ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> བརྒལ་བརྟག >> གཡུང་དྲུང་བོན་གྱི་བསྟན་པ་ཕྱི་ནང་གི་གྲུབ་མཐའ་གང་ཡིན་པར་དཔྱད་པ།
གཡུང་དྲུང་བོན་གྱི་བསྟན་པ་ཕྱི་ནང་གི་གྲུབ་མཐའ་གང་ཡིན་པར་དཔྱད་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྙན་བཟང་པ་ཀུན་བཟང་རྒྱལ།] [ཟླ་ཚེས། 12-12-07] [ཀློག་གྲངས། ]

【ནང་དོན་གཙོ་བཏུས།】  དཔྱད་རྩོམ་འདིར་ནང་པ་སངས་རྒྱས་པས་བསྟན་པའི་ནང་པ་སངས་རྒྱས་ཡིན་མིན་གྱི་ཚད་གཞི་ལ་བརྟེན་ནས། གཡུང་དྲུང་བོན་དེ་ཕྱི་ནང་གི་གྲུབ་མཐའ་གང་ཡིན་པའི་སྐོར་ལ་དཔྱད་ཞིབ་བྱས་ཡོད།
【གནད་འགག་མིང་བརྡ།】  སྲིད་པའི་བོན། གཡང་དྲུང་བོན། ནང་པའི་གྲུབ་མཐའ།

