ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> བརྒལ་བརྟག >> གྱེར་ནག་ཚང་གི་གོད་ཆག་ལས་འཕྲོས་པའི་གསལ་གདབ་རིག་པའི་མེ་ཆར།
གྱེར་ནག་ཚང་གི་གོད་ཆག་ལས་འཕྲོས་པའི་གསལ་གདབ་རིག་པའི་མེ་ཆར།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྲི་གཡུང་དྲུང༌།] [ཟླ་ཚེས། 10-08-22] [ཀློག་གྲངས། ]

      སྤྱིར་གཡུང་དྲུང་བོན་གྱི་བསྟན་པ་འདི་ལ་ཕན་སུས་ཐོགས་དང་གནོད་སུས་བསྐྱལ་བ་ནི་ང་ཅག་བོན་འབངས་རྣམས་ཀྱིས་ངེས་པར་དུ་མཁྱེན་དགོས་པའི་གནས་ལུགས་གལ་ཆེན་ཞིག་ཏུ་མཐོང་སྟེ། དེ་ཡང་༼ཇ་ལ་ཇ་ལན་དང་ཆང་ལ་ཆང་ལན་༽ཞེས་པའི་དཔེ་བཞིན། ང་ཚོས་ངན་ལ་ངན་ལན་དང༌། རྒོལ་ལན་སློག་ཐུབ་ཀྱིན་མེད་ལ་སློག་སྟབས་ཀྱང་བདེ་བོ་ཞིག་མེད་ན་ཡང༌། བཟང་ངན་གྱི་ཁྱད་པར་མཁྱེན་དགོས་པ་དེ་ཧ་ཅང་གལ་ཆེན་ཞིག་ཏུ་མཐོང་སྟེ། ཁོ་བོས་འདིར་རང་རེའི་བོན་བསྟན་འདི་ལ་གནོད་སུས་བསྐྱལ་རབས་དང་ཕན་སུས་ཐོག་རབས། ངེས་དོན་རིས་མེད་ཀྱི་བསྟན་པ་འཛིན་མཁན་སུ་ཡིན་སྐོར་ལ་གང་ཐུབ་ཙམ་ཞུས་ན་བསམ།
      དང་པོ། གྲི་གུམ་རྒྱལ་བློན་དང༌། བར་དུ་མཁན་སློབ་ཆོས་གསུམ། མཐའ་མ་རིག་གནས་གསར་བརྗེ་བཅས་རེད། ཁྱད་པར་དུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་དྲག་ཐབས་ལ་བརྟེན་ནས་བོན་པོ་དུ་མའི་མགོ་བོ་གཏུབ་པ་དང༌། མིག་བྲུས་པ། བསྒྱུར་དུ་མི་ཉེན་པའི་བོན་གཞུང་དུ་མ་བན་དེ་རུ་བསྒྱུར་པ་སོགས་ཀྱི་ལོ་རྒྱུས་གསལ་པོ་རེད། དེ་མིན་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོན་པོ་མང་པོ་གསོན་བསྲེགས་བྱེད་པ། ཙོང་ཁ་པ་བློ་བཟང་གྲགས་པས་དབང་པོ་རི་ཡི་བོན་དགོན་གཏོར་ཏེ་དགེ་ལུགས་པའི་དགོན་གནས་ཐོག་མ་དགའ་ལྡན་བཏབ་པ། ཆོས་རྒྱལ་འཕགས་པས་མདོ་སྨད་ལྷོ་རྒྱུད་ཀྱི་བོན་པོ་རྣམས་བཙན་བསྒྱུར་བྱས་པ། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་བོན་སྐྱོང་བེ་རི་རྒྱལ་པོ་སྲོག་ཐོག་བཏང་ཞིང་ཁམས་ཕྱོགས་ཀྱི་བོན་པོ་ཕལ་ཆེར་བན་དེར་བསྒྱུར་རབས་དང༌། ལྕང་སྐྱ་རོལ་བའི་རྡོ་རྗེའི་ཐབས་ཇུས་ངན་པས་མན་ཇུས་རབ་བརྟན་རྒྱལ་པོ་སྐུ་འཁོར་དང་བཅས་པ་བཀུམ་ཏེ་བོན་དགོན་ལྷ་སྟེང་དགོན་པ་བན་དགོན་དུ་བསྒྱུར་པ། དེ་མིན་དགའ་ལྡན་གཞུང་གིས་ཆབ་སྲིད་ལ་བརྟེན་ནས་བྲུ་སྲས་པན་ཆེན་གྱི་སྤྲུལ་སྐུར་ངོས་འཛིན་གནང་ནས་བྲུ་ཡི་གདུང་རྒྱུད་བཅད་པ། གཞན་ཡང་ཕ་བོང་ཁ་བས་ཁམས་ཕྱོགས་དང༌། གྲོ་མོ་དགེ་བཤེས་ཀྱིས་བོན་སྡེ་རྣམས་ལ་སྡང་རབས་དང་བརྣག་རབས་བགྲང་གིས་མི་ལིང་བ་སོགས་སྔོན་བྱུང་གི་ལོ་རྒྱུས་དྭངས་མའི་དཔང་རྟགས་བཅས་ཡོད།

      དེང་དུས་ཡང་བོད་དུ་ཡོད་པའི་རྗེ་དཀར་ཨོ་རྒྱན་བརྩོན་འགྲུས་དང་ར་སེ་དཀོན་མཆོག་རྒྱ་མཚོ་སོགས་ཀྱང་དེ་དག་གི་ཕྱོགས་གཏོགས་སུ་འཁུམས་པར་འདོད་དོ། །
      གཉིས་པ། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་ལ་ཕན་སུས་ཐོགས་རབས་སྐོར་ཚང་མས་མཁྱེན་གསལ་ལྟར་བདག་ཅག་སྟོན་པ་ཐུགས་རྗེ་ཅན་རྣམ་འདྲེན་བརྒྱད་པ་རྒྱལ་གཤེན་རབ་མི་བོ་ནས་རིམ་བཞིན་རྒྱལ་ཚབ་མུ་ཆོ་ལྡེམ་དྲུག བླ་ཆེན་དྲན་པ་ཡབ་སྲས། འཛམ་གླིང་མཁས་པ་རྒྱན་དྲུག ཞང་བོད་གྲུབ་ཆེན་བརྒྱད་ཅུ། རིག་འཛིན་ལོ་པན་གཤེན་བརྒྱད། སྟོད་ཀྱི་བླ་མ་ཆེ་དྲུག བར་གྱི་གདུད་རྒྱུད་བཅུ་གསུམ། སྨད་ཀྱི་མཁས་པ་མི་བཞི། བོན་ཆེན་མཁས་པ་ཉི་ཤུ། རིག་འཛིན་གཏེར་སྟོན་རྩ་བརྒྱད། གཡས་རུའི་སྟོན་པ་བཅོ་བརྒྱད། ཁྱད་པར་དུ་སྨན་རིའི་མཁན་རབས་སོ་གསུམ། ཤར་རྫ་བཀྲ་ཤིས་རྒྱལ་མཚན། ཡོངས་འཛིན་བསྟན་འཛིན་རྣམ་དག་སོགས་བསྟན་འཛིན་གྱི་སྐྱེས་ཆེན་མཐའ་ཡས་སོ། །
      གསུམ་པ། ངེས་དོན་རིས་མེད་ཀྱི་རླབས་ཆེན་མི་སྣ་ཁག་ནི་བོན་དང་ཆོས་གཉིས་ཀ་ཁྱད་མེད་དུ་སྤྱོད་པ་པོ་ཡིན་ལ། དེ་ཡང་གཙོ་བོ་བོན་བན་རིས་མེད་དུ་སྤྱོད་པ་ཆེས་མངོན་གསལ་དོད་པོ་དེ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་བོན་གཤེན་རྣམས་མཐའ་རུ་སྤྱུགས་ཤིང་ཁོད་སྤུངས་དྲན་པ་ནམ་མཁའ་ནན་བན་དུ་བསྒྱུར་རྗེས་སུ་བྱུང་བར་སྣང་སྟེ། ད་ལྟའི་བོན་བན་རིས་མེད་དུ་སྤྱོད་པའི་སྡེ་ཚན་ཆེ་ཤོས་སུ་གྱུར་པ་བོན་ཕྱོགས་ནས་དྲན་པ་ཡབ་སྲས་རྣམས་ལ་སྐུ་གསུམ་སངས་རྒྱས་ཞེས་སྟོན་པ་གཉིས་པ་ལྟ་བུར་བརྩི་བཞིན་པ་དེ་རྣམས་ཡིན་ལ། དེ་ཡང་གཙོ་བོ་རྒྱུ་མཚན་འདི་ཉིད་ལ་ཐུག་པ་ཡིན་ནོ། གཉིས་སུ་རྙིང་མ་པ་རྣམས་ཀྱིས་ཀྱང་དྲན་པ་ནམ་མཁས་བྱང་ནས་གཡག་རྒོད་འགུག་ཅེས་དྲན་པ་ནམ་མཁའ་འདི་ཉིད་རྙིང་མའི་རྗེ་འབངས་ཉེར་ལྔའི་གྲས་སུ་བརྩི་བཞིན་ཡོད། དུས་ཚོད་དེ་ཤེད་རང་དུ་བོན་བན་གཉིས་ཀ་རིས་མེད་མངོན་གྱུར་དུ་སྤྱོད་མཁན་གཞན་ཞིག་ནི་བཻ་རོ་ཙ་ན་སྟེ། པད་མ་བཀའ་ཐང་ལས། བཻ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར། །བཻ་རོ་ཙ་ནས་རྩིས་སྨན་འདྲེས་མར་བསྒྱུར། །བཻ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུར། །མདོ་བསྒྱུར་ནང་དུ་ཡེ་ཤེས་སྡེ་ཞེས་བྲིས། །སྔགས་བསྒྱུར་ནང་དུ་བཻ་རོ་ཙ་ན་བྲིས། །བོན་བསྒྱུར་ནང་དུ་གན་ཇག་ཐང་ཏ་བྲིས། །རྩིས་བསྒྱུར་ནང་དུ་ཨིནྜྲ་བཻ་རོ་བྲིས། །སྨན་བསྒྱུར་ནང་དུ་ཆོས་འབར་བྱ་བ་བཅུག །ཅེས་གསུངས་པ་ལྟར་བོན་བན་རིས་མེད་དུ་སྤྱོད་པས་མ་ཚད། མིང་འདྲ་མིན་སྣ་ཚོགས་བེད་སྤྱོད་བྱས་ཏེ་བོན་རྣམས་ཆོས་དང་ཆོས་རྣམས་བོན་དུ་བསྒྱུར་བར་ཡོངས་སུ་གྲགས་པ་ལྟར་རོ། །
      གཙོ་བོ་ཆོས་ཕྱོགས་ནས་མཁས་གྲུབ་གཉིས་ལྡན་འགའ་ཞིག་བྱོན་པ་དཔེར་ན། འདུལ་བསྟན་བསྐྱར་དར་གྱི་སྲོག་ཤིང་དུ་གྱུར་པ་བླ་ཆེན་མུ་ཐུར་དགོངས་པ་རབ་གསལ་གྱིས་བོན་བན་གཉིས་ཀའི་འདུལ་བའི་རྒྱུད་ཁུངས་སུ་བཞུགས་ནས་འདུལ་བསྟན་རིས་མེད་དུ་སྤེལ་བ་དང༌། དེ་བཞིན་བཀའ་བརྒྱུད་པའི་མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་པ། རྙིང་མའི་གཏེར་ཆེན་རྡོ་རྗེ་གླིང་པ། ས་སྐྱའི་རོང་སྟོན་ཤཱཀྱ་རྒྱལ་མཚན། རྙིང་མའི་གཏེར་བདག་མཆོག་གྱུར་གླིང་པ། བཀའ་བརྒྱུད་པའི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། རིས་མེད་གྲགས་ཅན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། རྙིང་མའི་མི་ཕམ་འཇམ་དབྱངས་རྣམ་རྒྱལ། དགེ་ལུགས་པ་ཧོར་བྲག་དཀར་སྤྲུལ་སྐུ་བློ་བཟང་སྙན་གྲགས་སོགས་ནི་ཆོས་ཕྱོགས་ནས་བྱུང་བའི་བོན་བན་ཕྱོགས་མེད་དུ་སྤྱོད་པའི་སྐྱེས་ཆེན་ཞེས་ཡོངས་སུ་གྲགས།
      ཕྱིས་ཀྱི་རིས་མེད་སྐྱེས་ཆེན་ཤིན་ཏུ་གྲགས་ཆེ་བ་ནི་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་འདི་ཉིད་ལགས་ཤིང༌། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང༌། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་གཉིས་ཀྱང་རྗེ་འདི་བའི་ཞལ་སློབ་ཡིན་པས། འགའ་ཞིག་གིས་རིས་མེད་ཀྱི་བསྟན་པ་དེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་འདི་ཉིད་ལས་གཞི་ནས་དར་བར་ངོས་འཛིན་བྱེད་ཀྱིན་ཡོད་ལ། ལ་ལས་རིས་མེད་ཅེས་པ་དེ་ནི་མཁྱེན་ཀོང་མཆོག་གསུམ་སྟེ། མཁྱེན་བརྩེའི་དབང་པོ་དང༌། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། གཏེར་སྟོན་མཆོག་གྱུར་གླིང་པ་གསུམ་ལས་བྱུང་བར་འདོད་མཁན་ཡང་སྣང་ངོ༌། །
      བོན་ཕྱོགས་ནས་རིས་མེད་ཉག་གཅིག་པ་བོན་གསར་གྱི་སྐྱེས་ཆེན་དམ་པ་སྤྲུལ་སྐུ་རྣམ་བཞི་སྟེ། བློ་ལྡན་སྙིང་པོ་དང༌། སངས་རྒྱས་གླིང་པ། ཀུན་གྲོལ་གྲགས་པ། མི་ཤིག་རྡོ་རྗེ་བཅས་སྤྲུལ་སྐུ་རྣམ་བཞི་དང༌། གཞན་ཡང་གཏེར་སྟོན་བདེ་ཆེན་གླིང་པ་དང༌། ཉག་གཏེར་གསང་སྔགས་གླིང་པ། ཁྱུང་སྤྲུལ་འཇིགས་མེད་ནམ་མཁའ་སོགས་ཀྱང་བོན་ཕྱོགས་སུ་འཁྲུངས་པའི་བོན་བན་རིས་མེད་པའི་སྐྱེས་ཆེན་ཁོ་ནར་ངེས་པ་སོགས་ནི་སྔོན་བྱུང་གི་ལོ་རྒྱུས་ཁུངས་བཙུན་དུ་གཏོགས་སོ། །
      དེ་ཡང་དེང་དུས་སུ་བཞུགས་པའི་ཆོས་རྒྱལ་ནམ་མཁའི་ནོར་བུ་དང༌། མཁས་དབང་ཐུབ་བསྟན་ཕུན་ཚོགས། ཤར་ཡུལ་ཕུན་ཚོགས་ཚེ་རིང༌། འབའ་བ་དོན་འགྲུབ་རྒྱལ། བེ་རི་འཇིགས་མེད་དབང་རྒྱལ་སོགས་ཀྱང་མཁྱེན་དཔྱོད་ཀྱི་ཐུགས་དགོངས་རབ་ཏུ་ཡངས་པའི་རིས་མེད་རླབས་ཆེན་གྱི་མི་སྣའི་ཕྱོགས་སུ་གཏོགས་པར་རིགས་སོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག