བླ་མ་དང་ཤེས་རབ་སྨྲ་བའི་སེང་གེ་དབྱེར་མ་མཆིས་པ་ལ་སྒོ་གསུམ་གུས་པ་ཆེན་པོའི་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།།
མཚན་དཔེའི་བང་རིམ་ལྷུན་པོའི་སྐུ་ལ་རྫོགས། །
དྲུག་ཅུའི་འོ་མཚོ་གསུང་གི་རྒྱ་མཚོར་འཁྱིལ། །
ཤེས་བྱའི་རྒྱུ་སྐར་མཁྱེན་པའི་མཁའ་ལ་ཤར། །
སྤངས་རྟོགས་ཕུན་ཚོགས་རྫོགས་སངས་རྒྱས་དེར་འདུད། །
དྲི་བྲལ་པད་དཀར་འདབ་མའི་ཞལ་དཀྱིལ་དུ། །
ཉེ་བར་བརྩེན་པའི་སྤྱན་ཟུང་བུང་བ་རྒོད། །
སྟོང་ལྡན་པི་ཝང་བྲང་གི་རྒྱན་དུ་མཛའ། །
རིག་པའི་ལྷ་མོས་དབྱངས་ལ་རམ་འདེགས་མཛོད། །
མཆོད་ཚིག་ཁྱུང་སྔོན་སྐྱེས་ཀྱིས་ཉེར་དྲངས་ཏེ། །
དངོས་དོན་ཉིན་བྱེད་མཁའ་ལ་འཛུམ་པའི་མོད། །
ལོག་སྒྲུབ་རྨོངས་པའི་མུན་ནག་བསལ་བྱས་ཏེ། །
ཤེས་རིག་སྣང་བའི་དགའ་སྟོན་འགྱེད་ལ་ཕྱོགས། །
ཞེས་སྔོན་བྱོན་མཁས་པའི་ཕྱག་སྲོལ་མཚོན་ཕྱིར་དུ་སྔོན་འགྲོའི་ཀླད་དོན་སྔོན་དུ་བཏང་ནས་སྐབས་དོན་གླེང་བའི་སྤྲོ་བ་བརྟས་སོ། དེ་ཡང་ཁོ་བོ་༢༠༡༠ ལོ་ཟླ་༡༠་ནང་པེ་ཅིང་ནང་བསྟན་སློབ་གླིང་གི་དགེ་རྒན་བྱས་ཏེ་བསྡད་སྐབས། མཁན་ཚུལ་ཁྲིམས་བློ་གྲོས་དང་སྣང་ཞིག་དགོན་གྱི་དགེ་བཤེས་འགའ་ཤེར་སྒྲོན་ཞེས་པའི་དཔེ་ཆའི་སྐོར་ལ་བགྲོ་གླེང་བྱས་རྗེས་སུ་མཁན་པོ་ནས་གསལ་བཤད་བྱས་པའི་ཡི་གེ་དེ་མིག་མཐོང་བྱུང་། ངས་རོབ་ཙམ་བལྟས་པས་ཡི་གེ་འདི་ལ་དཔྱད་ན་མཁན་པོ་ལགས་ནས་བོན་ལ་འཛིན་པའི་ལྟ་སྟངས་དེ་འགྱུར་བ་གཏོང་རྒྱུ་ཕར་བཞག་ནས་སྔོན་མའི་རྒྱབ་རྟེན་དུ་བྲིས་པ་ཞིག་མི་འདུག་གམ་ཞེས་བཤད་པ་ཡིན། ཁོ་བོས་སེམས་ནང་ལ་འདི་འདྲའི་རིགས་ལ་དངོས་དོན་ར་སྤྲོད་བྱེད་རྒྱུ་གལ་ཆེན་རེད་སྙམ་ཏེ་རྩོམ་ཐུང་ཞིག་སྤེལ་བར་འདོད་ཀྱང་། མ་རིང་བར་ཛ་དྲག་སྒོ་ནས་ཕ་ཡུལ་དུ་ལོག་དགོས་བྱུང་ནས་དཔྱད་གཞིའི་ཡི་གེ་དང་ཁ་བྲལ་བ་སོགས་ཀྱིས་རྐྱེན་པས་དེ་དོན་ལག་ལེན་ལ་འཁྱོལ་མ་སོང་། དེ་རྗེས་མཁར་ནག་སྤྲུལ་སྐུ་རིན་པོ་ཆེ་ནས་མཁན་པོ་ལགས་ལ་རྒོལ་ལན་ཞིག་བྲིས་གནང་བ་དང་། དེ་ནི་དོན་གནད་ལ་ཁེལ་བའི་ལུང་རིག་ཚད་མའི་གཏམ་ཡང་དག་པ་ཞིག་ཡོད་པ་ཕྱོགས་སོ་སོ་ནས་བསྟོད་བསྔགས་ཀྱི་མེ་ཏོག་འཐོར་བཞིན་ཡོད་པ་གོ་ཐོས་བྱུང་བས་ཕྲན་རང་ཧ་ཅང་གི་བློ་བདེ་པོ་བྱུང་། ཉེ་ཆར་གྲོགས་པོ་རིན་སྤུངས་ཚུལ་བསྟན་ལགས་དང་ཁ་བརྡ་བྱུང་སྐབས་ཁོང་གིས་མཁར་ནག་སྤྲུལ་སྐུ་མཆོག་ནས་རྒོལ་ལན་བྲིས་པའི་རྗེས་སུ་ཡང་བསྐྱར་མཁན་པོ་ལགས་ནས་གསར་བཤད་ཅིག་བྱས་འདུག་པས། ངས་མཁན་པོའི་གསལ་བཤད་ཀྱི་ཡི་གེ་སྔ་ཕྱི་གཉིས་དང་མཁར་ནག་སྤྲུལ་སྐུ་མཆོག་ནས་རྒོལ་ལན་གྱི་ཡི་གེ་རྣམས་བསྐུར་ཡོང་། དེ་སྐོར་གྱི་རྩོམ་ཡིག་ཅིག་བྲིས་ན་ཡག་པོ་འདུག་ཅེས་བཤད་བྱུང་། ཡིག་ཆ་དེ་རྣམས་ལག་འཕྲོད་བྱུང་རྗེས་ངས་རྩོམ་ཐུང་ཞིག་འབྲི་བར་བརྩོན་པ་ཡིན།
《ཤེས་རབ་སྒྲོན་མའི་བོན་པོའི་སྐོར་གྱི་དོགས་སེལ་རྗེས་མ།》 ཞེས་པ་ལས། “རྒྱ་ནག་གི་ཆོས་པ་འགའ་རེས་གཡུང་དྲུང་བོན་ཞེས་པ་དེའང་ས་དགེ་བཀའ་རྙིང་བཞིན་དུ་སངས་རྒྱས་ཤྰཀྱ་ཐུབ་པས་གསུངས་པའི་གྲུབ་མཐའ་ཞིག་ཡིན་ནམ་མིན་སྙམ་དུ་དོགས་པ་དང་ཤེས་འདོད་ཡོད་པ་རྣམས་ལ། སངས་རྒྱས་ཤྰཀྱ་ཐུབ་པས་གསུངས་པའི་གྲུབ་མཐའ་མིན་ཞེས་སྨྲས་པ་ཡིན། དེ་ལས་གཞན་དུ་རྒྱལ་བ་གཤེན་རབ་སངས་རྒྱས་ཡིན་མིན་དང་གཡུང་དྲུང་བོན་འདི་སྤྱིར་སངས་རྒྱས་ཀྱི་བསྟན་པ་ཞིག་ཡིན་མིན་དཔྱད་པ་ཅི་ཡང་མེད་པ་ནི་དོགས་སེལ་སྔ་མའི་ནང་དུ་བཤད་ཟིན་པ་ལྟར་ཡིན་ལ། མ་བཤད་ཀྱང་དེ་འདྲ་མེད་པ་ཡི་གེ་ལ་བལྟས་པ་ཙམ་གྱིས་ཤེས་སོ། ”ཞེས་པ་ལ། ཁྱོད་རང་གིས་གཡུང་དྲུང་བོན་འདི་ཤྰཀྱ་ཐུབ་པས་གསུངས་པའི་གྲུབ་མཐའ་མིན་ཞེས་བཤད་པ་ལ་བསམ་ཚུལ་ཅི་ཡང་ཡོད་མི་སྲིད། རྒྱལ་བ་གཤེན་རབ་སངས་རྒྱས་ཡིན་མིན་དང་གཡུང་དྲུང་བོན་འདི་སྤྱིར་སངས་རྒྱས་ཀྱི་བསྟན་པ་ཞིག་ཡིན་མིན་དཔྱད་པ་ཅི་ཡང་མེད་ཅེས་པ་དེ་ཡང་བདེན་པར་སྣང་། གང་ཡིན་ཟེར་ན། གཡུང་དྲུང་བོན་གྱི་ངོ་སྤྲོད་ཤིན་ཏུ་བསྡུས་པ་དེ་ཡི་ནང་དུ་སྔ་བར་ཕྱི་གསུམ་གང་ནས་བལྟས་ན་རྒྱལ་བ་གཤེན་རབ་སངས་རྒྱས་ཡིན་མིན་དང་གཡུང་དྲུང་བོན་འདི་སངས་རྒྱས་བསྟན་པ་ཡིན་མིན་གྱི་དཔྱད་པ་གང་ཡང་མ་བྱས་ནས། མ་ཡིན་པ་གཞིར་བཞག་བྱས་ནས་བྲིས་ཡོད་པ་གསལ་པོ་རེད། གལ་སྲིད་ཁྱོད་རང་གིས་ལུང་དང་རིག་པས་དཔྱད་པ་བྱས་ནས་གཤེན་རབ་སངས་རྒྱས་མ་ཡིན་པ་དང་གཡུང་དྲུང་བོན་སངས་རྒྱས་བསྟན་པ་མ་ཡིན་པར་སྒྲུབ་ཡོད་ན་ངས་སྤྲོ་སྣང་ཆེན་པོའི་སྒོ་ནས་ལན་རྒྱག་པར་འདོད་དེ། བན་བོན་གྱི་སྟོན་པ་རྣམ་གཉིས་ཞལ་མཐུན་པར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པ་ལ་ལམ་དང་ལམ་མ་ཡིན་པའི་ཁྱད་པར་འབྱེད་བྱེད་ཀྱི་ཤེས་རབ་མེད་ནས་ལམ་ལོག་དམན་འཁྱལ་གསུམ་དུ་གོལ་ན། ཐར་པ་ལས་རིང་དུ་འགྲོ་བར་དགོངས་ནས་རྒྱལ་བའི་བཀའ་ཟབ་མོ་འདི་དག་ལའང་དཔྱད་གསུམ་དག་པའི་ཚད་མས་རང་རྒྱུད་ལ་ཉམས་སུ་བསྟར་དགོས་པར་གསུངས་པ་ནི། བོན་སྟོན་གཤེན་རབ་ཀྱི་ཞལ་ནས། “གང་དག་བཀའ་ལས་བྱུང་གྱུར་པ། དེ་དག་རིག་པས་གཞལ་མིན་ན། སྙིང་པོའི་དོན་ཐོབ་མི་འགྱུར་ཏེ། དེ་ཕྱིར་རིག་གཞལ་དོན་ཡོད་བྱ།”ཞེས་དང་ཆོས་སྟོན་ཐུབ་པའི་ཞལ་ནས། “ང་ཡིས་བཤད་པའི་བཀའ་རྒྱུད་འདི། བསྲེགས་དཔྱད་བརྡར་བའི་གསེར་བཞིན་དུ། དཔྱད་པར་བྱ་ལ་གུས་ཕྱིར་མིན། ” ཞེས་སོ། ཡང་ སྟོན་པ་རྣམ་གཉིས་ཀྱི་གསུང་ལ་དཔྱད་པ་མ་བྱས་ན་དེ་ལའང་ནོར་འཁྲུལ་གྱི་ཆ་ཡོད་པའི་དོན་ནི་ཅི་སྟེ། བན་བོན་གཉིས་ཀའི་ལུང་ལས། “ཉེས་པ་ཟད་པས་རྫུན་གྱི་ཚིག། སྨྲ་བར་མི་འགྱུར་རྒྱུ་མེད་ཕྱིར། ཉེས་ཟད་ལུང་དུ་ཤེས་པར་བྱ།”གསུངས་པ་ལྟར་རོ། ད་ཁྱོད་རང་གིས་གཤེན་རབ་སངས་རྒྱས་ཡིན་མིན་དང་གཡུང་དྲུང་བོན་འདི་སངས་རྒྱས་བསྟན་པ་ཡིན་མིན་ལུང་དང་རིག་པས་དཔྱད་པ་མ་བྱས་པའམ་བྱེད་མ་ཤེས་པ་གང་ཡིན་ཀྱང་དེ་ནི་བོན་པོར་ངོ་སོ་བསྟོད་བྱེད་ཡོང་སྲིད་ཀྱི་མ་རེད་ལ། ང་ཚོ་བོན་པོ་རྣམས་ལ་དགོས་པ་ནི་ལུང་དང་རིག་པས་དཔྱད་པའི་སྒོ་ནས་གཤེན་རབ་སངས་རྒྱས་ཡིན་མིན་དང་གཡུང་དྲུང་བོན་འདི་སངས་རྒྱས་བསྟན་པ་ཡིན་མིན་བཤད་རྒྱུད་དེ་རེད། རི་བོ་གངས་ཅན་པའི་འདས་པའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟོས་དང་། དུས་རབ་བདུན་པ་ནས་རིག་གསར་ཆེན་པོའི་རླུང་འཚུབས་མ་བྱུང་བའི་བར་ཏུ་ སྤྱང་ཀི་ལུག་ལྤགས་ཅན་ཆབ་སྲིད་ཀྱི་ཇག་པ་དམར་སེར་ཅན་པོ་དག་གིས་བློ་གཟུ་བོར་གནས་པའི་སྒོ་ནས་ལུང་རིག་ཡང་དག་པའི་དཔྱད་པ་གང་ཡང་མེད་པར་ང་ཚོ་བོན་པོ་ལ་ཐུབ་ཚོད་དང་ཕམ་ཁ་ག་ཚོད་སྤྲད་ཡོད་པ་གསལ་པོ་རེད། ད་ཆར་ཡང་ “ར་ཤི་ཡང་ ར་སྔ་མ་ཤི་”ཞེས་པའི་གཏམ་དཔེ་ལྟར། ཁྱོད་དང་ཁྱོད་འདྲ་བའི་འབྲི་གུང་ར་སེ་སོགས་འགའ་ཞིག་གིས་མཐོང་རྒྱ་ཁྲོན་སྦར་ལས་མེད་ཀྱང་བཤད་པ་ཉི་ཟླ་ལས་གསལ་ཚུལ་བྱེད་ཏེ་གཡུང་དྲུང་བོན་འདི་ཉིད་གཤེན་བར་མ་བྱོན་གོང་གི་བོད་གནའ་བོའི་གདོད་མའི་བོན་དང་ཉ་ཉུང་མཉམ་གསེས་བྱེད་པ་འདི། ད་ཆར་དུས་རབས་ཉེར་གཅིག་པའི་ནང་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་དུས་སྐབས་འདི་ལ་མུན་ནག་མདའ་འཕེན་གྱིས་དགྲ་བོ་ཐུར་བའི་བསམ་ངན་མ་འཆང་ན་ཡག་ཤོས་མ་རེད་དམ། ད་ཁྱོད་ཀྱིས་གཤེན་རབ་སངས་རྒྱས་མ་ཡིན་པ་དང་གཡུང་དྲུང་བོན་སངས་རྒྱས་བསྟན་པ་མ་ཡིན་པ་གཞིར་བཞག་ནས་བཤད་པ་མེད་ཟེར་ན། འོ་ན་ཁྱོད་རང་གིས་ “བོན་པོའི་ཆོས་འདི་སངས་རྒྱས་ཤྰཀྱ་ཐུབ་པའི་ཆོས་མ་ཡིན་པ་དེ་ལྟར་ན་འདི་ལ་ཐར་བ་ཡོད་དམ་ཞེ་ན། ཁོང་ཅག་གི་རང་གཞུང་ན་གསུངས་པའི་མཐར་ཐུག་གི་ཐར་བ་ཡོད་ཀྱང་སངས་རྒྱས་ཤྰཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཐར་ཐུག་གི་ཐར་བ་ནི་མེད་དེ། རྒྱུ་གང་ལ་བསླབ་པ་དེ་ལ་དེའི་འབྲས་བུ་འབྱུང་དགོས་ཀྱི། རྒྱུ་གཞན་ལ་བསླབས་ནས་འབྲས་བུ་གཞན་འབྱུང་བ་རྒྱུ་འབྲས་འཛོལ་བ་ནི་མི་སྲིད་པའི་ཕྱིར་རོ། རུའུ་ལུགས་དང་ཏའུ་ལུགས་བཞིན། ” ཞེས་བྲིས་པའི་སྐབས་སུ་ཁྱོད་ཀྱི་ཞེ་འདོད་ཅི་ཞིག་བཟུང་ཡོད། ཚིག་དེས་ཉན་པ་པོ་ལ་གོ་བརྡ་ག་རེ་ཞིག་སྤྲད་ཀྱི་རེད་བསམ་བྱུང་། ཁྱོད་རང་གིས་དངོས་སུ་གཡུང་དྲུང་གི་བོན་འདི་སངས་རྒྱས་ཀྱི་བསྟན་པ་མ་རེད་ཅེས་མ་ལབ་ཀྱང་དོན་དུ་དེ་ལྟ་བུ་གོ་བརྡ་སྤྲད་པའི་ཆེད་དུ་གོང་གི་བཤད་པ་དེ་བྱས་པ་ལ། སངས་རྒྱས་ཡིན་ན་ཤྰཀྱ་ཐུབ་པ་ཡིན་པའི་ཁྱབ་པ་དང་སངས་རྒྱས་བསྟན་པ་ཡིན་ན་ཤག་ཐུབ་ཀྱི་བསྟན་པ་ཡིན་པའི་ཁྱབ་པ། སངས་རྒྱས་གཞན་གྱིས་གསུངས་པའི་ཐར་པ་ཐོབ་ཀྱང་ཤག་ཐུབ་ཀྱིས་གསུངས་པའི་ཐར་པ་ཐོབ་མེད་པ་བཅས་མི་འདོད་བཞིན་དུ་ཁས་ལེན་དགོས་པར་ཐལ་བ་ལ། མཁར་ནག་སྤྲུལ་སྐུ་རིན་པོ་ཆེས་ལུང་རིག་ཡང་དག་པས་སྒྲུབ་ཟིན་པ་ལྟར་རོ། ད་ཁྱོད་རང་ལ་དོན་གནད་འདི་ཡི་ཐད་ལ་ངས་དྲི་བ་ཞིག་འདོན་རྒྱུ་ཡིན། གཤེན་རབ་སངས་རྒྱས་ཡིན་པ་དང་དེས་གསུངས་པའི་ཐར་པ་ཐོབ་ན་འཁོར་བ་ལས་ཐར་པའི་ཐར་པ་ཐོབ་ཡོད་ཅེས་ཁས་ལེན་རྒྱུ་ཡིན་ནམ་མིན། ཡིན་ན་དེ་ལྟར་ཁས་ལེན་དགོས་པའི་རྒྱུ་མཚན་བཤད་དགོས། མ་ཡིན་ན་གཤེན་རབ་སངས་རྒྱས་མ་ཡིན་པའི་ལུང་རིག་ཚད་མའི་སྒྲུབ་བྱེད་དང་། དེས་གསུངས་པའི་ཐར་པ་ཞེས་པ་དེ་འཐོབ་བྱེད་ཀྱི་རྒྱུ་གང་ཞིག་ལ་འབད་དགོས་པ་དང་། ཐོབ་པའི་ངོ་བོ་གང་ཞིག་ཡིན་པ་གསལ་པོར་ངོས་འཛིན་ནས་དེའི་ཐར་པ་ཐོབ་ཀྱང་ད་དུང་འཁོར་བ་ལས་ཐར་མ་ཐུབ་པའི་རྒྱུ་མཚན་ངེས་པར་དུ་བཤད་དགོས། འཁོར་བ་ལས་ཐར་ཀྱང་ཤག་ཐུབ་ཀྱིས་གསུངས་པའི་ཐར་པ་ཐོབ་མེད་ཅེས་པའི་བླུན་རྒན་ཅི་ཡང་མ་ཤེས་པའི་རང་རྟགས་ནི་སྟོན་དོགས་མེད། གཤེན་རབ་ཀྱིས་གསུངས་པའི་ཐར་པ་ཞེས་གང་ཞིག་ཟེར་གྱི་ཡོད་མེད་མ་ཤེས་ནས་གཡུང་དྲུང་བོན་ལུགས་འདི་རུའུ་ལུགས་དང་ཏའོ་ལུགས་བཞིན་ཡིན་ཤར་ཤར་བྱས་ནས་དེ་ལྟར་བཤད་པ་ཡིན་ན་དེ་ལ་ལུང་རིག་སྨྲ་བའི་སྐྱེས་བུ་སུ་ཡིས་བདེན་པའི་ཚད་དུ་འཛིན་མི་སྲིད་དོ། །
ཡང་ འོན་ཀྱང་ཐོག་མར་མི་འགའ་ཞིག་གིས་བོན་པོ་ལ་དགག་པ་བྱས་ཡོད་ཅེས་བསྒྲགས། དེ་རྗེས་བོན་པོའི་ཕྱོགས་ཀྱི་མི་མང་པོ་ཞིག་གིས་དོ་སྣང་མཛད་ཀྱིས་འདུག་པ་ཤེས་ནས་སྣང་དགོན་གྱི་དགེ་བསྐོས་ལ་ལོ་རྒྱུས་ཆ་ཚང་བཤད་ནས་བོན་ཚོགས་ཀྱི་བླ་མ་དགེ་བཤེས་རྣམས་ལ་ཞུ་བ་བྱེད་རོགས་ལབ་པ་ཡིན། ཞེས་དང་། དེ་རྗེས་སྣང་དགོན་གྱི་དགེ་བཤེས་འགའ་དང་འཕྲད་ནས་ཉིན་གཉིས་རིང་བགྲོ་གླེང་བྱས་ཏེ་ཤེར་སྒྲོན་གྱི་ཚིག་འགའ་ལ་གསལ་ཁ་གཏོད། འགའ་ཞིག་ལ་མཆན་བུ་བཏབ་ནས་མཐར། བན་བོན་གཉིས་ཀའི་ནང་ནས་བློ་གཟུ་བོར་གནས་པ་རྣམས་ཀྱིས་གཟིགས་ན་སྐྱོན་མི་འདུག་ཅེས་པ་ཞིག་གི་ཐོག་ཏུ་ཐག་བཅད་ནས་ཕྱོགས་གཉིས་ཀའི་སེམས་ནང་ཤིན་ཏུ་མཐུན་པོ་གྱུར་པ་ཡིན་ནོ། ཞེས་པ་ལ། འདི་ཡི་སྐོར་ལ་སྔོན་མ་མཁན་པོ་ལགས་དང་བགྲོ་གླེང་གནང་མཁན་དགེ་བཤེས་རྣམ་པས་ཁྱོད་རང་ཚོ་བགྲོ་གླེང་སྐབས་ཀྱི་སྐད་ཆ་དང་མཁན་པོ་ལགས་ནས་བྲིས་པའི་དོགས་གནས་གསལ་བཤད་བྱས་པའི་ཡི་གེ་གཉིས་ཀྱི་ནང་དོན་དང་རྟག་རྟག་ཡོང་གི་ཡོད་མེད་གཅིག་གསུང་ན་ཡག་པོ་འདུག་བསམ་པ་བྱུང་།
ཡང་ ལོ་གཅིག་སོང་རྗེས་སུ་ད་དུང་ཡང་བན་བོན་གཉིས་ཀྱི་ནང་ནས་མི་འགའ་ཞིག་གིས་ཕན་ཚུན་ཚིག་ངན་དང་ཤགས་འབྱེད་བྱེད་བཞིན་འདུག། ལར་བོད་ཀྱི་སྐྱ་སེར་གཉིས་ཀའམ་གྲུབ་མཐའ་ཕན་ཚུན་བར་དུ་དོན་ཅི་ཞིག་ཡོད་ཀྱང་ངོ་འཕྲད་ནས་གྲོས་བསྡུར་བྱས་ན་ཐག་མི་ཆོད་རྒྱུ་ཅི་ཡང་མེད་པས། འདི་འདྲའི་ཤགས་འབྱེད་མི་བྱེད་པར་ཞུ་ཞེས་སྙིང་ཐག་པ་ནས་ཞུ་བ་ཡིན། ཞེས་པ་ལ་བོད་ཀྱི་སྐྱ་སེར་གཉིས་ཀའམ་གྲུབ་མཐའ་ཕན་ཚུན་བར་དུ་དོན་ཅི་ཞིག་ཡོད་ཀྱང་ངོ་འཕྲད་ནས་གྲོས་བསྡུར་བྱས་ན་ཐག་མི་ཆོད་རྒྱུ་ཅི་ཡང་མེད་ཅེས་པ་ནི་ཉམས་མྱོང་དང་མཐོང་རྒྱ་ཅི་ཡང་མེད་པའི་གཏམ་ཞིག་ཡིན་པ་བཤད་མི་དགོས་ཏེ། བོད་ཀྱི་སྐྱ་སེར་གཉིས་ཕྱོགས་ནས་ཆབ་སྲིད་དང་གྲུབ་མཐའི་བར་གྱི་དོན་དག་མང་པོ་མི་ལོ་བརྒྱ་ཕྲག་དུ་མའི་རིང་རྙོག་ཟིང་གི་རང་བཞིན་དུ་གནས་ཡོད་པ་དེ་ཕན་ཚུན་ངོ་འཕྲད་ནས་གྲོས་བསྡུར་བྱེད་མྱོང་མེད་པ་ཡིན་སྲིད་ཀྱི་མ་རེད། ཡིན་ནའང་ཕན་ཚུན་ངོ་འཕྲད་ནས་སྐད་ཆ་ཐད་ཀར་བཤད་རྒྱུ་དེ་གལ་ཆེན་པོ་རེད། གཏམ་དཔེར། “གཏམ་ངོས་ལ་བཤད་ན་ངོ་མི་ཚ། སྐྲ་རྒྱབ་ལ་གཡུག་ན་མིག་མི་སྒྲིབ།”ཞེས་པ་ལྟ་བུའོ། །ཁོང་གིས་དེ་ལྟར་དགོས་དོན་ནི་བོད་མི་རིགས་གྲངས་ཉུང་ནང་དུ་རྩོད་པ་མང་པོ་བྱུང་ན་སྤྱི་ཚོགས་ཡར་རྒྱས་དང་མཐུན་སྒྲིལ་ལ་གནོད་པ་དང་། སོ་སོས་ཆོས་སྤོང་གི་ལས་ཚབས་ཆེན་བསོག་གི་ཡོད་པས་ཁོ་རང་གིས་བོན་པོའི་དགེ་བཤེས་ཕར་བཙལ་ནས་དཔེ་ཆ་ལ་གསལ་ཁ་བཏོད་པ་སོགས་བོད་སྤྱི་པའི་མཐུན་སྒྲིལ་ལ་བསམ་བློ་གཏོང་ཡོད་པར་བཤད་པ་ལ། “བློ་སྔོན་ནས་རྙེད་ན་མཁས་པ་ཡིན། རྗེས་སུ་རྙེད་ན་བླུན་པོ་ཡིན་”ཞེས་པ་ལྟར་ཁྱོད་རང་གིས་ཤེར་སྒྲོན་ཞེས་པའི་དཔེ་ཆ་དེ་འབྲི་བའི་སྐབས་སུ་དེ་འདྲ་ཞིག་དྲན་ཐུབ་ཡོད་ན་ཅི་འདྲའི་ཡག་བ་ལ། ད་ནི་ཅུང་འཕྱི་སོང་བས་ “སྔ་དྲོའི་གཡོ་མ་གཡོ་ཤེས་ན། ཕྱི་དྲོའི་གཡོ་སྐྱོ་ལྡག་ཤེས་དགོས་”ཞེས་པའི་དཔེ་ལྟར། དཔེ་ཆ་འདི་ཡི་སྐོར་གྱི་རྙོག་གྲ་དེ་ག་དུས་མཚམས་འཇོག་མིན་ནི་ཁྱོད་རང་གིས་གཡོ་ཟོལ་མེད་པའི་སྒོ་ནས་སྔོན་འགྱོད་དང་ཕྱིས་བསྡོམས་ཡང་དག་པ་ཞིག་ག་དུས་བྱས་ན་དེ་དུས་མཚམས་འཇོག་ཡོང་གི་རེད། དེ་མིན་ཁྱོད་རང་གིས་བཤད་བསམ་པ་མཐའ་དག་སྐད་ཡིག་དུ་མའི་ཐོག་ནས་འཛམ་གླིང་གང་སར་བརྒྱུད་བསྒྲགས་བྱས་ཚར་ནས། ད་ཁྱོད་རང་ཚོས་དེ་ལ་བདེན་རྫུན་གྱི་གསལ་བཤད་བྱས་པ་ཡིན་ན་བོད་སྤྱི་པའི་ཡར་རྒྱས་དང་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་ཡིན་པས་དེ་ལྟར་མི་བྱེད་རོགས་ཞེས་སྤྱི་སེམས་ཡོད་མདོག་གིས་ཁ་འཇམ་པོའི་སྡིག་མོ་ཛ་དྲག་པོ་བྱས་པ་ལ་སུ་ཡིས་ལེགས་སོ་ཞུ་ཐུབ་ཀྱི་མ་རེད་ལ། རྙོག་ཟིང་དེ་མི་རབས་ནས་མི་རབས་བར་ཛ་དྲག་ཏུ་འགྲོ་སྲིད་པ་ཞིག་སྟེ། དཔེར་ན་ བོན་ལ་འཁྱལ་བོན་བསྒྱུར་བོན་བརྡོལ་བོན་ཞེས་པའི་སྐོར་གྱི་དོན་གནད་ལ་གཟིགས་དང་མཁྱེན་ཐུབ་ངེས་རེད། ལར་རྩོད་པ་ཞེས་པ་དེ་སྤྱི་མིང་རེད་ལ་རྩོད་པ་བྱས་ཚད་ཡར་རྒྱས་དང་མཐུན་སྒྲིལ་ལ་གནོད་ཅིང་སོ་སོས་ཆོས་སྤོང་གི་ལས་བསགས་པ་རེད་ཅེས་པ་ནི་ཆོས་དང་འཇིག་རྟེན་སོ་སོར་ཕྱེ་མ་ཤེས་པ་དང་འཇིག་རྟེན་བོན་བརྒྱད་ཀྱི་ལྟ་བ་རྨིང་གཞི་བྱས་ཏེ་བདག་རྒྱལ་གཞན་ཕམ་གྱི་རྩོད་པ་བྱས་པ་དང་། ཆོས་དང་འཇིག་རྟེན་སོ་སོར་ཕྱེ་ཤེས་པའི་སྒོ་ནས་དཀོན་མཆོག་དཔང་པོར་བཟུང་། ལས་འབྲས་རྨང་གཞི་བྱེད། ཚད་མ་གསུམ་གྱི་སྒོ་ནས་གྲུབ་མཐའ་དང་གཞུང་ལུགས་ལོ་རྒྱུས་རིགས་གནས་གང་ལ་དཔྱད་པ་གཏོང་བ་ནི་ཆོས་དང་འཇིག་རྟེན་གང་ལ་ཡང་ཡར་རྒྱས་དང་རང་རྒྱུད་ཀྱི་མ་རིག་མ་ཤེས་པའི་ཆ་རྣམས་བསལ་ནས་ཀུན་མཁྱེན་ཡེ་ཤེས་ཀྱི་དགོངས་པ་རྒྱུད་ལ་སྐྱེ་བ་སོགས་ལ་དགོས་ངེས་ཡིན་པས་དེ་གཉིས་ཁྱད་པར་ཕྱེ་ཤེས་པར་བྱོས་ཤིག། སྟོན་པ་རྣམ་གཉིས་ཀྱིས་ཚད་མ་རིག་པ་གསུངས་དགོས་དོན་ཡང་རང་གཞན་གྱི་རྒྱུད་ལ་ཡོད་པའི་མ་རིག་མ་རྟོགས་ལོག་རྟོག་གི་སྒྲོ་འདོགས་འདི་ལྟ་བུའི་རིགས་རྣམས་བསལ་བའི་ཆེད་དུ་ཡིན་ངེས་སོ། དེས་ན་ངས་མཁན་པོ་ལགས་ནས་འདིའི་སྐོར་ལ་ལུང་རིག་ཚད་མའི་སྒྲུབ་བྱེད་དང་རྩོད་སྤོང་ཡང་ནས་ཡང་དུ་ཡོད་པར་བསྒུག་ཡོད།
སྨྲས་པ།
ཐོས་བསམ་སྤང་བྱར་འཛིན་རྣམས་ལ། །
ལུང་རིག་རྩོད་པ་དགོས་དབེན་ཀྱང་། །
ཚད་གསུམ་སྨྲ་བའི་གཟུར་གནས་ཚོགས། །
དགྱེས་པའི་དགའ་སྟོན་འདི་ལས་ཅི། །ཞེས་སོ། །
ཡང་རྒྱད་སྐད་དུ་(佛教) སངས་རྒྱས་ཀྱི་ཆོས་ཞེས་པ་དེ་སངས་རྒྱས་ཤྰཀྱ་ཐུབ་པའི་ཆོས་ཞེས་སྦྱར་མེད་པ་དེ་རྒྱ་ཡིག་གི་ཚིག་མཛོད་འགའ་ལ་བསྟུན་ནས་བྲིས་པ་ལས་བོན་ལ་སྨོད་པ་དང་དགག་པའི་ཚིག་གཅིག་མེད་ཅེས་པ་ལ། རྒྱ་སྐད་དུ་ ཧྥོས་ཅོའོ་ ཞེས་པ་རྣམས་དོན་དངོས་སངས་རྒྱས་ཀྱི་ཆོས་ཞེས་པའི་སྐད་དོད་ཡིན་ཀྱང་། དེ་སྔོན་ཁྱོད་རང་ཚོས་གཡུང་དྲུང་བོན་ཆོས་འདི་སངས་རྒྱས་ཀྱི་བསྟན་པ་ཡིན་པ་འགོག་པའི་ཆེད་དུ་ཐག་རིང་པོ་ཞིག་ནས་དེ་དག་ཚང་མ་ཤག་ཐུབ་ཀྱི་ཆོས་རང་གོ་དགོས་པའི་བཤད་པ་བྱས་པར་བརྟེན་རྒྱ་ཡིག་ཚིག་མཛོད་འགའ་ཡི་ནང་དུ་བཤད་སྟངས་དེ་བྱུང་བ་རེད་མ་གཏོགས། རྒྱ་ཡིག་ཚིག་མཛོད་འགའ་ལ་བརྟེན་ནས་ཁྱོད་རང་ཚོའི་ལྟ་སྟངས་དེ་བྱུང་བ་མ་ཡིན་པ་གསལ་པོ་རེད།
ཡང་ཤེར་སྒྲོན་ནང་གི་སངས་རྒྱས་ཀྱི་ཆོས་ཞེས་པ་རྣམས་ལ་སངས་རྒྱས་ཤྰཀྱ་ཐུབ་པའི་ཆོས་ཞེས་བཅོས་ཡོད་ཅེས་བོན་ལ་ལྟ་སྟངས་ཡག་ཏུ་གཏོང་ཡོད་པའི་གསལ་བཤད་བྱས་པ་ནི། དེ་སྔོན་ཁྱོད་ཙམ་མ་ཡིན་པར་གྲུབ་མཐའ་དང་སྐྱ་སེར་ལ་མ་བལྟོས་པའི་ཆོས་པ་དང་ཞིབ་འཇུག་པའི་མིང་སྐམ་འཛིན་པ་མང་དག་ཞིག་གིས་སངས་རྒྱས་ཆོས་སམ་ནང་པའི་ཆོས་ཞེས་པ་ཤྰཀྱ་ཐུབ་པའི་ཆོས་ལ་གོ་དགོས་རེད། ཅེས་མིག་ཆེ་ཆེ་བྱེད་ནས་བཤད་ཀྱི་ཡོད་པ་དང་། རྒྱུ་མཚན་གང་ཞིག་ཡིན་ནམ། ཞེས་དྲིས་ཚེ། ཨ་ད་སྐབས་རྒྱལ་ཕྱི་རྒྱལ་ནང་གང་སར་དེ་འདྲའི་ཁས་ལེན་གྱི་འདུག་པས་ཞེས་བཤད་ཀྱི་ཡོད་པ་ལ། ཉེ་ཆར་མཁར་ནག་སྤྲུལ་སྐུ་ཚང་ནས་དེའི་སྐོར་ལ་དགག་སྒྲུབ་དཔྱིས་ཕྱིན་པ་བྱས་པར་བརྟེན་ཁྱོད་ཙམ་མ་ཡིན་པར་མཁས་བླུན་མང་དག་པ་ཞིག་གིས་དེའི་ཐད་བསམ་གཞིག་གནང་དགོས་པ་ཞིག་བྱུང་བ་རེད།། དེ་ལྟ་བུའི་རྨོངས་པའི་འདུ་ཤེས་དེ་དོར་ཐུབ་ཡོད་ན་སངས་རྒྱས་ཟེར་ཚད་ཤག་ཐུབ་ལ་གོ་དགོས་པའི་འདུ་ཤེས་དེ་ཡང་འདོར་ཐུབ་ངེས་ལ་དེ་ནི་ལུང་རིག་ཚད་མའི་རྩོད་པ་བྱས་པའི་འབྲས་བུ་ཡིན་པ་བཤད་མ་དགོས་སོ།།
སྨྲས་པ། ཆགས་སྡང་ལྟ་བའི་ཤེ་མུན་ལ། །
ལུང་རིག་སྐྱ་རེངས་མ་ཤར་ན། །
ཚད་གསུམ་བདེན་པའི་ཉི་གཞོན་དེ། །
གྲུབ་མཐའི་མཁའ་ལ་འཕགས་མི་སྲིད།།
ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
ཡང་དོགས་སེལ་སྔོན་མའི་ནང་དུ། བོན་གྱི་བླ་གྲྭ་ཁག་གཅིག་གིས་ཤྰཀྱ་ཐུབ་པའི་ཆོས་ལས་གསུངས་པའི་རྫོགས་ཆེན་སོགས་སངས་རྒྱས་པའི་ཆོས་ཐུགས་ཉམས་སུ་བཞེས་པ་ཡོད་ཀྱང་དེ་ནི་གང་ཟག་སྒེར་གྱི་ཉམས་ལེན་ལས་བོན་པོའི་ཆོས་ཀྱི་ཚབ་བྱེད་མི་ཐུབ་ཅེས་པའི་མཆན་དུ་(བོན་པོའི་བཀའ་ནའང་དེའི་རྫོགས་པ་ཆེན་པོ་ཡོད།)ཅེས་མཆན་དུ་བཏགས་པའི་དོན་གང་ཡིན། བོན་གྱི་བཀའ་ནང་རྫོགས་པ་ཆེན་པོ་ཡོད་པར་ཁས་བླངས་བ་ཡིན་ནམ་མིན། ཡིན་ན་དེ་ཉམས་སུ་བླངས་བ་ལ་བོན་པོའི་བཀའ་ཉམས་སུ་བླངས་བ་དང་དེ་འདྲའི་ཉམས་ལེན་དེ་བོན་པོའི་བཀའ་ཡི་ངོ་བོ་མཚོན་ཐུབ་པ་མཁར་ནག་སྤྲུལ་སྐུ་རིན་པོ་ཆེ་ནས་རིག་པ་ཚད་མས་སྒྲུབ་ཏེ་གྲུབ་ཟིན་ལགས་ན་གྲུབ་ཟིན་སྒྲུབ་པ་ལ་དགོས་པ་མེད་པས་བཞག། གོང་དུ་མ་ཡིན་ཞེས་ལན་རྒྱག་པར་འདོད་ན། འོ་ན་དེ་ལྟར་མཆན་བཏགས་པ་ལ་གོ་རྒྱུ་ག་རེ་ཡོད་གསལ་པོར་ཤོག་ཅིག། མཚམས་འདིར་ངས་ཁྱོད་རང་ལ་རིག་པ་ཚད་མའི་མཆོད་པ་ཉུང་ངུ་ཞིག་འབུལ་རྒྱུ་ཡིན་པས་ལེགས་པར་ཉོན་ཅིག་ཨ། བོན་པོའི་བཀའ་ནའང་དེའི་རྫོགས་པ་ཆེན་པོ་ཡོད་ཅེས་པའི་སྐབས་སུ་དེའི་རྫོགས་པ་ཆེན་པོ་ཞེས་པ་དེ་ཐུབ་པའི་ཆོས་ལས་གསུངས་པའི་རྫོགས་པ་ཆེན་པོ་དེ་ཡོད་པར་གོ་དགོས་པ་ཐལ། དེ་ལས་གོ་ཚུལ་གཞན་མེད་པའི་ཕྱིར། འདོད་ན། བོན་པོའི་བཀའ་ནའང་ཐུབ་པའི་ཆོས་ལས་གསུངས་པའི་མཐར་ཐུག་གི་ཐར་པ་ཡོད་པ་ཐལ། ཐུབ་པའི་ཆོས་ལས་གསུངས་པའི་རྫོགས་པ་ཆེན་པོ་ཡོད་པའི་ཕྱིར། རྟགས་ཁས། མ་ཁྱབ་ཟེར་ན། འཁོར་གསུམ། ཐུབ་པའི་ཆོས་ལས་གསུངས་པའི་རྫོགས་པ་ཆེན་པོ་ཡོད་ན། ཐུབ་པའི་ཆོས་ལས་གསུངས་པའི་མཐར་ཐུག་གི་ཐར་པ་ཡོད་པའི་ཁྱབ་པ་ཐལ། ཐུབ་པའི་ཆོས་ལས་གསུངས་པའི་མཐར་ཐུག་གི་ཐར་པའི་ངོ་བོ་དང་། ཐར་པ་དེ་འཐོབ་བྱེད་ཀྱི་རྒྱུ་དང་། ཐར་པ་དེ་སྒྲུབ་མཁན་གྱི་ཉམས་ལེན་པ། ཐར་པ་དེ་ཐོབ་པའི་གང་ཟག་རེ་རེ་ནས་ཡོད་པར་ཁྱབ་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། རྟགས་གྲུབ་པ་ཐལ། དང་པོ་ཐུབ་པའི་ཆོས་ལས་གསུངས་པའི་སྤངས་རྟོགས་མཐའ་དག་ཕུན་སུམ་ཚོགས་པ་དེ་ཡོད་པར་གྲུབ། གཉིས་པ་ཐུབ་པའི་ཆོས་ལས་གསུངས་པའི་རྫོགས་པོ་ཆེན་པོའི་ཉམས་ལེན་དེ་ཡོད་པར་གྲུབ། གསུམ་པ་ཐུབ་པའི་ཆོས་ལས་གསུངས་པའི་རྫོགས་པོ་ཆེན་པོའི་ཉམས་ལེན་རྣལ་འབྱོར་པ་དེ་ཡོད་པར་གྲུབ། བཞི་པ་ཐུབ་པའི་ཆོས་ལས་གསུངས་པའི་མཐར་ཐུག་གི་ཐར་པ་ཐུབ་པའི་སངས་རྒྱས་ཡོད་པར་གྲུབ་པའི་ཕྱིར། དེ་ལས་སྟབས་བདེ་བའི་ཐོག་ནས་ཞུས་ན། བོན་གྱི་བཀའ་ལ་ཐུབ་པའི་ཆོས་ལས་གསུངས་པའི་མཐར་ཐུག་ཐར་པ་ཡོད་པ་ཐལ། བོན་གྱི་བཀའ་ལ་རྫོགས་པ་ཆེན་པོ་ཡོད་པ་གང་ཞིག། དེ་ཉམས་སུ་བླངས་བ་ལས་མཐར་ཐུག་གི་ཐར་པ་ཐོབ་པའི་སངས་རྒྱས་ཡོད་པའི་ཕྱིར། དང་པོ་མ་གྲུབ་ན། དེར་ཐལ། ཐུབ་པའི་ཆོས་ལས་གསུངས་པའི་རྫོགས་པ་ཆེན་པོ་ཡོད་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཐུབ་ཆོས་ལས་གསུངས་པའི་རྫོགས་ཆེན་ཡོད་ན་རྫོགས་ཆེན་ཡོད་པར་ཁྱབ་པའི་ཕྱིར་ཏེ། ཐུབ་ཆོས་ལས་གསུངས་པའི་རྫོགས་ཆེན་དེ་རྫོགས་ཆེན་ཡིན་པའི་ཕྱིར་རོ། མ་གྲུབ་ན་། ཐུབ་པས་རྫོགས་ཆེན་མ་གསུང་པར་ཐལ་ལོ། རིག་ལམ་ཡང་དག་པའི་གོ་བ་མེད་པའི་རིགས་ལ་ལུང་རིག་ཚད་མའི་སྒྲུབ་བྱེད་རྣ་བར་བླུགས་ཀྱང་ཕན་པ་མེད་པས་འཁོར་གསུམ་གྱིས་མཚམས་སྦྱར་བར་བྱའོ། །
ད་ཁྱོད་རང་གིས་ཞེ་འདོད་ངོ་མ་བཤད་མ་ནུས་ཀྱང་ངས་བཤད་རོགས་བྱས་པ་ཡིན་ན། བོན་པོའི་ཆོས་ལ་ཐུབ་པས་གསུངས་པའི་མཐར་ཐུག་གི་ཐར་པ་མེད་ཅེས་པ་ནི་བོན་གྱི་ཆོས་ཉམས་ལེན་བྱས་པ་ལས་དེ་འཐོབ་པ་མེད་པ་དང་། བོན་གྱི་བཀའ་ནའང་ཐུབ་པའི་ཆོས་ལས་གསུངས་པའི་རྫོགས་པ་ཆེན་པོ་ཡོད་ཅེས་པ་ཐུབ་པའི་བཀའ་ཡིན་པར་གྱུར་པའི་རྫོགས་ཆེན་དེ་བོན་གྱི་བཀའ་ནང་དུ་བཞག་ཡོད་པ་དང་། དེ་ཉམས་སུ་བླངས་པ་ནི་གང་ཟག་སྒེར་གྱི་ཉམས་ལེན་ལས་བོན་གྱི་ངོ་བོའི་ཚབ་བྱེད་མི་ཐུབ་ཅེས་བཤད་པ་ཨེ་ཡིན། ཡིན་ན་ སྐབས་འདི་ལ་སླེབས་དུས་ཚུལ་ཆོས་སེང་རས་ཀྱིས་སྒྲིབ་པའི་མཁན་པོ་ལགས་ཀྱི་གདོང་རིས་ངོ་མ་དེ་མཐོང་ཐུབ་པ་མ་ཡིན་ནམ། བོན་གྱི་བཀའ་ནང་དུ་ཐུབ་པའི་ཆོས་ལས་གསུངས་པའི་མདོ་སྔགས་གཉིས་ཀྱང་ཡོད་པ་ཐལ། མདོ་སྔགས་གཉིས་རེ་རེ་ནས་ཡོད་པ་གང་ཞིག། ཁྱོད་ཀྱིས་དེ་དག་ཐུབ་པས་གསུངས་པའི་ཆོས་ཡིན་པར་ཁས་ལེན་པའི་ཕྱིར། འདོད་ན་ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་ཞེས་པའི་མདོ་སྔགས་སེམས་གསུམ་གྱི་བདག་ཉིད་ཅན་འདི་སངས་རྒྱས་ཀྱི་ཆོས་ཡིན་པ་ཐལ། ཐུབ་པས་གསུངས་པའི་ཆོས་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། གཡུང་དྲུང་བོན་གྱི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་བོན་པོ་རྣམས་བོན་ཅན། ནང་པ་སངས་རྒྱས་པ་ཡིན་ཐལ། ཐུབ་པས་གསུངས་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། གཡུང་དྲུང་བོན་ལས་གསུངས་པའི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གང་ཟག་གང་ཞིག་དེ་འདྲའི་དཀོན་མཆོག་གསུམ་དེ་ཐུབ་པའི་ཆོས་ལས་གསུངས་པའི་དཀོན་མཆོག་གསུམ་ཡིན་པའི་ཕྱིར། དེར་ཐལ། གཡུང་དྲུང་བོན་དེ་ཐུབ་པས་གསུངས་པའི་ཆོས་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་པ་དངོས། ད་གཡུང་དྲུང་གི་བོན་ལ་མཐར་ཐུག་གི་ཐར་པ་ཡོད་པ་ཐལ། དམ་པའི་ཆོས་དང་ཡོད་ན་ཡོད་མཉམ་མེད་ན་མེད་མཉམ་སོང་བའི་ཕྱིར། འདོད་ན་རྩ་བའི་དམ་བཅའ་བུད།། ད་རྒྱུ་འབྲས་འཛོལ་བ་སྲིད་པ་ཐལ། བོན་ལ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་པ་ཡོད་པའི་ཕྱིར། ཁྱབ་པ་ཁས། ཡང་ཁྱོད་ཀྱིས་ད་ཆར་ཐེག་ཆེན་གཡུང་དྲུང་བོན་ཅེས་པའི་མདོ་སྔགས་སེམས་གསུམ་འདི་ཉིད་གཡུང་དྲུང་བོན་མ་ཡིན་ཞེས་བཤད་ཐུབ་པ་འདུག་གམ། འདུག་ན་དེ་དག་ཉམས་སུ་ལེན་མཁན་གྱི་བོན་པོ་ཚང་མ་བོན་པོ་མ་རེད་ཟེར་ཐུབ་པ་འདུག་གམ། ལེགས་པར་སོམས་ཤིག། གོང་གི་མདོ་སྔགས་སེམས་གསུམ་གྱི་བདག་ཉིད་གཡུང་དྲུང་བོན་དེ་ཐུབ་པའི་ཆོས་ལས་གསུངས་པའི་མདོ་སྔགས་སེམས་གསུམ་ཡིན་པ་གཏན་ཚིགས་སུ་བཀོད་པ་དེ་དག། ཕྱི་རྒོལ་ཁྱོད་རང་གིས་ཁས་བླངས་པའི་དོན་གཏན་ཚིགས་བཀོད་ནས་ཁྱོད་རང་དམ་བཅའ་ལ་སུན་འབྱིན་བརྗོད་པ་མ་གཏོགས་སྔ་རྒོལ་ཁོ་བོས་དེ་ལྟར་ཁས་མི་ལེན་པ་ཤེས་དགོས་སོ། ད་ང་རང་གཉིས་ཀྱིས་གོ་ལ་འདི་ཡི་སྟེང་དུ་མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་ཞེས་པའི་གྲུབ་མཐའ་འདི་ནང་པའི་གྲུབ་མཐའ་ཡིན་པ་དང་། གྲུབ་མཐའ་འདི་ལ་ཞུགས་པའི་གང་ཟག་མཐའ་དག་ནང་པ་རེད་ཅེས་ལབ་རྒྱུ་ལས་གཞན་གཡོལ་ས་མེད་པ་ལུང་རིག་ཚད་མས་གྲུབ་འདུག་པ་ཨི་གོ་ཐལ། མི་གོ་ན་བོང་བུའི་རྣ་བར་གསེར་བོང་གང་བླུགས་ཀྱང་ཁྱད་པར་མེད་ཅེས་པ་ལྟར་རོ། ད་ལེགས་པར་སོམས་དང་བོན་པོའི་ཆོས་འདི་ལ་རང་ལུགས་ཀྱི་མཐར་ཐུག་ཐར་པ་ཡོད་ཀྱང་ཐུབ་པའི་ཆོས་ལས་གསུངས་པའི་མཐར་ཐུག་གི་ཐར་པ་ནི་མེད་དོ། །ཞེས་པའི་དམ་བཅའི་དེ་ག་འདྲ་བྱུང་།
མཁན་པོ་ལགས།
རྣམ་དཔྱོད་མཁྱེན་པའི་མཁའ་དབྱིངས་སུ། །
ལུང་རིག་ཆུ་འཛིན་དཀྲིགས་པ་ལས། །
ཚུལ་གསུམ་མེ་ཆར་གཡོས་པའི་མོད། །
ལོག་རྟོག་བྲག་རི་བཅིལ་འདི་རྨད། །ཞེས་ཀྱང་སྨྲའོ། །
ད་འུ་རང་གཉིས་ཀྱིས་ད་ཆར་བོན་པོ་རྣམས་ཀྱིས་སྤྱོད་བཞིན་པའི་མདོ་སྔགས་སེམས་གསུམ་གྱི་བདག་ཉིད་ཅན་འདི་ནང་པ་སངས་རྒྱས་ཀྱི་བསྟན་པ་ཡིན་པ་ཁས་ལེན་པ་གཉིས་ཀར་མཐུན། ཁས་ལེན་སྟངས་གི་ཐད་ནས་ཅུང་མི་འདྲ་བ་ནི། ཁྱོད་ཀྱིས་དེ་དག་ཐུབ་པའི་ཆོས་ལས་གསུངས་པའི་བཀའ་ཡིན་པའི་སྒོ་ནས་འདོད། ངས་དེ་ལྟར་མི་འདོད་ཀྱང་གོང་གི་བསྟན་པ་དེ་ནི་ཕྱི་ནང་གི་ཁྱད་པར་སྟོན་པ་དང་བསྟན་པ། ལྟ་བ་དང་སྐྱབས་འགྲོ་སོགས་ཀྱི་སྒོ་ནས་ནང་བསྟན་དུ་གྲུབ་པ་དང་དེའང་དམ་པའི་ཆོས་བོད་དུ་མ་དར་བའི་གོང་ནས་རི་བོ་གངས་ཅན་པའི་ཞིང་འདིར་དར་རྒྱས་སོང་བའི་བོན་སྟོན་གཤེན་རབ་ཀྱི་བསྟན་པ་རྣམ་པར་དག་པ་ཞིག་ཏུ་འདོད་དོ།། དེས་ན་ང་རང་གཉིས་རྩོད་པའི་གོམ་པ་གཉིས་པ་ཐེག་ཆེན་གཡུང་དྲུང་བོན་ཞེས་སུ་གྲགས་པའི་མདོ་སྔགས་སེམས་གསུམ་གྱི་བདག་ཉིད་ཅན་འདི་ཉིད་སྟོན་པ་རྣམ་གཉིས་གང་གི་བསྟན་པ་མིན་ཡིན་རྩོད་རྒྱུ་དེ་རེད། ཁྱོད་ཀྱིས་དེའི་སྐོར་ལ་བོན་གྱི་བཀའ་ནང་ཡོད་པའི་མདོ་སྔགས་སེམས་གསུམ་དེ་ཐུབ་ཆོས་ཡིན་ཤར་ཤར་གྱིས་བཤད་རྐྱང་བྱས་པ་ལས་རྒྱུ་མཚན་གང་ཞིག་མ་བཀོད་པར་བརྟེན། དང་པོ་ངས་ཁྱོད་ཀྱིས་ལུང་རིག་ཚད་མས་དཔྱད་པའི་སྒོ་ནས་རྩོམ་ལེན་གང་མཇོག་གནང་བའི་རེ་བསྐུལ་ཞུས་ནས་སྒུག་ཡོད་པས་རྩོམ་ལེན་ག་དུས་འབྱོར་ན་དེ་དུས་ངས་རྩོད་སྤོང་དང་སྒྲུབ་བྱེད་ཀྱི་ལུང་རིག་ཚད་མའི་གཟིགས་མོ་མི་དམན་པ་ཞིག་འབུལ་རྒྱུ་ཡིན་པར་གཟིགས་འདོད་ཡོད་པ་ཞུ།།
