟེན་གང་གིས་སྨན་གྱི་རྒྱུད་བཞི་འདི་ཉིད། ལོ་ཆེན་བེེ་རོས་བསྒྱུར་ནས་སྨན་རྒྱལ་གཡུ་ཐོག་ཡོན་ཏན་མགོན་པོ་དང་བཞུགས་པའི་དུས་མཚུངས་སུ་བསྣན་འཕྲི་ཅུང་ཟད་བྱས་ནས་གཏེར་དུ་སྦས་ཏེ་ཕྱིས་དུས་བཅུ་གཅིག་པའི་དུས་སུ་གཏེར་ནས་བཏོན་པ་ཡིན་པ་ནི། འདོད་ལྷའི་ཞག་གསུམ་རིང་གཏེར་དུ་སྦས། ཞེས་པས་འདོད་ལྷའི་ཞག་རེ་མི་ལོ་བརྒྱ་རེར་རྩིས་པའི་མི་ལོ་སུམ་བརྒྱའི་མཚམས་ནས་ཟིན་པ་སོགས་ལུང་གོང་འོག་མཚུངས་པ་ཡིན། དེ་ཡང་། དག་པའི་སྨན་འབུམ་དཀར་པོ་དང་། གསོ་བྱའི་ནད་འབུམ་ནག་པོ་འདི་གཉིས་ཀྱི་མཇུག་ཏུ་རྟེན་འབྲེལ་འགྲིག་པའི་དུས་སུ་བསམ་ཡས་དབུ་རྩེ་ནས་བན་དྷེ་མི་གསུམ་གྱི་བཏོན། ཞེས་པའི་སྨན་རྒྱུད་དེ་ནི་ལོ་ཆེན་བེེ་རོས་བསྒྱུར་ཟིན་པའི་རྒྱུད་བཞིའི་མ་ཕྱི་འབུམ་བཞི་དང་། རྒྱུད་བཞི་གཉིས་ཀ་ཡོད་མེད་ལ་ད་དུང་དཔྱད་པར་སྣང་། ད་ལྟའི་བོད་གངས་ཅན་པའི་གསོ་བ་རིག་པའི་གཞུང་རྒྱུད་བཞི་འདི་ནི། རྒྱལ་བའི་བཀའ་ལ་བརྟེན་ནས་ཡས་མར་གྱི་ལེའུ་དང་བརྡ་རྙིང་རྣམས་དེང་དུས་ཀྱི་སྐད་གསར་དང་བསྟུན་ཏེ་ཕྱོགས་ཕན་སྨན་གཞུང་དག་གི་ལེགས་ཆ་བསྡུས་པའི་གཞུང་ཞིག་ཏུ་ངོས་འཛིན་གནང་བ་ལ་ཐེ་ཚོམ་མི་དགོས་པར་སེམས་ཏེ། དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ལས་རེག་པ་རྩ་དང་། མཐོང་བ་ཆུ་ལ་བརྟགས་པའི་ཐབས་འདི་ནི། གཞན་ན་མེད་པས་འཛམ་གླིང་ནས་མཆོག་ཏུ་གྱུར་བར་འདུག ཅེས་པའི་རྩ་མདོ་དང་ཆུ་མདོའི་གཞུང་གི་ཕུགས་འདི་ནི། ཞང་ཞུང་གི་ཡུལ་ནས་དར་བ་ཡིན་ཏེ། རྩ་སྦྲ་འཕྲུལ་གྱི་ལྡེའུ་གསེར་གྱི་བང་མཛོད་འདི་ལས། ངོ་མཚར་རྩ་ཡི་རྣམ་བཤད་འདི། རྒྱུད་ཚིག་ཤིན་ཏུ་བརླིང་ཞིང་ཟབ་པ་སྟེ། རྗེས་འཇུག་དོན་གཉེར་ཅན་གྱིས་རྟོགས་དཀའ་བར། མཐོང་ནས་མངའ་རིས་ཞང་ཞུང་སྨན་ལྗོངས་སུ། སྐྱེས་པའི་སྨན་པ་སངས་རྒྱས་མགོན་པོས་སྦྱར། ཞེས་གསལ་བ་ལ་གཞིགས་ན། རྩ་ཆུའི་སྒོ་ནས་ནད་ངོས་འཛིན་པའི་ལུགས་འདི་ནི་ཡུལ་གཞན་ལ་མེད་པའི་ཐུན་མིན་བོད་རང་ལ་ཡོད་པའི་ཤེས་རིག་ཞིག་ཡིན་པ་ངོས་འཛིན་གནང་གི་ཡོད་ན། དེ་འདྲའི་ཕུགས་དེ་འབུམ་བཞི་ལས་གཞན་མེད་དེ། སྟག་ཚང་ལོ་ཙཱ་བས། རྩ་ཆུའི་སྒོ་ནས་ནད་ངོས་འཛིན་པ་ནི། རྒྱ་གར་འཕགས་པའི་ཡུལ་དུ་བཤད་པ་མེད་ཅེས་གསུངས་པ་སོགས་ལ་གཞིགས་ན་དངོས་དོན་ར་འཕྲོད་རྒྱུ་ལ་ཉེ་བར་སེམས། ཟུར་མཁར་པས་རྒྱུད་བཞི་བཀའ་དང་བསྟན་བཅོས་རྣམ་འབྱེད་མུན་སེལ་ལས། གསང་བ་ལྟར་ན་མཁས་པ་གཡུ་ཐོག་པའི་གསུངས་ཡིན་པར་ངོས་འཛིན་གནང་ཡོད་ཅིང་། ཕྱི་ནང་གསང་བ་ཞེས་པའི་གསང་བ་ཞེས་པ་འདི་ནི། མཐར་ཐུག་གི་གནད་དུ་ངོས་འཛིན་གནང་སྲོལ་ཡོད། དེས་ན་དཔལ་ལྡན་རྒྱུད་བཞི་འདི་ནི། རྩ་བའི་ཆ་ནས་ལོ་ཆེན་བེེ་རོས་བསྒྱུར་བའི་བཀའ་བརྟེན་ཞིག་ཏུ་སེམས་ལ། ཡས་མར་གྱི་ལེའུ་དང་། ཕྱོགས་ཕན་གྱི་ལེགས་ཅན་འདི་ནི། རང་རེའི་བོད་གངས་ཅན་པའི་ཤེས་རིག་གྱི་མ་མ། ལོ་རྒྱུས་ཀྱི་དཔང་པོ་ལྟ་བུ་ཡིན་པ་ནི་གདོན་མི་ཟ། རྩ་བའི་ཆ་ནས་རྒྱུད་འདི་ཡི་བསྒྱུར་གཞི་ནི་བོན་བཀའ་འགྱུར་ཁོངས་སུ་བཞུགས་པའི་འབུམ་བཞི་འདི་ལས་མ་འདས་པར་མངོན་སྟེ། ཟུར་མཁར་པས་མཛད་པའི་ཤེས་བྱའི་ཁོག་དབུབ་ལས། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ། གསོ་རིག་དབུ་བརྙེས་པ་ཟེར་བ་མ་ཡིན་ཏེ། དེའི་སྔོན་བོན་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད་པའོ།། ཞེས་གསུངས་ཡོད།

       གཞན་ད་ལྟའི་དཔལ་ལྡན་རྒྱུད་བཞི་འདི་ཡི་ནང་ལ་ཞང་ཞུང་གི་སྐད་རང་སོར་བཞག་པ་མང་སྟེ། མཚན་གཞི་ཙམ་དཔེར་ན། སུརྱའི་ནད་ཅེས་པ་དང་། རྩི་ཛ་ལའི་ནད། གཞན་སྨན་ལ་གྷན་དྷ་པ་ཏྲ། ཅུར་ནིས་ཏྲེས་སམ། སླེ་ཏྲེ། ད་ཏྲིག དར་ཡ་ཀན། ཨ་རུ་ར་ལྟ་བུ་མང་པོར་བཀོད་ཡོད་ལ། བསྟན་འབྱུང་ཀེ་ཏ་ཀ་ལས། བེེ་རོ་ཙ་ནས་སྨན་འབུམ་དཀར་ནག་ཁྲ་གསུམ་བཅོས་ཏེ་རྒྱུད་བཞིར་བསྒྱུར། ཞེས་གསུངས་འདུག གང་ལྟར་རྩ་བའི་ཆ་ནས་སྨན་འབུམ་བཞི་དང་། རྒྱུད་བཞི་འདི་གཉིས་ལ་ཞིབ་ཆ་ལེགས་པར་བགྱིས་ན། རང་རེའི་བོད་རང་ལ་ཡོད་པའི་ཤེས་རིག་ཞིག་ཏུ་ངེས་པ་རྙེད་རྒྱུད་ཡིན་པ་མ་ཟད། དངོས་དོན་གནད་ལ་ཕེར་བའི་དཔྱད་པ་འབྱུང་ངེས་ལགས་ན། ད་ལན་ཕྲན་གྱིས་མཁས་དབང་རྣམས་ཀྱི་མདུན་སྟེགས་སུ་མ་འོངས་གྲོས་འདེབས་ཙམ་གྱི་དཔྱད་རྩོམ་འདི་ཕུལ་བ་ལས། མཐའ་དོན་དཔྱད་པ་རྫོགས་པའི་གཏམ་དུ་མ་ལགས་པས། དེའི་ཐད་ཐུགས་སྣང་ཟབ་རྒྱས་གནང་རྒྱུའི་རེ་བསྐུལ་དང་ཆབས་ཅིག དམུ་ཁྲི་བཙད་པོ། ཞང་བོད་རིག་གཞུང་ཞིབ་འཇུག་ཁང་ནས་ཕུལ།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག