བླ་མེད་རྫོགས་པ་ཆེན་པོའི་ལྟ་བའི་སྐོར་ཀྱི་དྲི་བ་འགའ་ཡི་ལན་དུ་སྤྲིང་བ་དཔོན་གསས་བླ་མའི་དགོངས་རྒྱན།
ཀུན་ཏུ་བཟང་པོ་རང་རིག་མངོན་དུ་གྱུར་ལ་ཕྱག་འཚལ་ལོ།།
མ་བཅོས་སོ་མ་ཡེ་གཞིའི་གནས་ལུགས་མཐའ་བཞི་རྒྱ་གྲོལ་དགོངས་པའི་མཐིལ།།
མ་སྒྲིབ་རང་རིག་ཡེ་མཁྱེན་དགོངས་པ་ཟང་ཐལ་འཛིན་མེད་རང་གསལ་ཆེ།།
གསལ་ལ་རང་རིག་སྟོང་ལ་རང་འབྱུང་གཉིས་མེད་ཐིག་ལེ་ཉག་གཅིག་བོན།།
མངོན་གྱུར་རྩ་རྒྱུད་དཔོན་གསས་ཚོགས་རྣམས་དུས་ཀུན་སྤྱི་བོའི་རྒྱན་དུ་མཆོད།།
སུས་ཀྱང་མ་བྱས་རང་འབྱུང་ཡེ་གནས་འཁོར་འདས་སྤྱི་གཞི་འ་མོ་ཆེ།།
གང་གིས་མ་རིག་རང་ལ་རང་གསལ་གཞི་མེད་རྩ་བྲལ་ས་ལེ་བ།།
རང་ལས་རང་བྱུང་རང་གིས་རང་རིག་གསལ་སྟོང་དབྱེར་མེད་ཉག་གཅིག་མ།།
ཀུན་ཏུ་བཟང་པོའི་དགོངས་པ་འདི་ནི་ཐ་སྙད་ཚད་མའི་ཡུལ་ལས་འགོངས།།
དེ་ལྟར་མཆོད་ཚིག་སྔོན་དུ་བཏང་ནས་སྐབས་བབ་ཀྱི་བཤད་བྱར་འཇུག་པ་ལ་རྩོད་པ་སྤོང་བ་དང་སྒྲུབ་བྱེད་འགོད་པ་གཉིས།
དང་པོ་རྩོད་པ་སྤོང་བ།
དེ་ཡང་ཁོ་བོས་ལོ་ངོ་བརྒྱད་དགུའི་སྔོན་དུ་ 《མདོ་སྔགས་སེམས་གསུམ་གྱི་ལྟ་བའི་བསྡུས་དོན་དཔོན་གསས་བླ་མའི་ཞལ་ལུང་》 ཞེས་པ་ཞིག་བྲིས་ཏེ་དེའི་སྐོར་གྱི་དྲི་བ་ཞིག་ཡོང་རྒྱུར་བསྒུགས་ནས་བསྡད་པ་ཡིན་ཀྱང་ད་བར་གཅིག་ཀྱང་བྱུང་མ་སོང་། ཉེ་ཆར་བྷོ་ལ་རྒྱལ་མཚན་དྲི་མེད་རིན་པོ་ཆེ་མཆོག་ནས་གོང་གི་རྩོམ་ཡིག་དེ་དྲ་ཐོག་ཏུ་བཀོད་རྗེས་སུ་(བསྟན་རིན་)ཞེས་པ་ཞིག་གིས་དོན་གྱི་དྲི་བ་ཉུང་ངུ་ཞིག་དང་མཉམ་དུ་ཕྲག་དོག་གཞན་སྨོད་ཀྱི་འཁྱལ་ཚིག་མང་པོ་ཞིག་དྲ་ཐོག་བཀོད་དེ་ཟླ་ཤས་ཕྱིན་ཟིན་འདུག་ཅེས་གྲོགས་པོ་ཞིག་གིས་ཁ་པར་ནང་དུ་ཕྱོགས་ཙམ་བཤད་བྱུང་། འོན་ཀྱང་ཕྲན་ནི་བསྡད་ས་ལུང་ཁུག་གློག་དང་དྲ་བའི་ཆ་རྐྱེན་ཞན་པ་དང་། ཉིན་ལྟར་བཤད་སྒྲུབ་སློབ་གཉེར་བ་བརྒྱ་ལ་ཉེ་བ་ཙམ་ལ་གཞུང་བཀའ་པོད་བརྒྱད་དང་རིག་གནས་ལོ་རྒྱུས་དང་བཅས་པ་དཔེ་ཁྲིད་བྱེད་དགོས་པ་དང་། སྔ་དགོང་སོགས་ལ་དཔོན་གསས་བླ་མའི་ཞལ་ངད་ཀྱི་བདུད་རྩི་ཟབ་མོ་རྫོགས་པ་ཆེན་པོའི་རྣལ་འབྱོར་ལ་བརྩོན་པའི་ཚུལ་བཟུང་བ་བཅས་ལ་བརྟེན་ནས་དུས་ཚོད་ཀྱིས་མ་འདང་བ་ལྟ་བུ་འདུག་པས་ད་བར་ཡི་གེ་མིག་མཐོང་བྱུང་མ་སོང་། ཉེ་ཆར་འདུས་སྡེའི་ངལ་གསོའི་ཟླ་བའི་རིང་ལྷ་སར་ཕྱིན་སྐབས་ཡང་གྲོགས་པོ་ཞིག་གིས་ཁྱེད་རང་ལ་དྲ་ཐོག་ཏུ་དྲི་བ་འགའ་འདུག་པ་དེ་དག་ལན་ངེས་པར་དུ་རྒྱག་དགོས་ཞེས་བཤད་འདུག་ཅེས་ལབ་བྱུང་། དེ་ནས་ངས་དྲ་བདག་རིན་སྤུངས་དང་འབྲེལ་བ་བྱས་ཏེ་དྲི་བ་དེ་དག་ང་ལ་སྐུར་ཤོག་ལབ་པ་ཡིན། དྲ་བདག་ནས། དྲི་བའི་ནང་ཚིག་བཙོག་པ་མང་ཞིག་མེད་པ་བཟོས་ཟིན། ད་ཆར་ལྷག་བསྡད་པ་དེ་རེད་ཅེས་བཤད་སོང་། ཡི་གེ་དེ་ཕྲན་གྱིས་མཐོང་ཚེ་གཞི་ནས་དྲི་བའི་ནང་དོན་གང་ཡོད་རྣམས་ཤེས་རྟོགས་བྱུང་སོང་། དེ་ནས་ཕ་ཡུལ་ལ་ལོག་ནས་ཡི་དམ་གྱི་བསྙེན་སྒྲུབ་ཟླ་གཅིག་ཙམ་གྲུབ་རྗེས་གཞི་ནས་དྲི་ལེན་འདི་འདྲི་བར་ཞུགས་པ་ཡིན།
ད་ནི་བཤད་བྱ་དངོས་ལ་འཇུག་སྟེ། (བསྟན་རིན་)ཞེས་པ་ཞིག་གིས་བླ་མེད་རྫོགས་པ་ཆེན་པོའི་ལུགས་ལ་རང་འབྱུང་ཡེ་ཤེས་དང་རང་རིག་ཡེ་ཤེས་གཉིས་ཡུལ་དང་ཡུལ་ཅན་ཐ་དད་པ་རང་རིག་ཡེ་ཤེས་ཞེས་དངོས་པོ་འདུས་བྱས་སུ་གྲུབ་པའི་ཤེས་པ་ཞིག་དང་། རང་འབྱུང་ཡེ་ཤེས་ཞེས་དངོས་མེད་འདུས་མ་བྱས་པའི་རྟག་པ་ཞིག་ཡིན་པའི་སྒྲུབ་བྱེད་དུ་ལུང་ཚིག་བདུན་བགྲངས་ཏེ་ལུང་དེ་དག་ལ་འགྲེལ་བཤད་རྒྱག་དགོས་པར་བསྐུལ་བ་ལ། ཕྲན་གྱིས་ལུང་ཚིག་བདུན་པོ་དེ་སོ་སོར་ཕྱེ་ནས་ལུང་དེ་དག་གི་བསྟན་དོན་དངོས་ཀྱི་བཤད་པ་ལ་འཇུག་འདོད་ཀྱི་སྤྲོ་བ་འདི་ཉིད་མཐའ་བཞི་རྒྱ་གྲོལ་བློ་འདས་ཀྱི་ལྟ་བ་ཀློང་དུ་གྱུར་ཅིང་སྣང་བཞི་ཟད་སར་ཕྱིན་པའི་དངོས་དང་བརྒྱུད་པས་བསྡུས་པའི་དྲིན་ཆེན་བླ་མ་དམ་པ་རྣམས་ལ་མཆོད་ཚོགས་མི་ཟད་རྒྱན་གྱི་འཁོར་ལོ་འབུལ་བའི་ལྟ་གོན་ལ་འཇུག་པའོ། །
ལུང་ཚིག་དང་པོ། 《བསྒྲགས་གསུམ་ལས། 》“དེ་ལྟ་བུའི་ངོ་བོ་དེ། ཡེ་ནས་རང་ལས་རང་འབྱུང་བས་རང་འབྱུང་ཡེ་ཤེས་ཞེས་བཏགས། དེ་ལྟ་བུའི་ངོ་བོ་དེ། ཡེ་ནས་རང་གིས་རང་རིག་པས་རིག་པའི་ཡེ་ཤེས་ཞེས་བཏགས། ” ཞེས་པའི་བསྒྲགས་གསུམ་གྱི་ལུང་ལས། དེ་ལྟ་བུའི་ངོ་བོ་དེ། ཞེས་པའི་དེ་ལྟ་བུའི་ངོ་བོ་དེ་ལ། རྫོགས་པ་ཆེན་པོའི་ལུགས་ལ་རང་འབྱུང་ཡེ་ཤེས་དང་། རང་རིག་ཡེ་ཤེས་གཉིས་ཀའི་ཐ་སྙད་བཏགས་པར་གསུངས་པས། དེ་ལྟ་བུའི་ངོ་བོ་དེ་རྫོགས་ཆེན་འདི་ཡི་ལུགས་ཀྱི་སེམས་མ་བཅོས་པའི་གནས་ལུགས་གསལ་སྟོང་ཐིག་ལེ་ཉག་གཅིག་དེ་ལ་གོ་དགོས་པ་ནི། རྫོགས་ཆེན་འདི་ཡི་ལུགས་ལ་རང་རིག་ཡེ་ཤེས་དང་རང་འབྱུང་ཡེ་ཤེས་གཉིས་ཀའི་ཐ་སྙད་བྱ་རུང་བ་ནི་སེམས་མ་བཅོས་པའི་གནས་ལུགས་གསལ་སྟོང་ཐིག་ལེ་ཉག་གཅིག་དེ་ལས་གཞན་མེད་པའི་ཕྱིར་ན་ཤེས་ནུས་སོ། དེ་ནི་རང་འབྱུང་ཡེ་ཤེས་དང་རང་རིག་ཡེ་ཤེས་ཞེས་པའི་ཐ་སྙད་དེ་གཉིས་གང་ལ་གདགས་སའི་གཞི་ངོས་བཟུང་ནས་བསྟན་པ་ཡིན། རྫོགས་ཆེན་འདི་ཡི་ལུགས་ལ་སེམས་མ་བཅོས་པའི་གནས་ལུགས་གསལ་སྟོང་ཐིག་ལེ་ཉག་གཅིག་དེ་ཉིད། ཡེ་ནས་རང་ལས་རང་འབྱུང་བས་ན་རང་འབྱུང་ཡེ་ཤེས་ཞེས་བཏགས་པ་དང་། དེ་ཉིད་ཡེ་ནས་རང་གིས་རང་རིག་པས་ན་རང་རིག་ཡེ་ཤེས་ཞེས་བཏགས་པར་གསུངས་པ་ནི་གང་འདོགས་རྒྱུའི་མིང་གི་ཐ་སྙད་གཉིས་པོ་དེ་གང་གདགས་སའི་གཞི་དེ་ལ་ཇི་ལྟར་བཏགས་པའི་ཚུལ་བསྟན་པ་ཡིན། དེས་ན་རང་འབྱུང་ཡེ་ཤེས་དང་རང་རིག་ཡེ་ཤེས་གཉིས་མིང་གི་རྣམ་གྲངས་ཙམ་ལས་དོན་ཐ་དད་འགལ་བ་མ་ཡིན་པ། བྱས་མི་རྟག་ལྟ་བུ་གཞི་དངོས་པོ་གང་ལ་སྦྱར་ན་རྒྱུ་རྐྱེན་ལས་སྐྱེས་པའི་ཆ་ནས་བྱས་པ་ཞེས་སུ་བཏགས་པ་དང་། སྐད་གཅིག་གཉིས་པར་མི་སྡོད་པའི་ཆ་ནས་མི་རྟག་པར་ཞེས་སུ་བཏགས་པ་བཞིན་གོ་དགོས་པ་ལུང་མཆོག་འདི་ཡི་དགོངས་པ་ཡིན་ནོ། ཁྱོད་ལྟར་ན་གཞི་གང་ལ་སྦྱར་ཀྱང་རང་འབྱུང་ཡེ་ཤེས་ཞེས་བཏགས་རུང་ན་རང་རིག་ཡེ་ཤེས་ཞེས་བཏགས་མི་རུང་བ་ཡིན་མི་དགོས་སམ། མི་དགོས་ན་རང་འབྱུང་ཡེ་ཤེས་དང་རང་རིག་ཡེ་ཤེས་འགལ་བར་འདོད་པ་ཉམས། དགོས་ན་བསྒྲགས་གསུམ་གྱི་ལུང་དེ་ཁྱོད་རང་གི་འདོད་པ་ལ་སུན་འབྱིན་ཡང་དག་ཏུ་སོང་འདུག་པས་རྫ་མ་ཁུར་ནས་རྡོ་འཐབ་བཀྱེས་པ་ལྟ་བུ་མ་ཡིན་ནམ། མཚམས་འདི་ལ་རང་དབང་མེད་པའི་སྒོ་ནས་གད་མོ་ཞིག་འགོག་མ་ཐུབ་པར་ཤོར་ཐལ་བར་ཆོས་གྲོགས་དམ་པ་དགོངས་པ་མ་འགལ་ཞུ། ལུང་འདི་ཡིས་རང་རིག་ཡེ་ཤེས་དང་རང་འབྱུང་ཡེ་ཤེས་ཞེས་པའི་ཐ་སྙད་གཉིས་བྱ་རུང་བར་བསྟན་པ་ནི་རང་གི་འདོད་ཐོག་སྟེ། གནས་ལུགས་དེ་ཉིད་འཁོར་འདས་ཀྱི་བོན་ཐམས་ཅད་འབྱུང་རུང་མ་འགག་པར་ལྷུན་གྱིས་གྲུབ་པས་ན་རང་འབྱུང་ཞེས་དང་། འཇལ་བྱེད་གཞན་ལ་མི་ལྟོས་པར་རང་གིས་རང་རིག་པའམ་གསལ་བའི་ཆ་ནས་རང་རིག། གནས་ལུགས་དེ་ཉིད་ཡེ་གདོད་མ་ནས་རང་གི་ངོ་བོ་རང་གིས་རྟོགས་པའི་ཆ་ནས་ཡེ་ཤེས་ཞེས་བཏགས་པ་དང་། རྟོགས་ཚུལ་དེ་ལ་གཞི་གནས་ཀྱི་རྟོགས་ཚུལ་དང་རྩལ་ཤར་གྱི་རྟོགས་ཚུལ་སོགས་ཀྱི་རྣམ་བཞག་དུ་མའི་སྒོ་ནས་ཤེས་དགོས་པ་གཞུང་གི་དཀྱུས་ལ་གཟིགས་དང་མཁྱེན་ཐུབ་པའི་སྨོན་ལམ་འདེབས། རང་རིག་དང་རང་འབྱུང་ཡེ་ཤེས་གཉིས་ཀྱི་ཐ་སྙད་གདགས་སའི་ དེ་ལྟ་བུའི་ངོ་བོ་དེ། ཞེས་པ་དེ་ནི། སེམས་མ་བཅོས་པའི་གནས་ལུགས་བྱང་སེམས་ཐིག་ལེ་ཉག་གཅིག་ལ་གོ་དགོས་པ་རིགས་པས་སྒྲུབ་ཟིན་ལ། ལུང་གིས་གྲུབ་པ་ནི་ཁྱོང་རང་གིས་དྲངས་བའི་ལུང་ཚིག་དེ་དག་གི་གོང་དུ་ཡིག་འཕྲེང་ཁ་ཤས་སྔོན་ལ་གཟིགས་དང་དེ་ལྟ་བུའི་ངོ་བོ་དེ་ངོས་བཟུང་ནས་བསྟན་པ་འདི་ལྟར་ཏེ། དེ་ཉིད་ལས། “བྱང་ཆུབ་སེམས་ཀྱི་ངོ་བོ་དེ། རང་བཞིན་གདོད་ནས་རྣམ་པར་དག། སངས་རྒྱས་སྒམ་པོས་འདི་མ་མཛད། སེམས་ཅན་སྒྲིན་པོས་འདི་མ་བཅོས། ཡེ་ནས་མཚོན་ཅིང་བརྗོད་དུ་མེད། ངོ་བོ་ཉིད་ཀྱིས་རྣམ་པར་དག། ཕྲ་རབ་རྡུལ་བས་བརྟག་པ་དཀའ། སྐད་གཅིག་ཙམ་ཡང་མངོན་དུ་མེད། ཚིག་དང་ཡི་གེའི་མཐའ་ལས་འདས། དེ་བཞིན་ལྕེ་ཡི་དབང་པོ་ཡིས། དེ་ལ་བརྗོད་པར་བྱ་བ་མེད། བརྗོད་མེད་ཐུགས་ཀྱི་སྙིང་པོ་འདི། བོན་རྣམས་ཀུན་གྱི་ངོ་བོར་སྣང་། དེ་ལྟ་བུའི་ངོ་བོ་དེ། དུས་གསུམ་རྟག་ཏུ་མི་འགྱུར་བས། འགྱུར་བ་མེད་པའི་སྐུ་ཞེས་གདགས། ཞེས་པ་ནས་ སྟོན་པ་ཀུན་ཏུ་བཟང་པོ་ངོ་བོའི་རོལ་པ་ཆེན་པོ་ཞེས་བྱར་དེ་ལ་གདགས།” ཞེས་པའི་བར་དུ་བྱང་ཆུབ་སེམས་ཀྱི་ངོ་བོ་དེ་ལ་ཁྱད་བོན་མི་འདྲ་བ་སུམ་ཅུ་སོ་བརྒྱད་ཀྱི་ལྡོག་ཆ་ནས་ཐ་སྙད་མི་འདྲ་བ་སུམ་ཅུ་སོ་བརྒྱད་གདགས་པར་གསུངས་པའི་དོན་ལུང་སྔ་ཕྱི་སྦྲེལ་ནས་གོ་བ་ལེན་མ་ཤེས་ནས་གཞུང་ཆེན་མོ་འདི་དག་ལ་སྒྲོ་འདོགས་ཀྱིས་ཕྱིན་ལོག་ཏུ་འགྲེལ་ཏེ་དགག་བཞག་བྱེད་ཚུལ་བྱེད་པ་ནི་སེམས་གཏིང་ནས་སྙིང་རྗེ་སྐྱེ་བ་ལ་ ཨ་ཁ་ཁ། ལར་བསྟན་རིན་ལགས་ཀྱིས་དེ་སྒྲ་ཐོག་མའི་ངོས་འཛིན་ཞེས་པའི་བརྡ་སྤྲོད་ཀྱི་འགྲོ་སྟངས་ཙམ་ལ་རྨོངས་ནས་ད་དུང་ལུང་གང་བྱུང་བྱུང་དུ་འདྲེན་པ་ནི་དེ་འདྲའི་སྨྱོ་ཧམ་ལ་ ཨ། ཡང་ཁྱོད་ཀྱིས་རྟོགས་བྱ་གནས་ལུགས་དེ་ཉིད་རྟོགས་བྱེད་ཡེ་ཤེས་ཡིན་ན་གནས་ལུགས་རྟག་པ་དེ་ཉིད་ཤེས་པའི་དངོས་པོར་ཐལ་བ་དང་། རྟོགས་བྱེད་ཡེ་ཤེས་དེ་ཉིད་རྟོགས་བྱ་གནས་ལུགས་ཡིན་ན་ཡེ་ཤེས་དངོས་པོ་དེ་ཉིད་གནས་ལུགས་རྟག་པར་ཐལ་བ་སོགས་ཐལ་བ་དུ་མ་མི་འདོད་བཞིན་དུ་བབ་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་ལུགས་འདི་ལ་རྟོགས་བྱ་དང་རྟོགས་བྱེད་རང་འབྱུང་དང་རང་རིག་གང་ལྟར་བཏགས་ཀྱང་གནས་ལུགས་ཐིག་ལེ་ཉག་གཅིག་དེ་ཉིད་ལས་གཞན་དུ་མ་མཆིས་པས་བློ་འདས་ཡིན། དེས་ན་གནས་ལུགས་དང་གནས་ལུགས་རྟོགས་བྱེད་ཀྱི་ཡེ་ཤེས་གང་ཡིན་ན་བློ་ཡི་ཡུལ་ཡིན་དགོས་པ་དང་། བློ་ཡི་ཡུལ་ལ་རྟག་དངོས་གཉིས་ཕུང་གསུམ་སེལ་བའི་གྲུབ་མཐའ་འོག་མ་བས་ཐ་སྙད་ཚད་མ་བདེན་པའི་ཚད་བཟུང་ནས་རྩོད་པ་བྱེད་པ་ནི་གླང་ཆེན་རྩི་ཁུང་ནང་དུ་འཛུལ་ཐབས་མི་ཡོང་ཞེས་པའི་གདམས་པ་ཟབ་མོས་བརྒྱ་གོ་གཅིག་ཆོད་དུ་སོང་བ་ཡིན། དཔེར་ན་འོ་མ་མ་གཏོགས་མངར་མོ་མི་ཤེས་པའི་ལུང་པར་མངར་མོ་ཡིན་ན་འོ་མ་ཡིན་དགོས་པ་དང་འོ་མ་མ་ཡིན་པའི་མངར་མོ་ཞིག་ཡོད་ཅེས་སྨྲས་ན་ཤིན་ཏུ་མི་བདེན་པའི་ཚད་དུ་འཛིན་གྱི་རེད་ཅེས་མཁས་དབང་དགེ་ཆོས་ཀྱིས་གསུངས་པ་ལྟར་རོ། རྒྱལ་བ་ཀུན་ཏུ་བཟང་པོའི་དགོངས་པ་ལ་ཐིག་ལེ་ཉག་གཅིག་མ་གཏོགས་ཐིག་གསལ་བ་དེ་ཉིད་ཤེས་པའི་དངོས་པོ་དང་། ལེ་སྟོང་པ་དེ་ཉིད་འདུས་མ་བྱས་པའི་རྟག་པ་ཞེས་དོན་འགལ་ཐ་དད་དུ་བསྟན་པ་མེད་པ་ལ་བསྟན་རིན་གྱིས་དེ་ལྟར་འདོད་པ་དེ་བདེན་གྱི་ཡོད་ན་ཀུན་བཟང་ལས་ལྷག་པའི་སྟོན་པ་ཞིག་ཀྱང་བྱོན་ཡོད་པར་ངེས།
ལུང་ཚིག་གཉིས་པ། 《གབ་འགྲེལ་ལས།》 “དེ་ལྟ་བུའི་དོན་དེ་རང་རིག་པའི་ཡེ་ཤེས་ཀྱིས་དུས་གསུམ་དུ་འགྱུར་བ་མེད་པར་ས་ལེར་རྟོགས་ན། ཏིང་ངེ་འཛིན་གྱི་ལམ་བདེ་བ་ཆེན་པོ་ཡིན་ནོ།” ཞེས་པ་ལ། ལུང་དེའི་དོན་ནི། དེ་ལྟ་བུའི་དོན་དེ་ཞེས་པའི་དོན་དེ་ནི་གནས་ལུགས་རང་འབྱུང་ཡེ་ཤེས་ལ་གོ། རང་རིག་པའི་ཡེ་ཤེས། ཞེས་གནས་ལུགས་དེ་རྟོགས་པའི་ཡེ་ཤེས་དེ་ལ་རང་རིག་པའི་ཡེ་ཤེས་ཞེས་གསུངས། གནས་ལུགས་དེ་རྟོགས་པའི་ཡེ་ཤེས་དེ་ལ་རང་རིག་པའི་ཡེ་ཤེས་ཞེས་དམིགས་སུ་བཀར་ནས་གསུང་དགོས་དོན་ནི། དེ་འདྲའི་གནས་ལུགས་རང་འབྱུང་ཡེ་ཤེས་དེ་རང་རིག་ཡེ་ཤེས་ལས་ཐེག་པ་འོག་མའི་བློ་རིག་བརྒྱད་གང་གིས་རྟོགས་མི་ནུས་པར་གོ་དགོས། དུས་གསུམ་དུ་འགྱུར་བ་མེད་པར་ས་ལེར་རྟོགས། ཞེས། རྟོགས་ཚུལ་ཁྱད་པར་བ་ཁ་ཕྱི་བལྟས་ཀྱི་ཤེས་པས་རྟོགས་ཚུལ་ལྟར་སྐྱེ་འགག་ཅན་གྱི་རང་བཞིན་ལས་མ་འདས་པ་མ་ཡིན་པར། དུས་གསུམ་དུ་འགྱུར་བ་མེད་པར་ཕྱི་གསལ་ནང་གསལ་འཛིན་མེད་ཟང་ཐལ་དུ་རང་གིས་རང་གསལ་བར་རྟོགས་པར་བསྟན། དེ་ལྟར་ན་ལུང་མཆོག་འདི་ཡིས་བླ་མེད་རྫོགས་པ་ཆེན་པོའི་ལུགས་ཀྱི་གནས་ལུགས་ཐིག་ལེ་ཉག་གཅིག་དེ་ཉིད་རང་གིས་རང་རིག་པ་ལས་རིག་མཁན་གཞན་མེད་པར་བསྟན་པས་རང་རིག་དང་རང་འབྱུང་གཉིས་མིང་ཙམ་ལས་དོན་གཅིག་ཏུ་གནས་པར་བསྟན། ཡང་གལ་པོ་ཆེ་ལ་ནན་ཏན་གྱི་དཔེ་ལྟར་དུས་གསུམ་དུ་འགྱུར་བ་མེད་པར་རྟོགས་ཞེས་པས་རྟོགས་མཁན་རང་རིག་ཡེ་ཤེས་དེ་ཉིད་སྐྱེ་འགག་ཅན་དངོས་པོའི་བོན་དུ་མེད་པ་དུས་གསུམ་མི་འགྱུར་བ་ཡིན་པར་བསྟན་པའོ། དེ་ལ་ཁྱོད་ཀྱིས་གནས་ལུགས་རྟོགས་ཚུལ་ལ་དུས་གསུམ་འགྱུར་བ་མེད་པར་གསུངས་པ་མ་གཏོགས་རང་རིག་ཡེ་ཤེས་དེ་ཉིད་དུས་གསུམ་མི་འགྱུར་བར་མ་བསྟན་པའི་ཕྱིར་ཞེ་ན། རང་གི་ཡུལ་གནས་ལུགས་དེ་ཉིད་དུས་གསུམ་མི་འགྱུར་བར་རྟོགས་པ་ཡིན་ན་རྟོགས་མཁན་རང་ཉིད་དུས་གསུམ་མི་འགྱུར་བ་ཡིན་དགོས་པར་མ་ཤེས་ན་གནས་སྐབས་གོ་བརྡ་འཕྲོད་པའི་ཐབས་མེད་པས་གསལ་བཤད་ཀྱི་ངལ་བ་མ་བྱས་སོ། ཏིང་ངེ་འཛིན་གྱི་ལམ་བདེ་བ་ཆེན་པོ་ཡིན་ནོ། ཞེས་པས་རང་གིས་རང་དུས་གསུམ་འགྱུར་བ་མེད་པ་སྐྱེ་འགག་གནས་གསུམ་དང་བྲལ་བའི་སྒོ་ནས་རྟོགས་པའི་རྩལ་ཤར་རང་རིག་པའི་ཡེ་ཤེས་དེ་ཉིད། རྫོགས་པ་ཆེན་པོ་འདི་ཡི་ལུགས་ལ་ཏིང་ངེ་འཛིན་གྱི་ལམ་བདེ་བ་ཆེན་པོ་ཡིན་པར་བསྟན་པས་ཐེག་པ་འོག་མའི་ཏིང་འཛིན་གྱི་ལམ་ལས་ཁྱད་པར་འཕགས་པར་གོ་དགོས་པ་ཡིན་ནོ། དེས་ན་ལུང་འདི་ཡིས་རང་རིག་ཡེ་ཤེས་དང་རང་འབྱུང་ཡེ་ཤེས་གཉིས་དོན་ལ་རྟག་དངོས་གཉིས་ཀྱི་ཁྱད་པར་བྱས་པའི་སྒོ་ནས་ཐ་དད་ཡིན་པར། སྒྲུབ་བྱེད་སོང་འདུག་གམ་སུན་འབྱིན་ཚད་མར་སོང་འདུག་ལེགས་པར་སོམས་དང་ཐ་ལ་གནམ་ལ་གཏོར་ན་འབབ་ས་རང་གི་མགོ་ཐོག་ཞེས་པའི་དཔེ་ལྟར་གྱུར་མི་འདུག་གམ།
ལུང་ཚིག་གསུམ་པ། 《སྒྲོན་འགྲེལ་ལས།》“ རང་རིག་པས་རང་རྟོགས་པས་ཡེ་ཤེས་རྫོགས། རང་འབྱུང་ཡེ་ཤེས་དེ་ཕ་ཡི་རྒྱུ་ལས་ཀྱང་མ་སྐྱེས། མ་ཡི་རྒྱུ་ལས་ཀྱང་མ་ལྷུང་།” ཞེས་པ་ལ། ཁྱོད་ཀྱིས་ལུང་འདི་ཡི་དོན་ལ་བསམ་གཞིག་གནང་ཚེ། རང་རིག་པས་རང་རྟོགས་པས་ཡེ་ཤེས་རྫོགས་དགོས་པའི་རྒྱུ་མཚན་གང་ཞིག་ཡིན་པ་ཤེས་སམ། དེ་ཤེས་ཀྱི་ཡོད་ན་ལུང་འདི་ཡིས་རང་རིག་དང་རང་འབྱུང་གཉིས་འགལ་བ་ཡིན་པར་ཇི་ལྟར་སྒྲུབ་བམ། རྟོགས་བྱའི་རང་རིག་དེ་ཉིད་རྟོགས་མཁན་རང་རིག་དེ་ཉིད་ཡིན་ནམ་མིན། མ་ཡིན་ན་རང་གིས་རང་མ་རྟོགས་པ་ཐལ་ལོ། ཡིན་ན་དེ་འདྲའི་རང་རིག་དེ་རྟོགས་པ་ལ་གནས་ལུགས་རྟོགས་པའི་དོན་ཨི་ཡོད། ཡོད་ན་དེ་འདྲའི་རང་རིག་དེ་རྫོགས་པ་ཆེན་པོའི་གནས་ལུགས་ཐིག་ལེ་ཉག་གཅིག་ཡིན་ནམ་མིན། མ་ཡིན་ན་ཁྱོད་རྟོགས་པ་ལ་གནས་ལུགས་ཐིག་ལེ་ཉག་གཅིག་རྟོགས་པའི་དོན་མེད་པར་ཐལ་ལོ། ཡིན་ན་ཁྱོད་ཀྱིས་འདོད་པ་ལྟར་ན་གནས་ལུགས་ཡིན་ན་རྟག་པ་ཡིན་དགོས་པ་དང་གནས་ལུགས་རྟོགས་བྱེད་ཡིན་ན་དངོས་པོ་ཡིན་དགོས་པའི་དམ་བཅའ་དེ་ཆུ་ཐོག་གི་ཐ་ལ་ལྟ་བུ་རང་ཞིག་ཏུ་འགྲོ་ཡི་མི་འདུག་གམ། གོང་གི་ཡེ་ཤེས་རྫོགས་ཞེས་པའི་ཡེ་ཤེས་དེ་གནས་ལུགས་རྟོགས་པའི་ཡེ་ཤེས་ལ་གོ་དགོས་སམ་མི་དགོས། མི་དགོས་ན་ཁྱོད་ལ་རྩོད་པ་བྱེད་སའི་གནས་མི་འདུག་པས་རེ་ཞིག་གཏང་སྙོམས་སུ་འཇོག། ཡང་རང་འབྱུང་ཡེ་ཤེས་དེ་རྒྱུ་རྐྱེན་ལ་རགས་མ་ལས་པར་བསྟན་པ་དེས་རང་རིག་ཡེ་ཤེས་རྒྱུ་རྐྱེན་ལས་སྐྱེས་པ་ཡིན་པར་སྒྲུབ་ཚུལ་མེད་དེ། བྱས་པ་རྟག་པ་མ་ཡིན་པར་སྒྲུབ་ན་མི་རྟག་པ་རྟག་པ་ཡིན་པར་མི་འགྲུབ་པ་བཞིན་ནོ། །ཧ་ཧ་དེ་འདྲའི་ལུང་འདྲེན་བྱེད་སྟངས་དགོད་བྲོ་བ་ལ།
ལུང་ཚིག་བཞི་པ། 《གཞི་རྒྱུད་ལས། 》“འཇལ་བྱེད་རང་རིག་དངོས་ལ་མ་གསལ་ན། དམུས་ལོང་ནམ་མཁའི་མཐའ་འཚོལ་ཅི་བཞིན་ཡིན་མིན་ས་མི་ཟིན།” ཞེས་པ་ལ་རང་རིག་འཇལ་བྱེད་ཡིན་པ་དང་རྫོགས་ཆེན་གྱི་གནས་ལུགས་དེ་ཉིད་རང་རིག་རྣལ་མ་ལ་མ་གསལ་ལམ་མ་ཤར་ན་གཞན་ཁ་ཕྱི་བལྟས་ཀྱི་ཤེས་པ་གང་ལ་གསལ་མི་སྲིད་པས་དེ་ལྟ་བུའི་ཚུལ་དེ་མ་ཤེས་པར་གནས་ལུགས་འཚོལ་བ་ནི་དམུས་ལོང་དག་གིས་ནམ་མཁའི་མཐའ་འཚོལ་བ་བཞིན་ཡིན་པ་ནི་འདོད་ཐོག་སྟེ་ཁྱོད་ཀྱིས་ཇི་ལྟར་རྒོལ། གནས་ལུགས་དེ་ཉིད་གནས་ལུགས་འཇལ་བྱེད་རང་རིག་ཡེ་ཤེས་ལ་གསལ་དགོས་ཀྱང་དེས་རང་རིག་དངོས་པོ་ཡིན་པར་སྒྲུབ་མི་ནུས་སོ། དེ་ཡི་ཚིག་ཟུར་ལ་ དངོས་ལ་ ཞེས་པའི་ཚིག་དེས་རང་རིག་དངོས་པོ་ཡིན་པར་སྒྲུབ་པར་འདོད་པ་ཡིན་ན་བསམ་ཚུལ་དེ་ནི་ཧ་ཅང་གི་ ཡ་ང་དགོས་པའི་གནས་ཞིག་སྟེ་དངོས་ལ་ཞེས་པའི་དོན་ནི་རང་རིག་དངོས་གནས་ལ་ཞེས་པའམ་རང་རིག་རྣལ་མ་ལ་ཞེས་པ་ལྟར་གོ་དགོས་ཀྱི་རེད་དོ། ད་ནི་ལུང་དེས་ཀྱང་ཁྱོད་ཀྱི་འདོད་དོན་སྒྲུབ་ཚུལ་མ་མཐོང་ངོ་།།
ལུང་ཚིག་ལྔ་པ། 《འགྲོ་མགོན་ཚད་མ་》ལས།“ རང་རིག་གིས་གནས་ལུགས་མཐའ་བྲལ་དེ་འཇལ་ཏེ།” ཞེས་པ་ལ། ཁྱོད་ཀྱིས་རང་རིག་གིས་གནས་ལུགས་རྟོགས་ན་རང་རིག་དངོས་པོ་ཡིན་དགོས་ཤག་ཤག་བྱེད་པ་ནི་ཁྱོད་དང་ཁྱོད་ལྟ་བུ་བློ་ཆུང་བའི་རིགས་ཁོ་ན་ལ་བལྟོས་ན་སྒྲུབ་བྱེད་ཡང་དག་སོང་ཀྱང་རྫོགས་ཆེན་གྱི་གྲུབ་མཐའ་དངོས་ལ་གོ་བ་ཅུང་ཙམ་ཡོད་རིགས་རྣམས་ཀྱིས་རྫོགས་ཆེན་གྱི་གནས་ལུགས་མཐའ་བྲལ་དེ་ཉིད་མཇལ་བྱེད་ཀྱི་རང་རིག་ཡིན་ན་ཁྱོད་ཀྱིས་འདོད་པའི་དངོས་པོ་མ་ཡིན་པའི་ཁྱབ་པ་འདོད་དོ། དེས་ན་ཁྱོད་ཀྱི་ཞེ་འདོད་ཀྱི་ཁྱབ་པ་དེ་ལ་མ་ཁྱབ་ཅེས་སྨྲའོ། །
ལུང་ཚིག་དྲུག་པ། 《ཡེ་ཁྲི་མཐའ་སེལ་ལས། 》“གང་ལྟ་བདག་གིས་བྱང་སེམས་བལྟ། གང་གིས་རང་གི་རིག་པས་བལྟ། ཚུལ་ཐབས་རྟོག་མེད་ཚུལ་དུ་བལྟ།”ཞེས་པ་ལ། རྫོགས་ཆེན་པས་གང་བལྟ་ན་བལྟ་བྱའི་གནས་ལུགས་ཁྱད་འཕགས་བྱང་སེམས་ཐིག་ལེ་ཉག་གཅིག་ལ་ལྟ་བ་དང་། གང་གིས་ལྟ་ན་ལྟ་མཁས་ཡེ་ཤེས་ཁྱད་འཕགས་རང་གསལ་ཤེས་རིག་རྒྱལ་པོ་དེས་ལྟ་བ་དང་། ལྟ་ཚུལ་ལམ་རྟོགས་ཚུལ་ཁྱད་འཕགས་རྟོག་བྲལ་འཛིན་མེད་རང་ལ་རང་གསལ་གྱི་ཚུལ་དུ་བལྟ་བར་གསུངས་པ་ནི། ཐེག་པ་འོག་མ་བས་ལྟ་བ་མེད་དགག། ལྟ་བྱེད་བློ་རིག། ལྟ་ཚུལ་བཟུང་འཛིན་དུ་ལྟ་བ་ལས་ཁྱད་པར་འཕགས་པར་བསྟན་པ་ལས་རང་རིག་དངོས་པོ་འདུས་བྱས་སུ་གྲུབ་པའི་ཁྱོད་ཀྱི་འདོད་དོན་སྒྲུབ་ཚུལ་མེད་དོ། །
ལུང་ཚིག་བདུན་པ། 《རྒྱུད་བུ་ཆུང་བཅུ་གཉིས་ལས། 》རང་བཞིན་གསལ་བས་རང་འབྱུང་ཡེ་ཤེས་ཡིན། དེ་ལྟར་རྟོགས་པས་རང་རིག་ཡེ་ཤེས་ཡིན། ཞེས་པ་ལ། ལུང་འདིས་ཡང་རྫོགས་པ་ཆེན་པོའི་གནས་ལུགས་མཐའ་བྲལ་དེ་ཉིད་རང་བཞིན་གསལ་བ་ཡིན་པས་ན་རང་འབྱུང་ཡེ་ཤེས་ཡིན་ཞེས་རང་བཞིན་གསལ་བ་དེ་ཉིད་ངོ་བོ་སྟོང་པ་ཡིན་པས་རང་འབྱུང་ཡེ་ཤེས་ཡིན་ཞེས་དང་། དེ་ལྟར་ཡིན་པ་ལ་ཡིན་པ་ལྟར་དུ་རང་གིས་རྟོགས་པས་ན་རང་རིག་ཡེ་ཤེས་ཡིན་ཞེས་གནས་ལུགས་ཐིག་ལེ་ཉག་གཅིག་དེ་ཉིད་ངོ་བོ་སྟོང་པ་དབྱིངས་ལྷུན་གྲུབ་འབྱུང་རུང་གི་ལྡོག་ཆ་ནས་རང་འབྱུང་དང་། རང་བཞིན་གསལ་བ་རང་ལ་རང་གསལ་བའི་ལྡོག་ཆ་ནས་རང་རིག་ཞེས་ཐ་སྙད་བྱས་པ་ཙམ་ལས་དོན་འགལ་མ་ཡིན་པར་དངོས་སུ་བསྟན་པས་ཁྱོད་ཀྱིས་ཅི་རྣོ། ཁྱོད་ཀྱིས་ལུང་ཕྱི་མ་འདི་དག་གིས་རང་རིག་ཡེ་ཤེས་ཀྱིས་གནས་ལུགས་རྟོགས་དགོས་པར་བསྟན་པ་ལ། རང་རིག་ཡེ་ཤེས་དངོས་པོ་ཡིན་པར་སྒྲུབ་བྱེད་ཡང་དག་ཡིན་ཤག་ཤག་བྱེད་པ་ནི་ཁྱོད་རང་གིས་རང་ངོ་ལ་བལྟོས་ནས་འདོད་པ་ཙམ་དུ་ཟད་དོ།།
ད་ཁྱོད་རང་གིས་ཕྱི་མིག་ཅིག་ལྟོས་དང་གོང་གི་ལུང་འདྲེན་བདུན་པོ་དེ་ཁྱོད་ཀྱིས་ཁྱོད་རང་གི་འདོད་དོན་སྒྲུབ་བྱེད་དུ་བཀོད་པ་ནི། སྡར་མ་གྲི་རིང་ཁྱེར་ནས་གཡུལ་ངོར་ཞུགས་ཚེ་རང་གི་མཚོན་ཆ་རང་ཉིད་གསོད་བྱེད་དུ་སོང་བ་བཞིན་གྱུར་མི་འདུག་གམ། དེ་ཡང་《གཏན་ཚིག་ངེས་པའི་གལ་མདོ་》ལས། རང་ཆེ་རུ་ངས་བོན་གྱིས་བོན་སྨོད་པ། རང་མཚོན་ཕར་རྒྱབ་ལོག་ནས་རང་བསད་འདྲ། འཁྲུལ་བློས་བརྟགས་ན་སྐྱོན་ཡོན་གོ་ལྡོག་འགྱུར། རང་སྐྱོན་རྐྱེན་གྱིས་གཞན་ཡོན་སྐྱོན་དུ་མཐོང་། མཁྲིས་ནད་ཅན་གྱིས་དུང་ལ་སེར་མཐོང་འདྲ། རྒྱལ་བའི་སྐུ་ལ་བདུད་ཀྱིས་སྐྱོན་ཚོགས་མཐོང་། དེ་བཞིན་ལོག་རྟོག་སྐྱོན་ལ་ཡོན་ཏན་མཐོང་། དོན་ལ་གང་ཡང་སྨད་པར་སྟོན་པས་གསུངས་པ་མེད། ཅེས་སོ། །
ཡང་ཁྱོད་ཀྱིས། ‘ལུང་བརྒྱ་ཕྲག་མང་པོས་རང་བྱུང་ཡེ་ཤེས་དང་རང་རིག་ཡེ་ཤེས་སོ་སོར་ཕྱེས་ཏེ་རང་འབྱུང་ཡེ་ཤེས་ནི་ཡུལ་དང་རང་རིག་ཡེ་ཤེས་ནི་ཡུལ་ཅན་དུ་འདོད་པ་ལུང་དེ་དག་ལ་སྤྱན་གཟིགས་པ་ཡངས་ཙམ་བྱེད་ན་ཤེས་ཐུབ་པ་འདུག’ཅེས་པ་ལ། གནས་ལུགས་ཐིག་ལེ་ཉག་གཅིག་དེ་ཉིད་ངོ་བོ་ཀློང་ངམ་སྟོང་པ་འབྱུང་གཞིའི་ཆ་ནས་རང་འབྱུང་ཡེ་ཤེས་དང་རྟོགས་བྱ། རང་བཞིན་གསལ་བའམ་རང་གསལ་ཆ་ནས་རང་རིག་ཡེ་ཤེས་དང་རྟོགས་བྱེད་ཞེས་ལྡོག་ཆ་ཙམ་གྱི་སྒོ་ནས་ཡུལ་དང་ཡུལ་ཅན་གྱི་ཐ་སྙད་གཉིས་སུ་བྱེད་ཀྱི་ཡོད་པ་ཁོ་བོས་སྔོན་མ་ནས་ཤེས་ཀྱི་ཡོད། འོན་ཀྱང་སྐབས་འདི་ཡི་ཡུལ་དང་ཡུལ་ཅན་ཞེས་པ་ཐ་སྙད་ཚད་མ་ལ་བལྟོས་ཏེ་རྟག་དངོས་གཉིས་ཀྱི་ཁྱད་པར་བྱས་ནས་བཞག་པ་མ་ཡིན་པ་ཤེས་དགོས། ཁོ་བོས་བྲིས་པའི་མདོ་སྔགས་སེམས་གསུམ་གྱི་ལྟ་བའི་བསྡུས་དོན་ཞེས་པ་ལས་རང་འབྱུང་ཡེ་ཤེས་དེ་ཡུལ་ཞེས་རྟག་པའི་བོན་དང་རང་རིག་ཡེ་ཤེས་དེ་ཡུལ་ཅན་ཞེས་དངོས་པོའི་བོན་དུ་འདོད་པ་དེ་དགག་པ་མ་གཏོགས་གོང་གི་ལྡོག་ཆ་ཙམ་གྱི་སྒོ་ནས་འཇོག་སྟངས་དེ་མི་མཐད་པར་བྲིས་མེད། དེ་ལྟ་བུའི་ཐ་སྙད་གཉིས་སུ་བྱས་པ་དེ་དོན་གྱི་སྒོ་ནས་རྟག་པ་དང་དངོས་པོ་ཡུལ་དང་ཡུལ་ཅན་ཁྱད་པར་གྱིས་ཕྱེས་ནས་དོན་འགལ་དུ་ཁྱོད་ཀྱིས་འདོད་པ་དང་། ཐ་སྙད་གཉིས་པོ་དེ་ལྡོག་ཆ་ཙམ་གྱི་སྒོ་ནས་མ་གཏོགས་དོན་གྱི་སྒོ་ནས་གཉིས་མེད་ཐིག་ལེ་ཉག་གཅིག་ཡིན་པ་ཁོ་བོས་འདོད་པའོ། དེས་ན་རྫོགས་ཆེན་གྱི་ལུང་ཁྲི་ཁྲག་མང་པོས་རང་རིག་དང་རང་འབྱུང་ཞེས་གསུངས་པ་དག་ལ་ལུང་མགོ་མཇུག་ཆ་ཚང་གི་བབ་དང་གཞུང་དོན་དངོས་ཀྱི་དགོངས་པ། དཔོན་གསས་བླ་མའི་ཞལ་ཁྲིད། ཐུན་མིན་ལྟ་བའི་མཐིལ་ལེན་ཐུབ་པ་ཡིན་ན་ཁ་ཐེག་ཆེན་དོན་ཐེག་དམན་བྱེད་དགོས་ཁག་ས་མ་རེད་དོ། །
ཡང་ཁྱོད་ཀྱིས། ‘འོན་ཀྱང་འདི་དག་ནི་གྲུབ་མཐའ་རྩོད་པའི་དབང་དུ་བྱས་ཏེ་བཤད་པ་ལས་རྟོགས་ལྡན་པའི་དགོངས་པར་ཡུལ་དང་ཡུལ་ཅན་གྱི་སྤྲོས་པ་ཐམས་ཅད་ཞི་སྟེ་རང་རིག་དང་རང་བྱུང་ཞེས་གཉིས་སུ་མེད་པ་ནི་ལོས་ཀྱང་འདོད། རྟོགས་ལྡན་པའི་དགོངས་པར་རང་རིག་ཡེ་ཤེས་དང་རང་འབྱུང་ཡེ་ཤེས་གཉིས་རྟག་མི་རྟག་གང་དུ་མི་འདོད་པ་ནི་རྫོགས་པ་ཆེན་པོའི་ལུགས་ལ་མཐའ་བཞི་བྲལ་བ་ལས་ཤེས་དགོས་སོ།’ ཞེས་པ་ལ། གྲུབ་མཐའ་རྩོད་པའི་ཚེ་ན་སྔགས་དང་རྫོགས་ཆེན་གང་བཤད་ཀྱང་མདོ་ཞྭ་སེར་པའི་གྲུབ་མཐའ་གཞིར་བཞག་ནས་བཤད་དགོས་པ་དེ་སྔོན་བསགས་ཀྱི་བག་ཆགས་ངན་པའི་རིགས་སད་པ་ཡིན་ནམ་ཞྭ་སེར་བདག་པོས་ལུང་བསྟན་པ་ཡིན། ཁོ་བོས་ནི་གྲུབ་མཐའ་ཞེས་པ་སྤྱི་མིང་ཞིག་དང་གྲུབ་མཐའ་གང་རྩོད་པའི་ཚེ་ན་གྲུབ་མཐའ་དེ་ཡི་ཐུན་མིན་གྱི་གྲུབ་མཐའི་རྣམ་བཞག་བཤད་དགོས་པར་འདོད་དེ། དཔེར་ན་རྫོགས་ཆེན་གྱི་གྲུབ་མཐའ་རྩོད་ཚེ་ཐུན་མིན་རྫོགས་ཆེན་གྱི་གྲུབ་མཐའི་རྣམ་བཞག་གཞིར་བཞག་ནས་རྩོད་པ་བྱེད་དགོས་པར་འདོད་དོ། ཁྱོད་ཀྱིས་རྟོགས་ལྡན་པའི་དགོངས་པར་རང་རིག་དང་རང་འབྱུང་གཉིས་ཡུལ་དང་ཡུལ་ཅན་རྟག་མི་རྟག་གང་ཡང་མི་འདོད་པ་ནི་རྫོགས་ཆེན་ལུགས་ལ་མཐའ་བཞི་བྲལ་བ་ལས་ཤེས་དགོས་སོ། ཞེས་བཤད་པ་ལ། རྫོགས་ཆེན་ལུགས་ལ་མཐའ་བཞི་བྲལ་ཅེས་པའི་དོན་ནི་ཡུལ་དང་ཡུལ་ཅན་རྟག་མི་རྟག་རང་རིག་དང་རང་འབྱུང་གང་ཡང་མི་འདོད་པ་ཞིག་དགོས་པར་ཁས་བླངས། གྲུབ་མཐའ་རྩོད་པའི་ཚེ་ན་རྫོགས་ཆེན་ལུགས་ལ་རང་རིག་དང་རང་འབྱུང་གཉིས་དོན་འགལ་ཁས་བླངས། རང་རིག་དངོས་པོ་དང་རང་འབྱུང་རྟག་པར་ཁས་བླངས། རང་རིག་དང་རང་འབྱུང་གཉིས་ཡུལ་དང་ཡུལ་ཅན་གྱི་སྤྲོས་པ་དང་མ་བྲལ་བ་ཡིན་པར་ཁས་བླངས་འདུག་པས། ད་ཁྱོད་ལ་འདི་ལྟར་དྲི་བར་བྱ་སྟེ། གྲུབ་མཐའ་རྩོད་པའི་ཚེ་རྫོགས་པ་ཆེན་པོའི་གནས་ལུགས་དེ་ཉིད་མཐའ་བཞི་རྒྱ་གྲོལ་མ་ཡིན་པར་ཐལ། གང་གི་ཁས་ལེན་དེ་ཡིས་ཕྱིར། རྟག་ཁྱབ་གཉིས་ཀ་ཁས། འདོད་ན། འཁོར་གསུམ། ཡང་རྫོགས་ཆེན་གྱི་གྲུབ་མཐའ་རྩོད་པའི་ཚེ་ནའང་རྫོགས་ཆེན་གྱི་ལྟ་བ་དེ་ཉིད་མཐའ་བཞི་བྲལ་བ་མ་ཡིན་པ་ཐལ། རྫོགས་ཆེན་གྱི་གྲུབ་མཐའ་རྩོད་པ་ལ་གྲུབ་མཐའ་རྩོད་པར་འཇོག་དགོས་པའི་ཕྱིར་ཏེ། རྫོགས་ཆེན་གྲུབ་མཐའ་གྲུབ་མཐའ་ཡིན་པའི་ཕྱིར་། གོང་དུ་མ་ཁྱབ་ཟེར་ན། ཁྱབ་པ་ཡོད་པར་ཐལ། གྲུབ་མཐའ་རྩོད་པའི་ཚེ་ན་རྫོགས་ཆེན་ལྟ་བ་དེ་ཉིད་ཡུལ་ཡུལ་ཅན་རྟག་མི་རྟག་སོགས་ཀྱི་སྤྲོས་པ་དང་མ་བྲལ་བའི་ཕྱིར། རྟགས་ཁས། དེ་ལ་མ་ཁྱབ་ཞེ་ན། དེ་ཡང་ཁྱབ་སྟེ། མཐའ་བཞི་བྲལ་མ་བྲལ་གྱི་ཚད་དེ་ཡིན་པའི་ཕྱིར། མ་གྲུབ་ན། རྗོགས་ཆེན་རྩོད་པའི་ཚེ་ཡུལ་ཡུལ་ཅན་རྟག་མི་རྟག་ཡོད་མེད་ཡིན་མིན་སོགས་ཀྱི་སྤྲོས་པ་དང་མ་བྲལ་བ་ཡང་ཡིན་མཐའ་བཞི་བརྒྱ་གྲོལ་ཡང་ཡིན་པའི་གཞི་མཐུན་པ་ཡིན་པ་ཐལ། འདོད་པ་དེ་ཡིས་ཕྱིར། འདོད་ན་ ཀུན་ཏུ་བཟང་པོ་རང་གྲོལ་རྟོགས་པ་ཆེ་ལ་མཆོད་པ་འབུལ་ལོ། གོང་གི་རྟགས་མ་གྲུབ་ན། རྩ་བའི་དམ་བཅའ་བུད། ད་གྲོགས་པོ་ལགས་མི་སྨྲ་ལྐུགས་པའི་རྟུལ་ཞུགས་འཆང་བ་ལས་ལམ་གཞན་འདུག་གམ། ཧ་ཧ་ རྫོགས་ཆེན་ལུགས་ཀྱི་གནས་ལུགས་མཐའ་བཞི་བྲལ་བ་ཡིན་ཞེས་པའི་དོན་རྫོགས་ཆེན་གྲུབ་མཐའི་ལུགས་ལ་མ་ཡིན་པར་རྟོགས་ལྡན་པའི་དགོངས་པ་ལ་གསུངས་པར་གོ་དགོས་ཟེར་བ་ལ་ཡང་བསྐྱར་འདི་ལྟར་སྨྲ་སྟེ། རྫོགས་ཆེན་ལུགས་ཞེས་པ་རྟོགས་ལྡན་གྱི་དགོངས་པར་གོ་དགོས་སམ་མི་དགོས། དགོས་ན་རྫོགས་ཆེན་ལུགས་ལ་རང་རིག་ཡེ་ཤེས་དང་རང་འབྱུང་ཡེ་ཤེས་གཉིས་ཡུལ་དང་ཡུལ་ཅན་རྟག་པ་དང་དངོས་པོས་ཁྱད་པར་བྱས་པའི་སྒོ་ནས་དོན་འགལ་མ་ཡིན་པར་ཐལ། རྫོགས་ཆེན་ལུགས་ཞེས་པ་རྟོགས་ལྡན་གྱི་དགོངས་པར་གོ་དགོས་པ་གང་ཞིག། རྟོགས་ལྡན་པའི་དགོངས་པར་ རང་རིག་ཡེ་ཤེས་དང་རང་འབྱུང་ཡེ་ཤེས་གཉིས་ཡུལ་དང་ཡུལ་ཅན་རྟག་པ་དང་དངོས་པོས་ཁྱད་པར་བྱས་པའི་སྒོ་ནས་དོན་འགལ་མ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན་རྩ་བའི་དམ་བཅའ་བུད། མི་དགོས་ན་གོང་གི་སྐྱོན་རྣམས་སེལ་མ་ནུས་སོ། འོ་ན་ད་ཁྱོད་རང་གིས་རྫོགས་པ་ཆེན་པོའི་གནས་ལུགས་དེ་ཉིད་རྫོགས་ཆེན་གྲུབ་མཐའི་ལུགས་ལ་མཐའ་བཞི་རྒྱ་གྲོལ་མ་ཡིན། རྟོགས་ལྡན་པའི་དགོངས་པར་མཐའ་བཞི་རྒྱ་གྲོལ་ཡིན་ཞེས་བཤད་རྒྱུ་ལས་མ་འདས་སོ། དེ་ལྟ་བུའི་རིག་སྟོང་འགག་མེད་ཀྱི་ལུང་རིག་ཚད་མའི་མཆོད་པ་འདི་ཉིད་ངོ་བོ་རྒྱལ་བ་དང་མཉམ་ཞིང་བཀའ་དྲིན་རྒྱལ་བ་ལས་ཀྱང་ལྷག་པའི་དྲིན་ཆེན་དཔོན་གསས་བླ་མའི་ཐུགས་དགོངས་དགྱེས་པའི་མཆོད་ཡོན་དུ་འབུལ་ལོ།། ཐུན་མིན་རྫོགས་ཆེན་ལུགས་ཀྱི་ལུང་དོན་ཐམས་ཅད་རང་རང་གི་འདོད་པ་ཁོ་ནར་བསྟུན་ཏེ་དགོངས་པ་འགྲེལ་བའི་ཚུལ་འདི་རིགས་ལ། ཁོ་བོས་མདོ་སྔགས་སེམས་གསུམ་གྱི་ལྟ་བའི་བསྡུས་དོན་གྱི་མཇུག་ཏུ། གདམ་གནད་བླ་མར་མི་བསྟེན་རང་ཆེ་སྒྲུབ། ཐུན་མིན་ཟབ་དོན་དྲང་དོན་དགོངས་པས་ཁྱབ། ཅེས་པའི་ཚིག་བཅད་དེ་བྲིས་ཐལ་སོང་བས་བསྐྱར་བཟློས་བྱེད་པར་དགོས་གལ་མ་མཐོང་། ད་ཁྱོད་རང་གི་འདོད་པ་གང་ཡོད་ཟུར་བལྟས་ལེབ་མཐོང་གི་དཔེ་ལྟར་འདུག་པ་ལ་བལྟོས་ཏེ་དགག་བཞག་ཆ་ཚང་བྱས་པ་ཡིན་ན་གྲོགས་མཆེད་ལགས་ལ་དྲི་བ་ཟད་པར་དོགས་ནས་གོང་གི་ལུང་དེ་དག་གི་དགོངས་དོན་མདོར་བསྡུས་གོ་བདེ་ཙམ་དུ་འགྲེལ་ནས་ཁྱོད་ཀྱིས་རྗེས་སུ་རྩོད་པ་དང་རྒོལ་ལེན་ལ་སྒུག་ནས་དེ་ཙམ་གྱིས་འཐུས་པར་བྱས་ཡོད།
ཡང་བསྟན་རིན་ཞེས་པ་དེས། “དམིགས་རྒྱུ་འདྲེ་དམིགས་བརྡུང་རྒྱུ་རྔ་བརྡུངས། ”ཞེས་པའི་དཔེ་ལྟར་རྒྱལ་མཚན་དྲི་མེད་མཆོག་ལ་ཚིག་ངན་བརླང་པོ་ཆེ་འགའ་བཤད་པ་འདི་ལྟར་ཏེ། ‘རྩོམ་དེ་བསྣམས་ཕེབས་མཁན་རྒྱལ་མཚན་དྲི་མེད་ནས་ལན་ཞིག་བྲིས་ནའང་འགྲིག། རང་རིག་ཡེ་ཤེས་རྟག་པ་ཡིན་ན། དེ་ཡིས་ཡུལ་རང་འབྱུང་ཡེ་ཤེས་ཇི་ལྟར་རྟོགས་ནུས་སམ། རྟག་པས་ཡུལ་རྟོགས་པ་ཡོད་དམ། དེ་འདྲའི་རིག་པ་ཞལ་ཁོག འཇལ་བྱེད་མྱོང་བྱེད་ཡིན་ན་དངོས་པོ་ཡིན་པས་ཁྱབ་མི་དགོས་སམ། ’ཞེས་པའི་དྲི་བ་འདི་ཁོ་བོས་མཐོང་ཙམ་ཉིད་ན་ཁྱོད་རང་བློ་རྟགས་བསྡུས་གསུམ་ལག་ཏུ་བཟུང་ནས་ཀ་བ་བུམ་པ་རྩོད་མཁན་ཞིག་དང་། ཡང་ན་ “རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡོད་ན། དྲང་དོན་ཉིད་དུ་ལུང་དུ་འགྲེལ་བར་བྱ། ” ཞེས་གསུངས་པའི་ཕྱིར་ཟེར་མཁན་ཞིག་ཡིན་པའི་སྣང་བ་ཤར་ནས་སེམས་གཏིང་ནས་གད་མོ་ཞིག་ཤོར་སོང་། ཁྱོད་ཀྱི་དྲི་བ་དང་པོ་རང་རིག་ཡེ་ཤེས་རྟག་པ་ཡིན་ན། ཞེས་ རང་རིག་ཡེ་ཤེས་རྟག་པར་འདོད་མཁན་གྱི་རྒོལ་བ་སུ་ཞིག་བཞག། ང་གཙང་ཚྭ་དགེ་བཤེས་འཇོག་གི་ཡོད་ན། ངས་ རང་རིག་ཡེ་ཤེས་དེ་བློ་ཡི་ཡུལ་དུ་གྱུར་པའི་མི་འཇིག་པའི་བོན་རྟག་པ་ཡིན་པ་སྔོན་དུ་ཁས་ལེན་མ་མྱོང་ལ། ད་ལྟ་ཡང་ལེན་གྱི་མེད། མ་འོངས་པར་ལེན་སྲིད་ཀྱི་མ་རེད། ད་ཁྱོད་ཀྱིས་ ཡང་ན་དངོས་པོ་ཡིན་པ་ཐལ་ཞེ་ན། ངས་ རང་རིག་ཡེ་ཤེས་དེ་བློ་ཡི་ཡུལ་དུ་གྱུར་པའི་འཇིག་པ་ཅན་གྱི་བོན་ཡིན་པའང་དུས་གསུམ་གང་དུ་ཁས་ལེན་སྲིད་ཀྱི་མ་རེད། ཡང་ཁྱོད་ཀྱིས་ ད་རང་རིག་ཡེ་ཤེས་མེད་ངེས་ཡིན་པ་ཐལ་ལོ། ཞེ་ན། རྒོལ་བ་ཁྱོད་ལ་བལྟོས་ཏེ་བཤད་ན་རྫོགས་པ་ཆེན་པོའི་རང་རིག་ཡེ་ཤེས་དེ་མེད་ངེས་ཡིན་པ་ཤིན་ཏུ་ལེགས་པར་སེམས། རྫོགས་ཆེན་ལུགས་ལ་ཁྱོད་ཀྱི་འདོད་པའི་རྟག་དངོས་གཉིས་གང་རུང་མ་ཡིན་ན་མེད་ངེས་ཡིན་པའི་ཁྱབ་པ་མི་འདུག་གོ། གོང་གི་ཚིག་ཟུར་ དེ་ཡིས་ཡུལ་རང་འབྱུང་ཡེ་ཤེས་ཇི་ལྟར་རྟོགས་ནུས་སམ། ཞེས་པ་ལ། ཁྱོད་ཀྱིས་ཞེ་འདོད་ལྟར་གྱི་རྟག་པ་ཡིན་ན་རང་འབྱུང་ཡེ་ཤེས་རྟོགས་མི་ནུས་པའི་ཁྱབ་པ་རང་གི་འདོད་ཐོག་ལ་སོང་། རང་རིག་ཡེ་ཤེས་དེ་ལྟར་མ་ཡིན་པ་བཤད་ཟིན་པས་བསྐྱར་བཟློས་མི་དགོས་སོ། ད་རྟག་པས་ཡུལ་རྟོགས་པ་ཡོད་དམ། དེ་འདྲའི་རིག་པ་ཞལ་ཁོག ཟེར་ས་སུ་ཡིན། གཞན་མེད་ན་ཁྱོད་རང་ལ་ཚུལ་ལོག་ནའང་འཚམས་པོ་འདུག། གང་ཡིན་ཟེར་ན་རྒོལ་བ་མེད་པའི་སྒྲུབ་བྱེད་བཀོད་པ་དེ་རིག་པ་ཞལ་གོག་ལོས་ཡིན། ད་ཁྱོད་རང་ཧང་སང་ཏེ་བསྡད་རྒྱུ་རེད་མི་འདུག་གས། མཚམས་འདི་ལ་གལ་སྲིད་བསྟན་རིན་ཞེས་པ་ང་ཡི་ཆོས་གྲོགས་གཤེན་བསྟན་ཡིན་ན་ང་རང་གཉིས་སྔོན་མ་འཆད་རར་རྩོད་པའི་སྐབས། ངས་ལན་དམིགས་བསལ་བ་འགའ་རྒྱག་དུས། ཁྱོད་རང་ཁ་ནས་ ཅོའོ་ ཟེར་ ལབ་ནས་སྣ་གཉེར་བྱེད་བཞིན་ཁ་ཕྱིར་སྐོར་ཏེ་ཡུན་རིང་ཁ་མི་གྲགས་པར་བསྡད་ཅི་ཡོད་པ་དེའི་དོན་སྤྱི་གསལ་ལྷང་ངེར་ཤར་གྱི་འདུག དེ་ཚོ་དོན་མེད་བཤད་སོང་། དོན་དངོས་ནི་ཕྱོགས་སྔའི་ནམ་མ་ལངས་ན་དགག་པའི་ཉི་མ་མི་འཆར་ཞེས་པ་བདེན་པ་བདེན་རྐྱང་ལོས་ཡིན།
ཡང་དྲི་བ་གཉིས་པ། “འཇལ་བྱེད་མྱོང་བྱེད་ཡིན་ན་དངོས་པོ་ཡིན་པར་ཁྱབ་མི་དགོས་སམ། ”ཞེས་པ་ལ། དེ་ཁྱབ་མི་དགོས་ཏེ་རང་འབྱུང་ཡེ་ཤེས་འཇལ་བྱེད་ཀྱི་རང་རིག་ཡེ་ཤེས་ཡིན་ན་སྐྱེ་འགག་ཅན་གྱི་དངོས་པོ་མ་ཡིན་པར་ཁྱབ། བློ་རིག་ཤེས་གསུམ་དོན་གཅིག་པའི་གྲུབ་མཐའི་ལུགས་ཀྱི་ཤེས་པ་ཡིན་ན་རང་འབྱུང་ཡེ་ཤེས་འཇལ་བྱེད་དང་མྱོང་བྱེད་མ་ཡིན་པར་ཁྱབ་པ་དེ་ཁོ་བོས་མཐར་ཐུག་གི་དམ་བཅའ་འམ་ཁས་ལེན་ཡིན་ནོ། ཁྱོད་རང་གི་ཞེ་འདོད་ཀྱི་ཁྱབ་པ་དེ་ལ་ངས་འགལ་ཁྱབ་ཞེས་ལན་རྒྱག་པར་སྤྲོ། དེས་མ་ཚད་བོན་རང་ལུགས་མཐར་ཐུག་སེམས་དཔའ་སྤྲོས་མེད་པའི་ལུགས་ལ་ཡང་བློ་འདས་ཀྱི་ལྟ་བ་ཁས་བླངས་ན་ཁྱོད་རང་དྲན་པ་མ་བརྒྱལ་བར་གྱིས་ཤིག་གུ། དེ་ལྟ་བུའི་དམ་བཅའ་འམ་ཁས་ལེན་དེ་ནི། ༧ རྒྱལ་བ་ཀུན་ཏུ་བཟང་པོ་ནས་བླ་ཆེན་དྲན་པ་ཡབ་སྲས། སྤྲུལ་སྐུ་དྲིན་ཆེན་རྣམ་གཉིས། དགོངས་མཛོད་རི་ཁྲོད་ཆེན་པོའམ་རྗེ་རི་ཁྲོད་པ་ཡབ་སྲས། མཉམ་མེད་རྒྱལ་བ་ཡབ་སྲས། ཤར་རྫ་འཇའ་ལུས་ཡབ་སྲས། ཡོངས་འཛིན་སྨྲ་སེང་རྣམ་གཉིས་སོགས་ཀྱི་དགོངས་པ་རྫུན་དུ་འགྲོ་མི་སྲིད་ན་ངའི་ཁས་ལེན་འདི་ཡང་རྫུན་དུ་འགྲོ་སྲིད་ཀྱི་མ་རེད་བསམ་པའི་ངེས་ཤེས་འགྱུར་མེད་གཡུང་དྲུང་གི་གཤིས་སུ་བརྟན་པ་ནི། རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་གཤེན་གླུ་ལས། “རྒྱལ་བ་གཤེན་རབ་དངོས་བྱོན་ཀྱང་། སླད་ཆད་འདྲི་བ་བྲལ་ལོ་སེམས། ”ཞེས་གསུངས་པ་ལྟར་ད་ནི་རྗེ་ཏ་པི་ཧྲི་ཙ་དངོས་སུ་འཇལ་ཀྱང་དོགས་སེལ་དྲི་བའི་རེ་འདོད་ཡོངས་སུ་ཟད་པར་འདུག་གོ།
སྨྲས་པ།
རྒྱལ་བའི་བཀའ་དང་ཡོངས་འཛིན་བླ་མའི་གསུང་།།
རང་རྟོགས་མྱོང་གསུམ་གནད་ཐོག་གཅིག་བབ་པས།།
ད་ནི་རྒྱལ་བ་ཀུན་བཟང་མངོན་མཇལ་ཡང་།།
དྲི་བསམ་ཀུན་རྟོག་ཡོངས་སུ་སྟོངས་ན་ཐལ།།
ཀུན་བཟང་ནས་བཟུང་དྲིན་ཆེན་མཁན་སློབ་བར།།
བརྒྱུད་པ་མ་ཆད་བྱིན་རླབས་མ་ཡལ་བའི།།
ཚེ་གཅིག་སངས་རྒྱས་འགྲུབ་པའི་ཟབ་གདམས་མཆོག།།
ཐོབ་པའི་དགའ་སྤྲོ་བླ་མ་ལྷ་ལ་འབུལ།།
ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།
གཉིས་པ་སྒྲུབ་བྱེད་འགོད་པ།
ད་ནི་ཁོ་བོས་རང་རིག་ཡེ་ཤེས་དང་རང་འབྱུང་ཡེ་ཤེས་གཉིས་དོན་ལ་ཐིག་ལེ་ཉག་གཅིག་གཉིས་མེད་ལས་ཡུལ་དང་ཡུལ་ཅན་རྟག་པ་དངོས་པོའི་ཁྱད་པར་མེད་པར་སྒྲུབ་བྱེད་དུ་ལུང་ཚིག་དུམ་ཞིག་འདྲེན་པར་འདོད། སྤྱིར་ཁྱོད་རང་གིས་དྲངས་བའི་ལུང་དེ་དག་ལས་ལྷག་པ་དགོས་གལ་མི་ཆེ་ནའང་ཕྲན་གྱི་ལུང་འདྲེན་མེད་པ་སྤོང་བའི་ཕྱིར་ནའོ། །
《རྗོགས་ཆེན་བསྒྲགས་གསུམ་ རྒྱུད་བུ་ཆུང་བཅུ་གཉིས།》 དཔེ་གཟུགས། བཀའ་འགྱུར་སྔོན་མ། ལྡེབ་ངོས་ ༧༢ ལས། “བླ་མེད་རྫོགས་ཆེན་འདི་ཉིད་ནི། ཤེས་པ་མེད་པར་ཤེས་རབ་མཆོག སྙིང་པོ་ཆེན་པོའི་ལམ་ལས་འདས། གང་ཡང་མ་བཙལ་ལྷུན་གྲུབ་པས། ས་བཅུ་ཐེག་པ་རིམ་དགུ་རྫོགས།” ཞེས་པས་རྫོགས་པ་ཆེན་པོའམ་བྱང་སེམས་ཐིག་ལེ་ཉག་གཅིག་དེ་ཉིད་ཤེས་པར་མེད་ཀྱང་ཤེས་རབ་ནང་ནས་མཆོག་དེ་ཡིན་པར་བསྟན་པ་དེ་ཁྱོད་ལ་གོ་རྒྱུ་འདྲ་ཨི་འདུག། ལུགས་འདི་ལ་མཆོག་ཏུ་གྱུར་པའི་ཤེས་རབ་བམ་ཡེ་ཤེས་ཡིན་ན་བློ་རིག་ཤེས་གསུམ་གྱི་ཤེས་པ་ཡིན་དགོས་ས་འདུག་གམ། རྗེ་ཏ་པི་ཧྲི་ཙར་གསོལ་བ་འདེབས་ནས་ལེགས་པར་སོགས་ཤིག།
《རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ལས་གཟེར་བུ་ཉི་ཤུ་རྩ་གཅིག་གི་གཞུང་།》 བཀའ། གངས་ཏི་སེ་བོན་གཞུང་རིག་མཛོད། དེབ་ཉེར་བཞི་པ། མི་རིགས་དཔེ་སྐྲུན་ཁང་། ལྡེབ་ངོས་༣༦༣ ལས། “གསལ་བ་རང་འབྱུང་རིག་པའི་རྒྱལ་པོ་ནི། རང་འབྱུང་ཡེ་ཤེས་ཀུན་གྱི་གཞི་རྩལ་གནས། གཟུགས་མེད་ཡེ་ཤེས་ཁ་དོག་དབྱིབས་གཟུགས་བྲལ། བརྗོད་མེད་ཡེ་ཤེས་མིང་ཚིག་ཡི་གེ་བྲལ། རྟོག་མེད་ཡེ་ཤེས་རྟོག་དཔྱོད་བློ་དང་བྲལ། ཡེ་ཤེས་ཚོན་གང་སྣང་མེད་བོན་གྱི་སྐུ། གཤེན་ལྷ་དཀར་པོ་གདགས་མེད་ཀུན་གྱི་གཞི། ངོ་བོ་ཉིད་ཀྱི་རིག་པ་ཞེས་སུ་གྲགས།” ཞེས་པས་དེ་ལྟ་བུའི་རང་འབྱུང་རིག་པའི་རྒྱལ་པོའམ་རྟོག་མེད་ཀྱི་ཡེ་ཤེས་དེ་ཉིད་ མིང་ཚིག་ཡི་གེས་བརྗོད་དུ་མེད་པ་སྒྲ་བློའི་ཡུལ་ལས་འདས་པར་གསུངས་པས་ད་ཁྱོད་ཀྱི་འདོད་པ་ལྟར་གྱི་འདུས་བྱས་ཀྱི་ཤེས་པ་ཞིག་ཡིན་དགོས་འདུག་གམ།
《གབ་འགྲེལ་རིག་པའི་རྒྱ་མཚོ། 》མཛད་པ་པོ་བླ་ཆེན་དྲན་པ་ནམ་མཁའ། གངས་ཏི་སེ་བོན་གཞུང་རིག་མཛོད། དེབ་བཅུ་དགུ་པ། མི་རིགས་དཔེ་སྐྲུན་ཁང་། ལྡེབ་ངོས་ ༣༥༢ ལས། “རིག་པ་བྱང་ཆུབ་ཀྱི་སེམས་དེ། གཅིག་དང་གཉིས་ཀྱི་གྲངས་ལས་ཀྱང་འདས་ཏེ། ཡང་དག་པའི་སྤྲོས་པ་དང་ཡེ་ནས་བྲལ། རིག་པ་བྱང་ཆུབ་ཀྱི་སེམས་དེ། ཉིད་ལ་ཉིད་གསལ་བའམ། ཡང་ན་དངོས་ཀྱི་དགག་སྒྲུབ་ཀྱི་སྤྲོས་པ་དང་ཡེ་ནས་བྲལ་ཏེ། རང་ལ་རང་གསལ་བ་ལས། གསལ་ལོ་བའི་རྟོག་པ་རྡུལ་ཙམ་ཡང་མེད་པའི་དུས་ན་གོལ་དང་མ་གོལ་གཉིས་སུ་མེད་པའོ། །
རིག་པ་བྱང་ཆུབ་ཀྱི་སེམས་དེ། དུས་གསུམ་དུ་འདུས་མ་བྱས་ཏེ། ཞེས་བྱང་ཆུབ་སེམས་དེ་ཐོག་མ་ནས་རྒྱུ་འདི་ལས་གྲུབ་བྱ་བའམ། དུས་འདི་ཙམ་ནས་བྱུང་བྱ་བའམ། ཡུལ་འདི་ལྟར་གྲུབ་བྱ་བ་ཡེ་ནས་མེད་དེ་དུས་གསུམ་འདུས་མ་བྱས་པའོ།” ཞེས་པའི་སྐབས་སུ་བསྟན་པའི་རིག་པ་བྱང་ཆུབ་ཀྱི་སེམས་དེ་ཁྱོད་ཀྱིས་གང་ལ་ངོས་འཛིན། གནས་ལུགས་རྟག་པ་དེ་ལ་ངོས་འཛིན་ནམ། ཡེ་ཤེས་དངོས་པོ་དེ་ལ་ངོས་འཛིན། དང་པོ་ལྟར་ན་གནས་ལུགས་རྟག་པ་དེ་ཉིད་རང་ལ་རང་གསལ་ཚུལ་དང་ཉིད་ལ་ཉིད་གསལ་ཚུལ་ཡོད་དམ། འདོད་ན་རྟག་པས་རྟག་པ་གསལ་བའམ་རྟོགས་པ་ཡོད་པ་ཐལ། དེ་འདྲའི་རིག་པ་ཞལ་གོག། གཉིས་པ་ལྟར་ན་ཡེ་ཤེས་དངོས་པོ་དེ་ཉིད་དུས་གསུམ་འདུས་མ་བྱས་པ་ཡིན་པ་ཐལ། འདོད་ན་དངོས་པོ་དང་འདུས་མ་བྱས་གཞི་མཐུན་ཡོད་པ་ཐལ། ཡང་དེ་འདྲའི་རིག་པ་ཞལ་གོག། ད་དེ་འདྲའི་རིག་པ་བྱང་ཆུབ་ཀྱི་སེམས་དེ་མེད་ངེས་ཡིན་པ་ཐལ། རིག་པ་བྱང་ཆུབ་སེམས་དེ་རང་ལ་རང་གསལ་བ་ཡང་ཡིན་དུས་གསུམ་འདུས་མ་བྱས་ཡང་ཡིན་པ་གཞུང་འདི་ཡི་དགོངས་པ་གང་ཞིག། ཤེས་བྱ་ལ་དེ་འདྲ་མི་སྲིད་པའི་ཕྱིར། རྟགས་དང་པོ་དངོས། ཕྱི་མ་ཁས། ཧ་ཧ་ཧ། ད་ལྟད་མོ་འདུག་གོ།
ཡང་《གབ་འགྲེལ་རིག་པའི་རྒྱ་མཚོ། 》གོང་ལྟར། ལྡེབ་ངོས་༤༣༧ ལས། “ཡེ་རྟོགས། ཞེས་པས་རིག་པ་རང་འབྱུང་གི་ཡེ་ཤེས་དེ། གདོད་མ་ནས་རང་གིས་རང་རྟོགས་ཤིང་། ཉིད་ལ་ཉིད་གསལ་བ། གསལ་ལོ་བའམ་རྟོགས་སོ་སྙམ་པ་གང་ཡང་མེད་པ་ལ་བཅོས་སུ་མེད་དོ། གསལ་རྨོངས་མེད། ཅེས་པས། རང་འབྱུང་གི་ཡེ་ཤེས་དེ་གདོད་མ་ནས་གསལ་བ་ཆེན་པོར་གནས་ཏེ་རྨོངས་ཤིང་མི་གསལ་བ་གང་ཡང་མེད་པ་ལ་བཅོས་སུ་མེད་དོ། ཞེས་ལུང་དེ་དག་གིས་རང་འབྱུང་ཡེ་ཤེས་ཞེས་པ་ཁྱོད་རང་གིས་འདོད་པའི་རྟག་པ་དེ་ཡིན་པར་བསྟན་འདུག་གམ། མ་ཡིན་པར་བསྟན་འདུག་ལེགས་པར་ལྟོས་ཤིག།
《མ་རྒྱུད་ཐུགས་རྗེ་ཉི་མའི་གྲོལ་ལམ་རིན་ཆེན་འཕུར་རྐྱེན་གྱི་འགྲེལ་བ།》 གྷུ་རུ་རྣོན་རྩེའི་གཏེར་མ། གཡུང་དྲུང་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། ལྡེབ་ངོས་ ༤༩༢ ལས། “རང་འབྱུང་གི་ཡེ་ཤེས། རང་རིག་པའི་ཡེ་ཤེས། ཁྱད་པར་རང་ལྷན་གཅིག་སྐྱེས་པའི་ཡེ་ཤེས་དེ། སེམས་བསམ་རྣོ་མི་བྱེད་པ་དེ་ལ་ཟེར་བ་ཡིན། རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་བསམ་རྣོ་ཅི་ཡང་མི་བྱེད་པ་ལ་ཟེར་བ་ཡིན་པས། ”ཞེས་རང་འབྱུང་ཡེ་ཤེས། རང་རིག་ཡེ་ཤེས། ལྷན་གཅིག་སྐྱེས་པའི་ཡེ་ཤེས། རྣམ་པར་མི་རྟོག་པའི་ཡེ་ཤེས་སོགས་ཐ་སྙད་རྣམ་གྲངས་ཇི་ཙམ་བགྲངས་ཀྱང་དོན་དུ་ཐ་དད་མེད་པར་སེམས་བསམ་རྣོ་མི་བྱེད་པ་དེ་གཅིག་པུ་ལ་ངོས་བཟུང་མཛད་པ་འདི་ལས་ལྷག་པའི་སྒྲུབ་བྱེད་ཞིག་གོ་བ་ལོན་པའི་སྐལ་པ་ཡོད་རིགས་ལ་མི་དགོས་སོ། །
《གཏན་ཚིག་ངེས་པའི་གལ་མདོ། 》པཎ་ཆེན་ལི་ཤུ་སྟག་རིང་། གངས་ཏི་སེ་བོན་གཞུང་རིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ལྡེབ་ངོས་༨༦ ལས། “གསལ་བ་ཉིད་དངོས་མེད། དངོས་མེད་ཉིད་གསལ་བ་མ་འགག་པའི་ཕྱིར། གསལ་ལ་རང་བཞིན་མེད་པའི་ཕྱིར་རོ། རྫས་སུ་གྲུབ་པ་ནི་གཏན་མེད་དོ།” ཞེས་པའི་གསལ་བ་དེ་རང་རིག། དངོས་མེད་དེ་སྟོང་པ་ལ་གོ་དགོས་སོ། ཡང་གལ་མདོ་ནང་དུ་ལུང་དྲང་བ། 《འཁོར་བ་རྒྱུ་ལྡོག་གི་རྒྱུད་》ལས། “སེམས་ཉིད་འོད་གསལ་ཐིག་ལེ་ནི། དངོས་པོའི་རྫས་སུ་ཡེ་ནས་མེད། ཤེས་རིག་གསལ་བ་ཡེ་ནས་ཡོད། འདི་ཞེས་བསྟན་དུ་ངས་མ་བཏུབ། ”ཅེས་པ་སོགས་ཀྱིས་ཇི་ལྟར་བསྟན་འདུག། གསལ་བ་སྟོང་པ་མ་ཡིན་སྟོང་པ་གསལ་བ་མ་ཡིན་པར་གསུང་འདུག་གམ།
༧ ཡོངས་འཛིན་ཆེན་མོའི་རྩོད་སྤངས་སྨྲ་བའི་སེང་གེའི་མཆན་འགྲེལ་ནང་དུ་ལུང་དྲང་བ།《 གལ་མདོ་》ལས། “རང་རིག་ཉིད་ཀྱང་དངོས་པོ་མེད། དངོས་མེད་ཉིད་ཀྱང་རང་རིག་པས། ལྡོག་བཅས་རྒྱ་མ་ཆད་པའི་ཕྱིར། གསལ་བ་ཉིད་ན་མི་རྟོག་སྟེ། མི་རྟོག་པ་ཉིད་རང་རིག་གསལ། གཉིས་སུ་དབྱེར་མེད་ཉག་གཅིག་མ། གཞན་ནས་མ་ཡིན་བཙལ་མེད་པར། རང་རིག་ལས་ནི་ཉམས་སུ་མྱོང་། ”ཞེས་པའི་སྐབས་ནས་བསྟན་པའི་རང་རིག་ཉིད་ཀྱང་དངོས་པོ་མེད། ཅེས་པའི་རང་རིག་དེ་གསལ་བ་རང་རིག་ཡེ་ཤེས་དང་། དངོས་པོ་མེད་ཅེས་པའི་དངོས་མེད་དེ་སྟོང་པ་རང་འབྱུང་ཡེ་ཤེས་ལ་གོ། དེ་གཉིས་མིང་ལྡོག་སོ་སོར་སྨྲས་པ་ཙམ་ལས་དོན་ལ་ཐ་དད་རྒྱ་མ་ཆད་པར་ཕར་ཡིན་ཚུལ་ཡིན་ཡིན་པ་རྟགས་སུ་བཀོད། ཡང་གསལ་བ་ཉིད་ནི་མི་རྟོག་སྟེ། ཅེས་པའི་གསལ་བ་དེ་རང་རིག་གསལ་བ་དང་མི་རྟོག་ཅེས་པ་དེ་རང་འབྱུང་སྟོང་པ་དེ་ལ་གོ། དེ་ཡང་གསལ་བ་ཉིད་མི་རྟོག་པ་ཡིན་པ་མི་རྟོག་པ་ཉིད་གསལ་བ་ཡིན་པ། གཉིས་སུ་དབྱེར་རུ་མེད་པའི་ཉག་གཅིག་ཡིན་པར་སྒྲུབ་བྱར་བཟུང་སྟེ་བླ་མེད་རྫོགས་པ་ཆེན་པོའི་ལྟ་བ་གཏན་ལ་ཕབས། འོ་ན་སྒྲུབ་བྱ་དང་སྒྲུབ་བྱེད་ཐ་མི་དད་པ་ཡིན་པ་ཐལ་ཞེ་ན་མ་ཡིན་ཏེ། ཐ་སྙད་མིང་ལྡོག་གི་སྒོ་ནས་གསལ་བ་དང་མི་རྟོག་པ་གཉིས་མེད་དེ་སྒྲུབ་བྱ་དང་། རང་རིག་དང་རང་འབྱུང་དབྱེར་མེད་དེ་སྒྲུབ་བྱེད་ཡིན་པས་ཐ་དད་པའོ། གཞན་ནས་མ་ཡིན་བཙལ་མེད་པར། ཞེས་པས་དེ་ལས་གཞན་པ་ཞིག་རྫོགས་པ་ཆེན་པོའི་ལྟ་བ་ཡིན་མི་སྲིད་པ་དང་བཙལ་ཀྱང་རྙེད་པ་མེད་པར་བསྟན། རང་རིག་ལས་ནི་ཉམས་སུ་མྱོང་། ཞེས་པས་དེ་འདྲའི་གསལ་སྟོང་དབྱེར་མེད་ཐིག་ལེ་ཉག་གཅིག་དེ་ཉིད་རང་གིས་རང་རིག་པའི་ཚུལ་གྱིས་མྱོང་བ་ལས་མྱོང་མཁན་གཞན་མི་དགོས་པར་བསྟན། མྱོང་བ་ཞེས་པ་རྟོགས་པའམ་རིག་པའི་དོན་ལ་གོ་ནས་བླ་མེད་ཀྱི་ལྟ་བ་ཟབ་མོ་འདི་ལ་ཡིད་ཆེས་དང་དད་མོས་ཡང་དག་ཞིག་རང་རྒྱུད་ལ་སྐྱེས་པ་ཡིན་ན་དམན་པའི་གྲུབ་མཐར་ཞུགས་ཏེ་བསྐལ་པར་ཚོགས་བསགས་པ་ལས་བསོད་ནམ་མི་ཆེའམ།
གོང་ལྟར་རྩོད་སྤངས་སྨྲ་བའི་སེང་གེའི་མཆན་འགྲེལ་ནང་དུ་ལུང་དྲང་བ《འབྲིང་པོ་སོར་བཞག་》ལས། “སྟོང་པའི་ངོ་བོ་གསལ་བར་གནས། གསལ་བའི་ངོ་བོ་སྟོང་པར་གནས། སྟོང་གསལ་དབྱེད་མེད་ཀྱི་ཡོན་ཏན་འགྱུར་མེད་དུ་གནས།” ཞེས་པའང་འགྲེལ་བ་གོང་དང་མཐུན།
《དབལ་མོ་ལས་ཐིག་གཡུང་དྲུང་གསང་བའི་རྒྱུད་》 སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ལྡེབ་ངོས་༣༢༥ ལས། “སེམས་ཉིད་རང་ལ་ཡོད་པ་དེ། རང་གིས་རྟོགས་པར་མ་གྱུར་པས། ཐར་པའི་ལམ་དང་གཏན་དུ་བྲལ། དེ་ལ་སྟོན་པས་སྤྱན་གྱིས་གཟིགས། ཡུལ་དང་ཡུལ་ཅན་མ་ཡིན་ཏེ། དཔེར་ན་མེ་ལོང་ནང་དུ་ཡང་། གཟུགས་ཀྱི་རྣམ་པ་འཆར་དུས་སུ། གཟུགས་དབྱིབས་ལེགས་ཉེས་ཇི་ལྟ་བ། གསལ་བར་གྱུར་ཀྱང་རྟོག་པ་མེད། དེ་བཞིན་སྟོན་པས་ཡུལ་ཅན་ཉིད། གཟིགས་པར་གྱུར་པ་མ་ཡིན་ཡང་། ”ཞེས་རང་རིག་ཡེ་ཤེས་དང་རང་འབྱུང་ཡེ་ཤེས་གཉིས་ཡུལ་དང་ཡུལ་ཅན་མ་ཡིན་པ་སྒྲུབ་བྱར་བཀོད། སྟོང་པ་སངས་རྒྱས་ཀྱི་རྣམ་མཁྱེན་ཡེ་ཤེས་སྤྱན་གྱིས་རང་རིག་ཡེ་ཤེས་དང་རང་འབྱུང་ཡེ་ཤེས་གཉིས་ཡུལ་དང་ཡུལ་ཅན་ཡིན་པ་དང་རང་རིག་ཡེ་ཤེས་དེ་ཉིད་ཡུལ་ཅན་ཡིན་པར་གཟིགས་པར་མ་གྱུར་ཅེས་སྒྲུབ་བྱེད་བཀོད་ནས་གསུངས་པའི་རང་ལུགས་དྲི་མ་མེད་པ་ལུང་གསེར་ཞུན་གྱི་ཐིགས་པ་ལྟ་བུ་འདི་དག་ནི། ཇི་སྐད་དུ། འཛམ་གླིང་རིན་ཆེན་གསེར་ཕྱེས་བཀང་བ་ལས། ཡང་དག་དོན་ལ་བརྣགས་པའི་ཚིག་གཅིག་དགའ། ཞེས་པའི་དོན་འདི་འདྲའི་རིགས་ལ་གོ་དགོས་པ་ཡིན།
ཡང་ཆེས་སྙིགས་མའི་དུས་འདིར་བླ་མེད་རྫོགས་པ་ཆེན་པོའི་བློ་འདས་ཀྱི་ལྟ་བ་གནས་ལུགས་གསལ་སྟོང་ཐིག་ལེ་ཉག་གཅིག་གི་དགོངས་པ་ཀློང་དུ་ཆུབ་སྟེ་སྣང་བཞི་ཟད་སར་ཕྱིན་ནས་གདོས་ལུས་འོད་སྐུར་ཤར་བའི་ཀུན་བཟང་མི་གཟུགས་སུ་སྤྲུལ་པ་༧གྲུབ་དབང་ཀུན་མཁྱེན་ཤར་རྫ་བ་ཆེན་པོའི་ཞལ་གདམས་ལས། “སེམས་ནི་རྟོག་བཅས་སྒྲིབ་བྱེད་སྤྲིན་འདྲ་ལ། རིག་པ་རྟོག་མེད་རང་ངོ་ཉི་ལྟ་བུ། སྐྱེ་འགག་གནས་གསུམ་བྲལ་བའི་རང་བཞིན་ཅན། འདི་ལ་དུས་གསུམ་མིང་གི་བདག་བྱར་ཟད། ཅེས་དང་། རིག་པ་ནི་སྐྱེ་འགག་གནས་གསུམ་དང་བྲལ་བ་སྟེ། གྲོལ་ས་གཅེར་མཐོང་ཉིད་དུ་འདོད་དོ།” ཞེས་སེམས་རིག་སོ་སོར་ཕྱེས་ཏེ་རིག་པ་དེ་ཉིད་སྐྱེ་འགག་གནས་གསུམ་བྲལ་བས་ན་དུས་གསུམ་མིང་གི་ཐ་སྙད་མེད་པར་གསུངས་པའང་ཁྱོད་ཀྱིས་ཅི་བསམ། ད་ཁྱོད་ཀྱིས་སྐྱེ་འགག་གནས་གསུམ་དང་བྲལ་བའི་དངོས་པོ་ཞིག་ཁས་ལེས་ནུས་སམ།།
ཡང་༧ རྒྱལ་བ་སྨན་རི་བའི་ཡོངས་འཛིན་སྨྲ་སེང་རྣམ་གཉིས་ཀྱི་ཡ་གྱལ་༧གྲུབ་དབང་ཤར་རྫ་པའི་དངོས་སློབ་ཞྭ་དཀར་ཉེར་ལྔའི་ནང་ཚན་དུ་ལུང་གིས་ཟིན་པའི་༧སྐྱབས་རྗེ་སངས་རྒྱས་བསྟན་འཛིན་རིན་པོ་ཆེའི་ཞལ་གདམས་ལས། “གྲགས་གཡེར་ཤིན་ཏུ་ཆེ་བའི་རང་འབྱུང་ཡེ་ཤེས། ད་ལྟའི་རིག་པ་རྗེན་པ་འདི་ཉིད་ཡིན་ཀྱང་། དེ་ལ་ཡིད་མ་ཆེས་པ་ ཧ་ ཧ་”ཞེས་རང་འབྱུང་ཡེ་ཤེས་ཞེས་པའི་གཡེར་པོ་ཆེ་དེ་རང་གིས་རང་རྗེན་གཅེར་དུ་མཐོང་བའི་རིག་པ་འདི་ཀ་ཡིན་ཀྱང་རྫོགས་ཆེན་སྣོད་རུང་མ་ཡིན་པའི་མཁས་བླུན་གང་གིས་ཡིད་མ་ཆེས་པ་དེ་ནི་ཡ་མཚན་པའི་གནས་སུ་གཟིགས་འདུག་པས་རིག་པ་དང་རང་འབྱུང་འགལ་བ་མ་ཡིན་པར་གྲུབ་བའོ། །
ཡང་ ཆེས་སྙིགས་མའི་དུས་ཀྱི་བསྐལ་ཁུག་གསོ་བོའི་དཔའ་བོ་ཆེན་པོ་ཡང་དར་བསྟན་པའི་བདག་ཉིད་༧ རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་ཀྱི་ནང་ཚན་༧ཡོངས་འཛིན་སྨྲ་སེང་རྣམ་གཉིས་ཀྱི་ཡ་གྱལ། སྐྱེས་ཆེན་བླ་མ་དུ་མས་༧ རྒྱལ་ཚབ་རིན་ཆེན་རྒྱལ་མཚན་དང་༧ ཀུན་མཁྱེན་ཉི་མ་བསྟན་འཛིན་རྣམ་གཉིས་ཀྱི་རྣམ་སྤྲུལ་ཡིན་པར་ལུང་གིས་བསྔགས་པའི་༧ སྐྱབས་རྗེ་བསྟན་འཛིན་རྣམ་དག་རིན་པོའི་ཆེས་མཛད་པའི་《རྩོད་སྤོང་སྨྲ་བའི་སེང་གེའི་མཆན་འགྲེལ་》ལས། གོང་དུ་དྲང་བའི་གལ་མདོའི་ལུང་དེ་དང་། འབྲིང་པོ་སོར་བཞག་གི་ལུང་། དབལ་མོ་ལས་ཐིག་གི་ལུང་རྣམ་དྲངས་ཏེ་གསུངས་དོན། “ལུང་དེ་དག་གིས་གསུངས་པ་ལྟར་ན། ཇི་བཞིན་ཉིད་རྟོགས་པའི་རང་རིག་ཡེ་ཤེས་དེ་སྟོང་པ་གསལ་བའི་བདག་ཉིད་ཅན་ཞིག་ལས། ཡུལ་ཅན་གསལ་རིག་གི་བདག་ཉིད་དངོས་པོ་ཅན་ཞིག་མིན་པ་གཞུང་དུ་མས་བསྟན་པ་ལ་ཞིབ་ཏུ་གཟིགས་པར་མཛོད། ཅེས་དང་། ” ཡང་དེ་ཉིད་ཀྱིས་མཛད་པའི་《གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད། 》སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ལྡེབ་ངོས་། ༡༣༤ ལས། “འདི་ཡི་རང་རིག་ཡེ་ཤེས་ཞེས་བྱ་བ། གནས་ལུགས་གསལ་སྟོང་གཉིས་ཞེས་པའི་གསལ་བ་དེ་ཡིན་ལ། འདི་ལ་ཡང་གཞི་གནས་ཀྱི་རང་རིག་ཡེ་ཤེས་དང་རྩལ་ཤར་གྱི་རང་རིག་ཡེ་ཤེས་གཉིས་ཡོད། ”ཅེས་དང་། ཡང་གོང་ལྟར་བཀའ་འགྲེལ་ ལྡེབ་ངོས་༡༧༢ ལས། “གནས་ལུགས་རང་འབྱུང་ཡེ་ཤེས་ལ་རྟོགས་པ་སྐྱེས་པའི་སྒོ་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་བྱུང་བའི་དགའ་བཞི་ལ་བདེ་གསལ་མི་རྟོག་པས་བརྒྱན་པ་དེ་རྫོགས་རིམ་གྱི་མཚན་གཞིར་རང་ལུགས་ཀྱིས་འདོད་ཀྱང་། ཁ་ཅིག་གིས་དེ་ཙམ་བསྒོམ་པས་འཁོར་བ་ལས་གྲོལ་མི་ནུས་པའི་ཕྱིར། དེའི་ཤེས་བྱེད་དུ། གང་དག་སྟོང་ཉིད་མི་ཤེས་པ། དེ་དག་ཐར་པའི་རྟེན་མ་ཡིན། ཞེས་སོགས་དྲངས་པའི་ཕྱིར། དེས་མ་བཅོས་རང་ལུགས་སུ་གནས་པའི་གནས་ལུགས་ཀྱི་དོན་གར་སོང་མ་མཐོང་ཞིང་སྟོང་ཉིད་ཅེས་རང་བཞིན་གྲུབ་པས་སྟོང་པའི་སྟོང་ཉིད་སོགས་ཁོ་ན་མ་ཡིན་ན་གནས་ལུགས་སྟོང་པ་ཉིད་མ་ཡིན་པ་དང་། རྒྱ་གར་པཎ་གྲུབ་ཀྱིས་དེ་ལྟར་མ་གསུངས། དེས་མ་གསུངས་པའི་གནས་ལུགས་དེས་མ་རིག་པ་དང་འཁོར་བ་སོགས་མི་ལྡོག་པར་འདོད་པ་སོགས་ཡོད་ཀྱང་། སྤང་སྒྱུར་གྲོལ་གསུམ་གྱི་ལམ་གྱི་དགོངས་པ་དང་དེ་རྣམས་ཀྱི་གཞུང་ལུགས་མ་མཐོང་། རང་གིས་མཐོང་ཚོད་ཀྱི་གྲུབ་མཐའ་ལ་ཞེན་འཛིན་དམ་དྲགས་པས་ཕྱོགས་མེད་ཡིན་པར་རློམས་ཀྱང་ཕྱོགས་མཐར་ལྷུང་བ་ཡིན་པའི་ཚུལ་ལན་དགར་བཤད་ཟིན་པར་བལྟའོ།” ཞེས་གདམས་པ་ཟབ་མོ་འདི་ལྟ་བུའི་རིགས་ལ་ལོངས་སུ་སྤྱོད་པའི་སྐལ་པ་ཐོབ་ཚེ། མཚམས་འདི་ན་ངས་དྲིན་ཆེན་ཡོངས་འཛིན་བླ་མའི་བཀའ་དྲིན་སྙིང་དབུས་ནས་དྲན་ཏེ་དད་པའི་མིག་ཆུ་འཐོར་བཞིན་སྨྲས་པ།
ཕྱི་ལྟར་སྤོང་ལམ་མདོ་ཡི་དེད་དཔོན་གཡུང་དྲུང་གཙུག་གཤེན་རྒྱལ་བ་དངོས།
ནང་ལྟར་བསྒྱུར་ལམ་སྔགས་ཀྱི་བདག་ཉིད་རྒྱལ་གཤེན་མི་ལུས་བསམ་ལེགས་ཟླ།
གསང་བ་གྲོལ་ལམ་རྫོགས་ཆེན་སྟོན་པ་ཏ་པི་ཧྲི་ཙའི་རྒྱལ་ཚབ་ཆེ།
ཕྱི་ནང་གསང་གསུམ་བརྒྱུད་པའི་འདུས་སོ་དཔོན་གསས་བླ་མར་སྙིང་ནས་གུས།། ཞེས་སོ། །
ལར་རྫོགས་པ་ཆེན་པོའི་ལྟ་བ་འདི་དོན་ལ་ཡུལ་དང་ཡུལ་ཅན་གྱི་ཁྱད་པར་དང་རང་རིག་ཡེ་ཤེས་ཡུལ་ཅན་ཤེས་པའི་དངོས་པོ་ཡིན་པ་སྟོན་པ་སངས་རྒྱས་ཀྱིས་མ་གཟིགས་ནས་བུ་བསྟན་རིན་གྱིས་མཐོང་བ་ནི་ཤིན་ཏུ་ཡ་མཚན་མི་ཆེའམ། འོན་ཀྱང་མིག་དག་པས་གངས་རི་དཀར་པོ་མཐོང་ཀྱང་མཁྲིས་ནད་ཅན་གྱིས་སེར་པོ་མཐོང་གི་ཡོད་པ་ལྟར་ཡིན་ཆོག་པར་འདུག། ཁྱོད་ཀྱིས་ལུང་འདི་དག་ལ་ནན་ཏན་གྱིས་གཟིགས་ནས་རྟག་པས་ཡུལ་རྟོགས་པ་ཡོད་པ་ཐལ་ཞེས་པ་ལྟ་བུའི་གོ་བ་མེད་པའི་འཁྱལ་ཚིག་བཤད་མཚམས་བཞག་ན་མཛེས་ས་མ་རེད་དམ། ད་དུང་ཁྱོད་ཀྱིས་གོང་གི་ལུང་དོན་དེ་དག་རྟོགས་ལྡན་པའི་དགོངས་པར་གོ་བ་ལས་གྲུབ་མཐའ་རྩོད་པའི་ཚེ་ན་མ་ཡིན་ཞེས་ལྐུགས་པ་ཨུ་ཚུགས་བྱེད་ནས་བསྡད་རྒྱུ་ཡིན་ན་སུན་འབྱིན་ཚད་མ་གོང་དུ་བཤད་ཟིན་ཀྱང་གོ་བའི་སྐལ་པ་མེད་པའི་རིགས་ལ་ཇི་ཙམ་བསྟན་ཀྱང་ངལ་བ་ལས་མ་འདས་སོ། །
ཡང་སྨྲས་པ།
བློ་ལྡན་མཁས་ཀུན་ཡོངས་ལ་མ་གྲགས་པའི། །
བློ་འདས་དགོངས་པ་བློ་ཡིས་བཅོས་པ་འདི། །
བློ་དམན་བུ་ལ་གདམས་པ་ཟབ་ནའང་། །
བློ་ཆེན་སྐལ་ལྡན་རྣམས་ཀྱིས་ཁྲེལ་དགོད་གནས།། ཞེས་སོ།
ད་ ཕྱི་སྔོ་ནང་སེར་གྱི་ཁས་ལེན་དེ་དག་ནི་གོ་ལ་འདི་ཡི་སྟེང་དུ་རྫོགས་ཆེན་གྱི་གྲུབ་མཐའ་སྟོངས་པའི་དུས་ཤིག་ཤར་ན་མ་གཏོགས་རྫོགས་ཆེན་གྲུབ་མཐའི་ཁས་ལེན་ནམ་ཡང་འགྱུར་མི་སྲིད་དེ། 《རིག་པ་ལྷུན་རྫོགས་རྒྱུད་》ལས། “ཨེ་མ་ཧོ། ཀུན་བཟང་སྤྱོད་ཡུལ་ཆེན་པོ་འདི། ཡེ་ནས་བདེ་ཆེན་སྙིང་པོ་ལ། ད་གཟོད་རྩོལ་བར་སྙིང་རེ་རྗེ། འོག་མ་ང་རུ་ཆེ་བཅོས་པ། ཝ་ཡིས་སེང་གེའི་སྐད་སྒྲོག་ཀྱང་། སེང་གེ་ཉིད་དུ་ཅང་འགྱུར་རམ། ”ཞེས་དང་། ཡང་དེ་ཉིད་ལས། “ཁ་ཅིག་ཐེག་ཆེན་མིན་པར་ཐེག་ཆེན་ཁས་ལེན་བྱེད། བོང་བུས་རྒྱལ་ས་བཟུང་ཡང་ཟིན་པར་མི་འགྱུར་རོ། སེང་གེའི་ལྤགས་པས་བོང་བུ་བཏུམས་པ་འདྲ། མཆང་བུ་བྱི་དོར་བྱས་ཀྱང་རིན་ཆེན་མིན། སོལ་བ་དག་ལས་ལྗོན་ཤིང་ག་ལ་འཁྲུངས། ཐེག་ཆེན་མིན་པར་ཐེག་ཆེན་ཁས་བླངས་ཀྱང་། དེ་དོན་དེ་ཡིས་མཐོང་བ་མ་ཡིན་ནོ། ”ཞེས་སོགས་ཀྱིས་གྲུབ་བོ།། གཏམ་དཔེར། “སྔ་དྲོ་མ་ཤེས་འཁྲུལ་པའི་ལས། ཕྱི་དྲོ་རིག་པ་གདན་དུ་གདིང་།” ཞེས་པ་ལྟར། ད་བསྟན་རིན་ཁྱོད་ཀྱིས་རྫོགས་ཆེན་གྱི་གྲུབ་མཐའ་ལ་ཐུན་མོང་མ་ཡིན་པའི་དད་པ་དང་མོས་པ་བསྒོམ། རྗེ་ཏ་པི་ཧྲི་ཙའི་གསོལ་འདེབས་གྲངས་ཚད་བསག། མ་རྒྱུད་དགོངས་སྤྱོད་རྣམ་གསུམ་ལ་རྒྱུན་དུ་བརྩོན། རྫོགས་ཆེན་བླ་མ་རྒྱུད་པའི་རྣམ་ཐར་ཡང་ཡང་གཟིགས། ད་ཆར་རྒྱལ་བ་མཉམ་མེད་ཆེན་པོའི་བསྟན་དོན་འཕྲག་ཏུ་བཞེས་ཏེ་རིས་མེད་འགྲོ་བའི་དོན་དུ་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲི་འཕང་མཐོན་པོར་ཞབས་པད་གཡུང་དྲུང་གཤིས་སུ་བསྟན་སྲུང་རྒྱ་མཚོའི་ཚོགས་ཀྱིས་འདེགས་པའི་ ༧རྒྱལ་བ་གཤེན་ཚང་རྣམ་ཚང་དང་། ༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པ། མདོ་སྔགས་སེམས་གསུམ་རིག་གནས་ལོ་རྒྱུས་དང་བཅས་ཤེས་བྱའི་རྣམ་པ་སྣང་སྲིད་ཀྱི་དཀྱིལ་འཁོར་དེ་དག་མཁྱེན་དགོངས་མུ་ལའི་ཀློང་དུ་འུབས་སུ་ཆུབ་པའི་སྔགས་སེམས་བསྟན་པའི་བདག་ཉིད་༧བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་རིན་པོ་ཆེ་དང་། ༧སྐྱོང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེ། ༧ སྣང་ཞིག་རྒྱལ་ཚབ་རྒྱ་འོབས་རིན་པོ་ཆེ། རྟོགས་ལྡན་ཁྲི་པ་རིན་པོ་ཆེ། ༧ཤར་རྫའི་རྒྱལ་ཚབ་ཨ་འཇིགས་རིན་པོ་ཆེ་སོགས་ཀྱི་ཞལ་གསུང་བདུད་རྩིའི་ཐིགས་པ་ལོངས་སུ་སྤྱོད་ནས་རྫོགས་པ་ཆེན་པོའི་སྣོད་ལྡན་ཞིག་ཏུ་འགྱུར་ཐུབ་པ་ཡིན་ན། ག་པུར་སྨན་སྡོང་རྩ་རུ་ཚ་ནད་ཀྱིས་མ་ཟིན་པ་དང་། རྒྱ་མཚོ་ཆེན་པོའི་འགྲམ་དུ་སྐོམ་ནད་ཀྱིས་མ་གདུང་བ། རིན་ཆེན་གླིང་དུ་ནོར་སྐལ་མ་ཆད་པ་ཞིག་ཡོང་བའི་རེ་བསྐུལ་འདི་ནི་གྲོགས་ཁྱེད་ལ་ལྷག་བསམ་ཁ་བཏགས་དཀར་པོའི་ཚབ་ཏུ་ཕུལ་བ་ཡིན་པས་གསན་ཕྱོགས་མ་ནོར་བར་དང་ལེན་ཡོད་པའི་སྨོན་མདུན་ཞུ།། དེ་ལྟར་མ་ཡིན་པར་ལུང་རིགས་ཚད་མའི་རྒོལ་བྱེད་ཡོད་ན་ད་ནི་སྐབས་སུ་བབ་པ་ཡིན་པས་མགོ་མཇུག་ཚང་བའི་སྒོ་ནས་རྩོམ་ལེན་ཡོད་པར་བསྒུག་ཆོག། ཆགས་སྡང་དབང་གིས་སྒྲོ་བཏགས་དང་ཚིག་མཚོན་མགོ་མེད་འཇུག་མེད་མི་སྐྱ་ཕོ་མོའི་རྩོད་འཛིང་གི་ལད་མོ་དུས་ནམ་ཡང་བྱེད་དགོས་མེད་དོ།།
སྨྲས་པ། དེ་ལྟར་ཚད་གསུམ་རིག་པའི་སྐྱ་རེངས་ཀྱིས།།
ཉེ་བར་བསུས་པའི་གཞུང་དོན་སྲིད་པའི་མིག།།
སྐལ་བཟང་པད་མོའི་དགའ་སྟོན་འགྱེད་པ་ལ།།
ཕྲག་དོག་ཀུན་དའི་ཡིད་འདབ་མ་ཟུམ་ཅིག།།
རབ་འབྱམས་ཤེས་བྱའི་གཞུང་ལུགས་མུ་ལའི་ཞིང་།།
སྣ་ཚོགས་གྲུབ་མཐའི་རྒྱུ་སྐར་བཀྲ་བའི་དབུས།།
ཡང་གསང་བླ་མེད་ཐེག་པ་ཉིན་མོར་བྱེད།།
སྐལ་དམན་ཞག་མིག་ཅན་ལ་མུན་པའི་དཔུང་།།
འོན་ཏང་བློ་ལྡན་སྒམ་ཁྱེར་ཕ་ཝང་གིས།།
འདབ་ཆགས་རྒོད་པོའི་གཤོག་རྩལ་ལ་བརྟེན་ནས།།
མུ་མེད་མཐའ་བྲལ་མཁའ་དབྱིངས་མཐོན་པོ་རུ།།
སླེབས་པའི་རྣམ་པར་ཐར་པ་སྐྱོངས་ཤིག་གུ།།
ཞེས་པ་བརྡ་སྤྲོད་ཀུན་བཤད་ཀྱི་མིང་དུ་ལེགས་བཤད་སྨྲ་བའི་ཉི་མ་ཞེས་འབོད་པ་དེས་ཁམས་མདོ་སྟོད་སེ་ཆེན་ཧོར་ཡུལ་ཀླུ་ཕུག་དགོན་ཆེན་དུ་བོད་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་ལོའི་རྟ་ཟླའི་ཡར་ངོ་དཀར་ཕྱོགས་དགེ་བའི་ཉིན་སྦྱར་བའོ།།
ཕྲག་དོག་གི་སྒྲོ་བཏགས་གཅོད་བྱེད་དངོས་དོན་གྱི་ཚད་མར་སྨྲས་པ།
བསྟན་རིན་ལགས་ནས། ལོ་ངོ་བཅུ་ཕྲག་རིང་ལ་བསྟེན་པའི་དགེ་རྒན་རྣམས་ལ་མཆིལ་ཞགས་བཏབ། ཞག་གྲངས་བཅུ་གྲངས་ཤིག་ལས་མ་བསྟེན་པའི་དགེ་རྒན་ལ་བསྟོད་བསྔགས་བྱེད་པ་དེ་གསང་སྔགས་ཀྱི་གཞུང་ནས་བླ་མ་སྔ་ དོར་ཕྱི་བླངས་ཀྱི་ཉམས་པ་ཕོག་པར་བཤད་པ་ལ། དེ་ནི་མིག་སྐྱོན་ཅན་གྱིས་ཐོ་ཡོར་ལ་རང་གི་དགྲར་འཁྲུལ་བའམ། ཡང་ན་སྒྲུང་དཔེར། རི་བོང་གིས་སྟག་ལ། ཨ་ཕོ་སྟག ཁྱོད་རང་མཆུ་ཏོ་ཤོ་འདུག་ཅེས་བཤད་པ་ལྟ་བུ་མི་འདུག་གམ། ཁོ་བོས་སློབ་དཔོན་ནི་གཙོ་བོ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་པ་སོགས་ཡིན་པ་བཤད་མ་དགོས་ལ། ངས་དེ་དག་ནང་གསེས་ལ་གསར་རྙིང་གི་དབྱེ་བ་ཕྱེ་ཤེས་ཀྱི་མེད་པ་མ་ཟད་སློབ་དཔོན་གང་ཞིག་ལ་མཆིལ་ཞགས་བཏབ་མྱོང་མེད་ལ་གདབ་བསམ་པ་ཡང་བློ་ལ་ཤར་མ་མྱོང་།
ཁོ་བོ་ལོ་ངོ་བཅུ་བདུན་ཐོག་རག་བླ་རྟོགས་ལྡན་རིན་པོ་ཆེའི་མདུན་དུ་རབ་ཏུ་བྱུང་སྟེ་ཀླུ་དགོན་དུ་སྒྲིག་ཞུགས། དེ་ནས་རྟོགས་ལྡན་རིན་པོ་ཆེ་དང་གཡུང་དྲུང་རྒྱལ་བ་རིན་པོ་ཆེ། སྐལ་བཟང་གཡུང་དྲུང་རིན་པོ་ཆེ་རྣམ་པ་གསུམ་བླ་མར་བསྟེན་ཏེ་བོན་སྔོན་འགྲོ་དངོས་གཞི་སོགས་སྦྱོང་པ་བྱས། དེ་རྗེས་ཁ་བོ་རྟོགས་ལྡན་རིན་པོ་ཆེའི་མདུན་དུ་ཤར་རྫའི་བཀའ་སྐོར་ཁྲིད་ལུང་ཞུས་ཏེ་བླ་མར་བསྟེན། དེ་རྗེས་ལུང་དགོན་དཔོན་སློབ་དྲང་སྲོང་གཡུང་དྲུང་མདུན་དུ་ལོ་གཉིས་རིང་མཚན་ཉིད་རིག་པར་སྦྱངས། དེ་སྐབས་སུ་༧ཤེས་རབ་སྨྲ་སེང་མངོན་བྱོན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་ཆེན་མོ་མཆོག་བསྟན་དོན་དུ་གངས་ལྗོངས་སུ་ཞབས་བཅགས་སྐབས་གསེར་ཞལ་དངོས་སུ་མཇལ་ཏེ་དྲང་སྲོང་གི་ཁྲིམས་ཆེན་ཞུས། གསང་སྔགས་མ་རྒྱུད་ཀྱི་དབང་བཞི་ནོད། རྫོགས་ཆེན་ཡེ་ཁྲིའི་བཀའ་ལུང་ཐོབ་ཏེ་ཐུན་མིན་གྱི་དད་པ་ཟབ་མོ་རྒྱུད་ལ་སྐྱེས་ཏེ་ངས་མི་ཚེ་འདི་ལ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་གཉིས་མདུན་དུ་ཕྱི་ནང་གསང་གསུམ་གྱི་དབང་ལུང་མན་ངག་ཆ་ཚང་ཞུ་ནས་སྦྱོང་པ་མཐར་ཕྱིན་པ་བྱ་རྒྱུ་དང་ཁྱད་པར་དུ་སྔགས་སེམས་ཀྱི་གྲུབ་མཐའི་ལྟ་སྒོམ་ལ་ཤེས་རྟོགས་མྱོང་གསུམ་ཡོད་པ་བྱ་རྒྱུ་ནི་མི་ཚེ་འདི་ཡི་སྒྲུབ་བྱ་གཅིག་པུར་དམ་བཅས་པ་ཡིན། དེ་ནས་མ་རིང་བར་བལ་ཡུལ་དུ་༧སྐྱབས་རྗེ་ཡོངས་འཛིན་ཆེན་མོའི་མདུན་དུ་འབྱོར་རྗེས་རིན་པོ་ཆེ་ནས་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་བཤད་སྒྲུབ་འདུས་སྡེར་ཞུགས་ཏེ་སྦྱོང་པ་མཐར་ཕྱིན་བྱོས་ཤིག་ཅེས་བཀའ་ལུང་སྤྱི་བོར་ཕེབས་པས་སྨན་རིའི་གླིང་དུ་འབྱོར་ཏེ། སྙིགས་དུས་འགྲོ་བའི་འདྲེན་པ་ཆེན་མོ།༧ རྒྱལ་བ་མཉམ་མེད་བླ་མའི་རྒྱལ་ཚབ། ༧སྨན་རིའི་ཁྲི་རབས་སོ་གསུམ་པ་༧ ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེའི་གསེར་ཞལ་མཇལ། དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔོན་གསས་སློབ་དཔོན་༧ ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་ཞལ་མཇལ་ཐོབ། དེ་ནས་བཤད་སྒྲུབ་འདུས་སྡེར་ཞུགས་ཏེ་མཁན་སློབ་རྣམ་གཉིས་ཀྱི་མདུན་དུ་ལོ་ངོ་བརྒྱད་རིང་ཕྱི་ནང་གསང་གསུམ་གྱི་དབང་ལུང་མན་ངག་ཁྲིད་བཅས་ཞུས་ནས་མདོ་སྔགས་སེམས་གསུམ་རིག་གནས་བཅས་ལ་སྦྱོང་པ་བྱས་མཐར། དགེ་བའི་བཤེས་གཉེན་ཀྱི་མཚན་རྟགས་ཐོབ། བླ་མ་ཁྲི་པའི་ཁྲིར་བཞེངས་བྱས། རྒྱལ་བ་སྨན་རི་བ་མཆོག་ནས། ཁྱོད་རང་ས་ཕྱོགས་གང་དུ་ཕྱིན་ཀྱང་སྨན་རི་ཚང་གི་བླ་མའི་འགན་ཁུར་ནས་བསྟན་པར་ཞབས་ཕྱི་སྒྲུབ་དགོས་ཀྱི་རེད་ཅེས་ཞལ་གསུང་བདུད་རྩིའི་ཐིགས་པ་སྤྱི་བོར་ཕེབས། དེ་ནས་བལ་ཡུལ་དུ་ཡོང་ཁར་སྲས་བཅས་རྒྱལ་བའི་སྤྱི་གཟུགས་རྒྱལ་བ་སྨན་རི་བ་མཆོག་དང་དཔོན་གསས་སློབ་དཔོན་ཡང་སྟོན་རིན་པོ་ཆེ་རྣམ་གཉིས་ནས་སྐེ་ལ་ཁ་བཏགས་གཡོགས་ཏེ་སྨོན་ལམ་གྱི་གདམས་པ་ཟབ་མོའི་མཚམས་སྦྱོར་གནང་། ཕྲན་གྱི་སེམས་པར་ཚེ་རབས་ལས་ཀྱི་བླ་མ་དམ་པ་གནས་སྐབས་ཞལ་གྱེས་ཞུ་དགོས་བྱུང་བའི་སྐྱོ་གདུང་དང་དཔོན་གསས་དམ་པའི་ཡོན་ཏན་ལ་དད་པའི་དུང་བས་བསྐུལ་བའི་མཐོང་བྱེད་མིག་ཆུས་བརླན་བཞིན་ཞལ་གྱེས་ཞུས་པ་ཡིན། དེ་སྔོན་ལོ་བརྒྱད་རིང་དུ་རང་གི་བླ་མ་སློབ་དཔོན་ལྟ་ཅི་གྲྭ་རོགས་གྲོགས་མཆེད་ནང་ཕན་ཚུན་བར་ལ་སྒེར་གྱི་ཆེད་དུ་རྩོད་འཛིང་དང་དགོན་གྱི་སྒྲིག་གཞི་ཕྲ་རགས་གང་ཞིག་དང་འ གལ་ནས་ཆག་སྒོ་ཆད་པ་སྣེ་གཅིག་ཁུར་དགོས་བྱུང་མྱོང་མེད་པ་དགེ་བཤེས་རེ་ལ་བཤད་སྒྲུབ་ནང་ཞུགས་ནས་མཐར་མ་ཕྱིན་པའི་བར་གྱི་ལོ་རྒྱུས་ཡིག་ཆ་རེ་བསགས་ནས་བཞག་ཡོད་པ་དེར་གཟིགས་དང་གསལ་པོར་ཡོད་རེད།
དེ་རྗེས་དཔལ་ལྡན་ཁྲི་བརྟན་ནོར་རྩེར་ལོ་གཉིས་རིང་༧ སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་མདུན་དུ་མ་རྒྱུད་དང་བཀའ་འགྲེལ་གཙོས་པའི་གསང་སྔགས་ཀྱི་སྐོར་དང་། སྙན་རྒྱུད་བཀའ་རྒྱུད་སྐོར་བཞི་དང་གབ་པ་གཙོས་པའི་རྫོགས་ཆེན་སྐོར་བཅས་ཀྱི་བཀའ་ཁྲིད་ཞུས། སྔ་དགོང་དུ་རྫོགས་པ་ཆེན་པོའི་ཉམས་ལེན་རང་རྒྱུད་ལ་སྦྱར། སློབ་གཉེར་འཛིན་གྲྭ་འགའ་ལ་དཔེ་ཁྲིད་བྱས་ནས་བསྡད། དེ་ནས་བོད་དུ་འབྱོར་ཏེ་༧རྒྱལ་བ་གཤེན་ཚང་པ་དང་ཧོར་རྒྱལ་སྲས་གཡུང་དྲུང་རྒྱལ་བ་རྣམ་གཉིས་གཙུག་ཏུ་བཀུར། བོན་བརྒྱ་རིན་པོ་ཆེའི་མདུན་ནས་ཡི་དམ་གྱི་བཀའ་དབང་དང་ཀུན་མཁྱེན་ཤར་རྫ་པའི་ཉམས་ཁྲིད་ཀྱི་ཟབ་ཁྲིད་ནོད། ད་ཆར་ཀླུ་ཕུག་དགོན་དུ་བསྟན་པའི་ཞབས་ཕྱི་ཞུ་བཞིན་ཡོད་པ་ལས། སྤྱིར་བཀའ་བན་བོན་ལ་མ་བལྟོས་པར་མིང་དོན་མཚུངས་པའི་བླ་མ་གང་ཞིག་ལ་མཆིལ་ཞགས་བཏབ་མྱོང་མེད་པ་མ་ཟད་ཁྱད་པར་དུ་གོང་གི་བླ་མ་དེ་དག་གང་ཞིག་ལ་མཆིལ་ཞགས་བཏབ་ཅེས་པ་ནི་བསམ་ཡུལ་ལས་འདས་པའི་ཕྲག་དོག་གི་སྐད་ཆ་ཞིག་རེད་མ་གཏོགས་ངས་བླ་མ་སྔ་ཕྱི་བླང་དོར་གྱི་བྱ་བ་བྱེད་མྱོང་བ་དྲན་རྒྱུ་མི་འདུག་པས་རང་དུས་སུ་མྱོང་བྱེད་མེད་པ་ཡིན་ནམ་སྙམ།
ད་ཁྱོད་ཀྱིས་ངས་བླ་མ་བླང་དོར་བྱས་པའི་དཔང་རྟགས་གང་ཞིག་ཡོད། ངས་དེ་སྔོན་བྲིས་པའི་《མདོ་སྔགས་སེམས་གསུམ་གྱི་ལྟ་བའི་བསྡུས་དོན》 ཞེས་པའི་ནང་དུ་“དེ་ཡང་རྫོགས་པ་ཆེན་པོ་ལ་ཡུལ་དང་ཡུལ་ཅན་དུ་ཕྱེས་སྟེ་རང་འབྱུང་ཡེ་ཤེས་ཞེས་ཡུལ་གྱི་གནས་ལུགས་རྟག་པའི་བོན་དང་རང་རིག་ཡེ་ཤེས་ཞེས་རྟོགས་བྱེད་ཤེས་པ་མི་རྟག་པའི་བོན་དུ་འདོད་པ་དེ་དག་རྫོགས་ཆེན་ལ་ཕྱོགས་ཙམ་ཡང་ཉེ་མ་ནུས་པར་གྲུབ་མཐའ་འོག་མ་མ་གཏོགས་བློར་མ་ཤོང་བའི་སྐྱོན་ནོ། །མདོར་ན་གསལ་བ་གང་ཡིན་པ་དེ་སྟོང་པ་ཡང་ཡིན། སྟོང་པ་གང་ཡིན་པ་དེ་གསལ་བ་ཡིན། ཞེས་གསུངས་པ་ལྟར་ལྡོག་ཆ་ནས་གསལ་བ་དང་སྟོང་པ་རང་འབྱུང་དང་རང་རིག་སོགས་དུ་མ་གསུངས་ཀྱང་རྫོགས་པ་ཆེན་པོ་དེ་ཉིད་གསལ་བ་ཡང་ཡིན་ལ་སྟོང་པ་ཡིན། རང་འབྱུང་ཡིན་ལ་རང་རིག་ཡང་ཡིན་པས་དོན་འགལ་གྱི་སྒོ་ནས་མཚན་གཞི་ཐ་དད་དུ་འཇོག་པ་ནི་ཤིན་ཏུ་ནོར་བར་སེམས་སོ” ཞེས་པ་ལ་བལྟས་ནས་བཤད་པ་ཡིན་གྱི་མ་རེད་བས། གལ་སྲིད་ཡིན་ན་ངས་ཁྱོད་ལ་དྲི་བ་མདོར་བསྡུས་ཤིག་དྲི་བར་འདོད། ངས་རྫོགས་ཆེན་ལུགས་ལ་རང་འབྱུང་ཡེ་ཤེས་དང་རང་རིག་ཡེ་ཤེས་གཉིས་ཐ་སྙད་ཚད་མ་ལ་བལྟོས་པའི་རྟག་པ་དང་དངོས་པ་ཡུལ་དང་ཡུལ་ཅན་གྱི་ཁྱད་པར་སྒོ་ནས་དོན་གྱི་མཚན་གཞི་ཐ་དད་དུ་མ་འདོད་པ་ལ་བླ་མ་གང་ཞིག་ལ་མཆིལ་ཞགས་བཏབ་པ་འཇོག། གང་ཞིག་ལ་བསྟོད་བསྔགས་གཏོང་བར་འཇོག། ད་འོ་ན་ཁྱོད་ཀྱིས་རྫོགས་ཆེན་ལུགས་ལ་རང་རིག་ཡེ་ཤེས་དང་རང་འབྱུང་ཡེ་ཤེས་གཉིས་ཡུལ་དང་ཡུལ་ཅན་རྟག་པ་དང་དངོས་པོ་ཞེས་དོན་འགལ་གྱི་མཚན་གཞི་ཐ་དད་དུ་འཇོག་པ་དེ། ངས་མཆིལ་ཞགས་བཏབ་པའི་བླ་མ་དེ་ཁྱོད་ཀྱིས་བསྟོད་བསྔགས་གཏོང། ངས་བསྟོད་བསྔགས་གཏོང་སའི་བླ་མ་དེ་ལ་ཁྱོད་ཀྱིས་མཆིལ་ཞགས་བཏབ་པ་ཨི་ཡིན། གཡོ་ཟོལ་མེད་པའི་ལན་གསལ་པོ་རྒྱོབས་ཤོག་ཨ། མ་ཡིན་ན་ངས་ཀྱང་སུ་ཞིག་ལ་བསྟོད་པ་དང་སུ་ཞིག་ལ་སྨད་པ་གཏོང་བར་སྒྲུབ་མི་ནུས་སོ། ཡིན་ན་ངས་བསྟོད་བསྔགས་གཏོང་སའི་བླ་མ་དེ་ངོས་བཟུང་ནས་དེ་ཁྱོད་ཀྱི་བླ་མ་ཡིན་མིན་ཤོད་ཅིག། ཡིན་ན་ཁྱོད་རང་བླ་མའི་དམ་ཚིག་ཉམས་པར་ཁས་བླངས་པ་མ་ཡིན་ནམ། གྲོགས་པོ། ལན་ཡོད་ན་ཐོབས་ཤིག། ཡང་དྲི་བ་གཞན་ཞིག་ནི། ངས་བསྟོད་པ་དང་སྨད་པ་གཏོང་སའི་བླ་མ་གཉིས་ལ་བླ་སློབ་ཀྱི་འབྲེལ་བ་ཡོད་དམ་མེད། མེད་ན་བླ་མ་གཉིས་པོ་ངོས་བཟུང་ནས་འབྲེལ་བ་མེད་ཚུལ་ཤོད་ཅིག། ཡོད་ན་སུ་ཞིག་བླ་མ་དང་སུ་ཞིག་སློབ་བུ་རེད། ལན་རྒྱོབ་ཨ། ངས་སྨོད་པ་གཏོང་སའི་བླ་མ་དེ་སློབ་བུ་དང་ངས་བསྟོད་བསྔགས་གཏོང་སའི་བླ་མ་དེ་སློབ་དཔོན་ཡིན་ན། ངས་སྨད་པ་གཏོང་སའི་བླ་མ་དེས་རང་གི་བླ་མ་ལ་མཆིལ་ཞགས་བཏབ་པ་རེད་ཅེས་བཤད་ནུས་སམ། མི་ནུས་ན་ད་ཕྲག་དོག་གི་ཁྱི་ཁ་དེ་བཙུམས་ན་ཡག་ཤོས་རེད། གྲོགས་པོ་ལགས། ད་རེས་ཁྱོད་ཀྱིས་ང་ཡི་དགེ་རྒན་རྙིང་པ་དང་གསར་པ་གང་ལ་ངོས་འཛིན་གྱི་ཡོད་མེད་གསལ་པོ་མ་ཤེས་པས་གསལ་བཤད་དེ་ཙམ་གྱིས་མཚམས་འཇོག་པ་དང་ཆབས་གཅིག་ངས་ཁྱོད་ལ་དྲི་བ་གཉིས་དྲི་རྒྱུ་ཡིན།།
གཅིག། ཁྱོད་ཀྱིས་བཤད་པའི་ངའི་དགེ་རྒན་རྙིང་པ་དང་ དགེ་རྒན་གསར་པ་གང་ལ་ཟེར་གྱི་ཡོད་པ་ངོས་བཟུང་ནས་ངས་དགེ་རྒན་རྙིང་པ་ལ་མཆིལ་ཞགས་ཇི་ལྟར་བཏབ་ཚུལ་ཤོད་རྒྱུ་ཡོད་དམ།
གཉིས། ཁྱོད་རང་ངོ་མ་མི་སུ་ཡིན་ནམ། ལན་དེ་གཉིས་གསལ་པོར་རྒྱོབས་་ཤོག། གལ་ཏེ་རྒྱག་མ་ནུས་ན་ཁྱོད་རང་གིས་བཤད་པ་ཐམས་ཅད་འཕྲག་དོག་ཁོ་ནས་རྫུན་བཟོ་བྱས་པ་མ་གཏོགས་དོན་དངོས་དང་འབྲེལ་བ་ཡོད་པ་མི་སུ་ཞིག་གིས་བརྩི་སྲིད་ཀྱི་མ་རེད་ལ་ཁོ་བོས་ཡང་སྙིང་རྗེའི་ཡུལ་ལས་ཡ་ལན་བྱེད་རིན་མེད་པར་བརྩི་རྒྱུ་ཡིན།། གཙང་ཚྭ་དགེ་བཤེས་ནས་སྤྲིང་།