སྨྲས་པ།
རིག་པའི་སེང་ཆེན་གླལ་བའི་སྒྲས། །
ལོག་ལྟ་རྒོལ་ངན་ཝ་མོའི་ཁྱུ། །
བརྒྱལ་དང་བསྔངས་པར་གྲགས་པའི་གཏམ། །
སྨྲ་སེང་འཇམ་དབྱངས་དགྱེས་པའི་རྒྱུ། །ཞེས་སོ། །
དེ་ཉིད་ལས། “བོན་པོའི་བླ་མ་འགའ་རེས་བོན་ཆོས་དང་སངས་རྒྱས་ཤྰཀྱ་ཐུབ་པའི་ཆོས་གཅིག་མཚུངས་རེད། ཁྱོད་ཀྱིས་གང་ལ་བསླབ་ཀྱང་ཆོག་ཟེར། དོན་ལ་བོན་པོའི་ཆོས་དང་སངས་རྒྱས་ཤྰཀྱ་ཐུབ་པའི་ཆོས་ཀྱི་ཆེས་འགག་རྩར་གྱུར་བའི་མི་འདྲ་ས་ནི། དེ་ཉིད་སངས་རྒྱས་ཤྰཀྱ་ཐུབ་པའི་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་བ་དེ་རེད། གལ་ཏེ་བོན་པོའང་སངས་རྒྱས་ཤྰཀྱ་ཐུབ་པའི་ཆོས་ལ་སྐྱབས་སུ་འགྲོ་ན་ནི་སངས་རྒྱས་ཤྰཀྱ་ཐུབ་པའི་ཆོས་པ་ཡིན་ལ། མི་འགྲོ་ན་ནི་མ་ཡིན་ཏེ། དེ་ལྟར་ཡིན་མིན་གྱི་དབྱེ་བ་འབྱེད་བྱེད་ཀྱི་ཚད་དེ་ཤེས་ན་གནད་དོན་ཤིན་ཏུ་སླ་མོ་ཡིན་ནོ།” ཞེས་པ་ལ། བོན་པོའི་བླ་མ་འགའ་རེས་བོན་ཆོས་དང་ཐུབ་པའི་ཆོས་གཉིས་གཅིག་མཚུངས་རེད་ཅེས་པའི་བོན་ཆོས་དེ་ཐེག་ཆེན་སངས་རྒྱས་གཡུང་དྲུང་བོན་ཞེས་མདོ་སྔགས་སེམས་གསུམ་གྱི་བདག་ཉིད་ཅན་དེ་ཡིན་ནམ། ཆེས་གདོད་མའི་དུས་ནས་རྨོངས་དད་ཀྱི་ལྟ་བ་གོང་འཕེལ་སོང་ནས་འཚེ་བ་ཆོས་སུ་སྨྲས་པའི་གཤེན་རབ་མ་བྱོན་གོང་གི་གདོད་མའི་བོན་ལུགས་དེ་ལ་ཟེར། དང་པོ་ལྟར་ན་ཁྱོད་རང་ལ་མཚུངས་པ་ཙམ་མ་ཚད་དངོས་སུ་ཡིན་པར་བསྒྲུབས་ཟིན་པས་གོང་ལྟར་འགྲེས་སོ། གཉིས་པ་ལྟར་ན་དེ་འདྲའི་བོན་པོའི་བླ་མ་འགའ་དེ་གདོད་མའི་འཚེ་བ་ཅན་གྱི་བོན་ལུགས་ཀྱི་བླ་མ་རེད་བས། རེད་ན་བླ་མ་དེ་དག་ངོས་བཟུང་ནས་ཤོད་རྒྱུ་ཡོད་དམ། མེད་ན་ཁྱོད་ཀྱིས་བདག་འཛིན་མ་རིག་པས་རྒྱུ་རྐྱེན་དང་གྲུབ་མཐའི་ཆགས་སྡང་གིས་བདག་རྐྱེན་བྱས་ནས་སྐྱེས་པའི་མོ་ཤམ་བུ་ཡི་གཏམ་ཞིག་གླེང་ཡོད་པར་ངེས། གོང་དུ་ཁྱོད་ཀྱིས་གཤེན་བོན་ཐུབ་ཆོས་དང་གཅིག་མཚུངས་ཡིན་ན་ཐུབ་ཆོས་ཡིན་དགོས་པར་སྒྲུབ་འདུག་པ་ལ། ཇི་སྐད་དུ། “འདྲ་ན་དངོས་མ་ཡིན། མ་འདྲ་ན་དཔེ་མ་ཡིན་”ཞེས་རིག་པ་སྨྲ་བའི་ཁ་ནས་རླུང་ལྟར་དུ་གྲགས་པ་དེའང་ཁྱོད་ཀྱིས་གོ་མྱོང་མེད་པ་འདྲ། དེ་འདྲའི་ཐོས་རྒྱ་ཆུང་བ་ལ་ཨ། བོན་བླ་དག་གིས་གཅིག་མཚུངས་རེད་ཟེར་དོན་ནི་ཆོས་བོན་གང་ལ་བསླབ་ཀྱང་དགོས་ཆེད་གཙོ་བོ་གཅིག་ཡོད་པ་དེ་ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རྒྱུ་དེ་རེད། བོན་ཆོས་གཉིས་ཆར་གཞི་ལམ་འབྲས་གསུམ་ཆ་ཚང་བའི་བསྟན་པ་རྣམ་པར་དག་པ་ཞིག་ཡིན་དུས་དེ་གཉིས་གང་ལ་བསླབ་པ་ཡིན་ན་འབྲས་བུ་དེ་འཐོབ་ཀྱི་ཡོད་པས་གང་ལ་བསླབ་ཀྱང་ཆོག་ཅེས་བཤད་པ་རེད་མ་གཏོགས་གཤེན་བོན་ཐུབ་ཆོས་ཡིན་ཟེར་ནས་བཤད་པ་མ་རེད། དེས་ན་ཁྱོད་རང་གིས་གོང་དུ་བན་བོན་གང་ལ་བསླབ་ཀྱང་ཆོག་སྟེ་སྟོན་པ་སངས་རྒྱས་ཀྱིས་ཀྱང་མ་དགག་ན་ངེད་ཅག་གིས་ཅི་སྟེ། ཞེས་ཨོ་ཟོབ་ཀྱི་བློ་རྒྱ་ཆེ་མདོག་དང་སྤམ་མདོག་གིས་བཤད། ད་ཆར་གང་ལ་བསླབ་ཀྱང་མི་ཆོག་པའི་རྒོལ་བ་མེད་པའི་སྒྲུབ་བྱེད་ལྟར་སྣང་མཚུངས་མི་མཚུངས་གི་ཁྱད་པར་མ་བཤད་ནས་ཕན་ཚུན་ཡིན་མིན་གྱི་ཁྱད་པར་འགའ་བཀོད་འདུག་པས་ཡ་མཚན་མི་ཆེའམ།།
ཡང་དེ་ཉིད་ལས། “གཞུང་འདི་རྣམས་ཀྱི་བརྗོད་བྱའི་གཙོ་བོ་མདོར་བསྡུས་ན་ ༡ བོན་གྱི་ཆོས་འདི་སངས་རྒྱས་ཤྰཀྱ་ཐུབ་པའི་ཆོས་མ་ཡིན་ཞེས་དང་། ༢ སངས་རྒྱས་ཤྰཀྱ་ཐུབ་པའི་རྗེས་འཇུག་ཡིན་མིན་གྱི་ཁྱད་པར་ནི་གཙོ་བོ་སངས་རྒྱས་ཤྰཀྱ་ཐུབ་པའི་་ཆོས་ཀྱི་མཆོག་གསུམ་ལ་སྐྱབས་སུ་འགྲོ་མིན་གྱི་སྒོ་ནས་འབྱེད་དགོས་ཞེས་པ་དང་། ༣ བོན་ལ་རང་གཞུང་ནས་བཤད་པའི་མཐར་ཐུག་གི་ཐར་པ་ཡོད་ཀྱང་སངས་རྒྱས་ཤྰཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ནི་དེའི་མཆོག་གསུམ་ལ་སྐྱབས་སུ་སོང་ན་ཡོད་ལ་མ་སོང་ན་མེད་ཅེས་པ་འདི་གསུམ་ཡིན་ནོ།” ཞེས་པ་ལ། དོན་དག་དང་པོ་བོན་གྱི་ཆོས་ཞེས་པ་དེ་གཡུང་དྲུང་བོན་ཞེས་པ་འདི་གོ་དགོས་ངེས་ལ། དེ་ལ་བོན་པོ་ཚོའི་འདོད་ཐོག་ལ་སོང་ཀྱང་ཁྱོད་རང་གིས་གོང་དུ་གཡུང་དྲུང་བོན་ཐུབ་ཆོས་སུ་མི་འདོད་བཞིན་ཁས་ལེན་དགོས་སོང་བས་སྐབས་འདིའི་དམ་བཅའ་བུད། དེ་ལྟར་ཁས་མི་ལེན་ན་ཐུབ་ཆོས་མ་ཡིན་པའི་མདོ་སྔགས་སེམས་གསུམ་གྱི་བདག་ཉིད་ཅན་གྱི་གཡུང་དྲུང་བོན་ཞེས་པའི་སངས་རྒྱས་བསྟན་པ་ཞིག་ཡོད་པར་གྲུབ་པ་ནི་རྩ་བའི་སྒྲུབ་བྱ་གྲུབ་པ་ཡིན་ནོ། དོན་དག་གཉིས་པ་ལ་ཁྱོད་རང་གིས་གོང་དུ་ཁས་ལེན་ལྟར་ན་གཡུང་དྲུང་བོན་པོ་རྣམས་ཀྱང་ཐུབ་པའི་རྗེས་འཇུག་ཡིན་པར་ཐལ་ལོ། དོན་དག་གསུམ་པ་ནི་གོང་དུ་རྩོད་སྤོང་མདོར་བསྡུས་སོང་བའི་སྐབས་སུ་གཡུང་དྲུང་བོན་ལ་མཐར་ཐུག་གི་ཐར་པ་ཡོད་པར་གྲུབ་པ་དེས་མཐུས་སོ། ཁྱོད་ཀྱིས་ཐུབ་ཆོས་ལས་གསུངས་པའི་ཐར་པ་ཡོད་ན་ཐུབ་ཆོས་ཉམས་སུ་བླངས་བ་ལས་ཐོབ་པ་ཡིན་དགོས་ཞེས་བཤད་སྟངས་འདི་ལ་བལྟས་ན་བསྡུས་གྲྭའི་རིག་ལམ་ཙམ་ཡང་མ་ཆགས་པ་ལྟ་བུ་འདུག་གོ །
ཡང་དེ་ཉིད་ལས། “གཞུང་འདི་རྣམས་ཀྱི་ནང་ན་ནང་བ་སངས་རྒྱས་པ་ཡིན་ན་སྟོན་པ་སངས་རྒྱས་ཤྰཀྱ་ཐུབ་པའི་ལུགས་འཛིན་པ་ཁོ་ན་ཡིན་དགོས་མི་དགོས་དང་། བོད་གངས་ཅན་ན་སངས་རྒྱས་ཤྰཀྱ་ཐུབ་པའི་ལུགས་འཛིན་པ་མ་ཡིན་པའི་ནང་བ་སངས་རྒྱས་པའི་ཆོས་ཤིག་ཡོད་མེད་དང་། རྒྱལ་བ་གཤེན་རབ་དང་སངས་རྒྱས་ཤྰཀྱ་ཐུབ་པ་གཉིས་སངས་རྒྱས་གཅིག་གི་སྤྲུལ་པ་ཡིན་མིན་དང་། རྒྱལ་བ་གཤེན་རབ་སངས་རྒྱས་ཡིན་མིན་དང་། བོན་གྱི་ཆོས་ལུགས་མུ་སྟེགས་པའི་ལུགས་ཡིན་མིན་དང་། བོན་གྱི་གྲུབ་མཐའ་རང་ལུགས་ལ་རྫོགས་པ་ཆེན་པོ་ཡོད་མེད་དང་། བན་བོན་གཉིས་ཀྱི་ཆོས་ལ་འདྲ་མཚུངས་ཡོད་མེད་སོགས་ལ་བརྟག་དཔྱད་དང་དགག་སྒྲུབ་དང་ཁ་ཚོན་བཅད་པ་ཅི་ཡང་མེད་ཅིང་།” ཅེས་པ་ལ། གོང་གི་དོན་དག་བདུན་པོའི་ཐད་ལ་བརྟག་དཔྱད་དང་དགག་སྒྲུབ་དང་ཁ་ཚོན་བཅད་པ་ཅི་ཡང་མེད་ཅེས་པ་ནི་ལུང་རིག་ཚད་མས་བརྟག་དཔྱད་དང་དགག་སྒྲུབ་ཁ་ཚོན་བཅད་པ་མེད་ཟེར་གྱི་ཡོད་ན་བདེན་ལ། དེ་མིན་རྨོངས་པའི་མོས་ཕྱོགས་ཙམ་ལ་བརྟེན་ནས་ཁ་ཚོན་བཅད་པ་གོང་གསལ་ལྟར་ལ་དེའི་རིགས་ལ་ལུང་རིག་ཚད་མས་དགག་བཞག་མདོར་བསྡུས་འགའ་བྱས་ཟིན་པ་དང་། ད་ཁྱོད་ཀྱིས་དོན་དག་བདུན་པོ་དེའི་སྐོར་ལ་ལུང་རིག་ཚད་མས་དགག་བཞག་བྱེད་ཤེས་ཀྱི་འདུག་ན་སྐབས་སུ་བབ་པ་ལགས་ན་ངེས་པར་དུ་གྱིས་ཤོག། གལ་སྲིད་ལུང་རིག་ཚད་མའི་བརྒལ་རྟགས་ཕར་ཞོག་རང་གི་གང་བཤད་པ་དེ་དག་ཀྱང་དྲན་པ་མི་འདུག་ན་དྲང་པོ་ཤོད་དང་། “མ་ཤེས་མ་རིག་མ་གོ་གསུམ། དེ་གསུམ་རྒྱལ་པོའི་ཁྲིམས་ལས་ཐལ་”ཞེས་པ་ལྟར་ཁྱོད་ཀྱིས་སྔོན་བཤད་ལ་དོན་གནད་ཁེལ་བའི་ལེགས་བཅོས་བྱོས་དང་དེ་ཙམ་གྱིས་འཐུས་པར་བྱེད་ཆོག།
མཇུག་ཏུ་ངས་དྲི་བ་ཁག་བདུན་འདོན་རྒྱུ་ཡིན།
༡ ད་ཆར་བོན་པོ་རྣམས་ཀྱིས་སྤྱོད་བཞིན་པའི་མདོ་སྔགས་སེམས་གསུམ་གྱི་བདག་ཉིད་གཡུང་དྲུང་གི་བོན་འདི་སྟོན་པ་གང་གི་བསྟན་པ་ཡིན་ནམ།
༢ བསྟན་པ་འདི་ཉམས་སུ་བླངས་བ་ལས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པ་སྲིད་དམ།
༣ བོན་ཆོས་ལ་བོན་རང་ལུགས་ཀྱི་ཐར་པ་ཡོད་ཀྱང་ཐུབ་ཆོས་ལས་གསུངས་པའི་ཐར་པ་མེད་ཅེས་པའི་དོན་གང་ཡིན།
༤ བོན་གྱི་བཀའནང་ཐུབ་ཆོས་ལས་གསུངས་པའི་རྫོགས་པ་ཆེན་པོ་ཡོད་དོ་ཞེས་པའི་དོན་གང་ཡིན།
༥ ཐུབ་ཆོས་ལས་གསུངས་པའི་ཐར་པ་ཐོབ་ན་ཐུབ་ཆོས་ཉམས་སུ་བླངས་པ་ལས་ཐོབ་པ་ཡིན་པས་ཁྱབ་དགོས་སམ།
༦ གཤེན་རབ་བོད་དུ་མ་བྱོན་པའི་སྔོན་དུ་བོད་ལ་བོན་ཞེས་པའི་ཆོས་ཞིག་ཡོད་དམ་མེད།
༧ བོན་ཡིན་ན་གཡུང་དྲུང་བོན་ཡིན་དགོས་པར་ཁྱབ་སམ་ཁྱབ། གོང་གི་དྲི་བ་རྣམས་ལུང་རིག་ཚད་མའི་རྒྱབ་རྟེན་དང་བཅས་པའི་སྒོ་ནས་ལན་ངེས་པར་དུ་རྒྱག་རོགས་ཞུ། གལ་ཏེ་ལན་མེད་པའམ་ཡང་ན་གཡོ་ཟོལ་གྱིས་དྲི་བའི་གནད་ལ་མ་ཁེལ་བའི་“བལ་ནང་རྡོ་བཏུམས་”ལྟ་བུའི་ལན་ཞིག་རྒྱབ་པ་ཡིན་ན་ཁྱོད་རང་གིས་བཤད་པ་ཐམས་ཅད་གྲུབ་མཐའི་ཆགས་སྡང་ཙམ་ལས་ལུང་རིག་ཚད་མའི་སྒྲུབ་བྱེད་གང་ཡང་མེད་པར་བླུན་པོ་སྙིང་ཁམས་ཅན་ཞིག་ཡིན་པའི་དོན་རྟགས་ཕྱི་རུ་མངོན་པ་ནི་བཤད་མ་དགོས་སོ།།
སྨྲས་པ།
ཅི་ཡང་མི་ཤེས་སྐྱེ་བོའི་འཁོར་ཚོགས་ལ། །
ཅི་བཤད་རྒོལ་བ་མེད་པའི་ལང་ཤོར་གཏམ། །
ཅི་བཞིན་ལུང་རིག་སྨྲ་བའི་ཚོགས་རྣམས་ཀྱིས། །
ཅི་ཡིན་བདེན་རྫུན་འབྱེད་ལ་སུ་ཡིས་འགོག །
སྣ་ཚོགས་གྲུབ་མཐའི་དོ་ར་རུ། །
ལུང་རིག་ཚད་མའི་གར་མཁན་མས། །
ཚུལ་གསུམ་སྟངས་སྟབས་བསྒྱུར་བ་ན། །
རྨོངས་ལོང་དག་གིས་ཅི་བྱར་ཅི། །
ཞེས་ལེགས་བཤད་སྨྲ་བའི་ཉི་མ་ཞེས་པ་དེས་ཁམས་མདོ་སྟོད་ཧོར་སྦྲ་ཆེན་རྫོང་ཀླུ་ཕུག་དགོན་ཆེན་དུ་འབྱུང་ལྡན་༣༠༡ བོད་ཆུ་འབྲུག་ལོའི་རྟ་ཟླ་བའི་ཡར་ངོར་སྦྱར་བའོ།།