གཅིག

      བོན་གྱི་ཚད་ལྡན་ཡིག་ཚང་རྣམས་ལས་མཐོང་ཐུབ་པ་ནི་སྟོན་པ་གཤེན་རབ་ཀྱི་ཡར་སྔོན་དུ་བདུད་བོན་དང་། བཙན་བོན་སོགས་གདོད་མའི་བོན་སྣ་ཚོགས་ཤིག་ཡོད་པར་མ་ཟད། ཡ་ཐོག་སྲིད་པ་རྒྱུད་ཀྱི་བོན་དང་དེར་འབྲེལ་གྱི་རིག་གནས་ཁག་ཅིག་སྔ་མོ་ནས་དར་ཡོད་པ་རེད།
      ཡ་ཐོག་སྲིད་པའི་བོན་ཞེས་པ་ནི་“གནའ་བོའི་མི་རྣམས་ཀྱིས་རང་བྱུང་ཁམས་ལ་ཚོད་དཔག་བྱས་པ་བརྒྱུད་ནས་སྣང་གསལ་གཡེན་ཁམས་ཀྱི་ཚོགས་གང་མང་ཡོད་པར་ཡིད་ཆེས་བྱས་པ་དང་། དེ་མཚུངས་རང་འཁོས་ཀྱི་བྱ་བ་ཅི་གཉེར་ཕལ་ཆེར་དེ་ཚོ་དང་འབྲེལ་བ་ངེས་ཅན་ཡོད་པར་སེམས་པའི་བསམ་སྦྱོར་གཉིས་ལྡན་གྱི་ལྷ་མང་ཆོས་ལུགས་ཤིག་རེད། དེའི་ཕྱིར་སྐབས་འདིར་བསྟན་པའི་བོན་ཞེས་པ་ནི་ཆོ་ག་གྱེར་བའམ་སྔགས་བཟླ་བ་ཙམ་ལ་ངེས་བཟུང་ན་ཆོག་པ་སྟེ་འཇིག་རྟེན་གྱི་བདེ་སྡུག་ཙམ་ཟློག་པའི་ཆེད་དུ་རིམ་གྲོའི་ཆོ་ག་གྱེར་བ་དང་། ཕྱྭ་གཡང་རྒྱུ་ནོར་འཕེལ་བར་བྱེད་པའི་ཐབས་སུ་ལྷ་སྔགས་ཐར་ཐོར་བཟླ་བའམ་འདོན་པའི་ཆོ་རབས་དེ་ལ་བོན་ཞེས་བརྗོད་པ་དང་། དེ་འདྲའི་བརྗོད་བྱ་སྤང་བླང་གི་རྣམ་གཞག་བརྗོད་མཁན་ནམ། སྟོན་མཁན་གྱི་རིགས་ལ་བདག་སྒྲ་པོ་ཐོབ་པས་ན་“བོན་པོ་”ཞེས་པའི་ཐ་སྙད་འདི་གཤེན་རབ་མི་བོའི་ཡར་སྔོན་ནས་བྱུང་ཡོད་པ་རེད། དེར་མ་ཟད་གནའ་དུས་ཞང་བོད་མཐའ་སྐོར་དུ་ཡོད་པའི་ཆོས་ལུགས་ཐམས་ཅད་ལ་བོན་ཞེས་པའི་ཡིག་འབྲུ་འདི་ཉིད་སྤྱོད་ཀྱིན་ཡོད་པ་གཏན་ཚིགས་རིག་པའི་གལ་མདོ་ཞེས་པར་གཟིགས་ན་མཁྱེན་ཐུབ་ལ། དཔེར་ན་ཆོས་ཞེས་པ་ཙམ་ནི་སྔར་རྒྱ་གར་དང་དེར་འབྲེལ་ཡུལ་ཁམས་ཁག་ཅིག་ཏུ་དར་བའི་ཆོས་ལུགས་སྤྱིའི་མིང་དུ་བཀོད་པ་”(1)ལྟ་བུ་རེད། སྟོན་པ་གཤེན་རབ་ཀྱིས་གཡུང་དྲུང་གི་བོན་སྟོན་དུས་སྔར་གྱི་གདོད་མའི་བོན་འདི་རྣམས་ལ་བཟོ་བཅོས་གང་མང་བྱས་པ་ཁོང་གི་མཛད་རྣམ་《མདོ་གཟེར་མིག》སོགས་སུ་གསལ་ལ། དེ་ཡང་གདོད་མའི་བོན་གྱི་ཆོ་ག་འགའ་ཞིག་གདུལ་བྱའི་ཁམས་དང་མོས་པར་བསྟུན་ནས་བཟོ་བཅོས་བྱས་ཏེ་རྣམ་པ་ཙམ་རང་སོར་བཞག་ཡོད་པ། 《སྣང་སྲིད་སྤྱི་མདོ་》ལས། “བདུད་བོན་གྱི་དམར་ཐབས་ལ།། གཤེན་རབ་ནི་ཅི་དགྱེས་ཏེ།། ཁྱབ་པ་ནི་ཆམ་ལ་ཕབ།། འབྲུ་དཀར་གྱི་ཡུ་ཏིས་མཆོད།། ཤེ་ཚུ་ཡི་འདྲེས་བྱུང་ན།། གཤེན་ལྷ་ལ་ནོངས་པ་མཐོལ།།”ཞེས་གདོད་མའི་བོན་གྱི་དམར་བསང་གི་མཆོད་པ་དེ་འབྲུ་གཟན་དུ་བསྒྱུར་ནས་ལྷ་སྲིན་སྡེ་བརྒྱད་ལ་མཆོད་པའི་ཕྱག་ལེན་དེ་དག་གི་ཆོ་གས་གཡུང་དྲུང་བོན་ལས་གཞན་ད་དུང་བོད་རང་དུ་དར་ཁྱབ་ཆེ་བའི་ཐུབ་པའི་བསྟན་པ་ལའང་ཤུགས་རྐྱེན་བཟོས་ཡོད་པར་མ་ཟད་ཆོས་ལུགས་རང་གི་ཁྱད་ཆོས་ཞིག་ཏུའང་གྱུར་ཡོད་པ་རེད། དེང་སྐབས་ཡོངས་གྲགས་ཀྱི་བསམ་ངོར་“བོན་”ཞེས་པ་འདི་གཤེན་རབ་མི་བོ་ཆེས་བསྟན་པ་ཁོ་ན་ལ་ངོས་འཛིན་གནང་གྱིན་ཡོད་པ་ནི་ནོར་འཁྲུལ་ཞིག་ཡིན་པ་དང་། གཤེན་རབ་མི་བོ་ཆེས་བསྟན་པའི་བོན་དེ་ལ་“གཡུང་དྲུང་གི་བོན་”ཞེས་དམིགས་སུ་བཀར་བ་ལ་དགོས་པ་དང་རྒྱུ་མཚན་ངེས་ཅན་ཞིག་ཡོད་པ་ཡིན་ཏེ། བོན་བསྟན་ཞིབ་འཇུག་ལ་མཁྱེན་དཔྱོད་ཡངས་པ་བོན་རྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས། སྟོན་པ་གཤེན་རབ་མ་བྱོན་གོང་དུ་བོད་ན་བོན་ཨེ་ཡོད་ཅེ་ན་ཡོད་དེ་གདོད་མའི་བོན་ཞེས་བརྗོད་པ་དེ་ཡོད་ཀྱང་དེ་དུས་ཀྱི་བོན་ལ་གྲུབ་མཐའ་དང་གཞུང་ལུགས་མེད་པས། ཡང་དག་པའི་བོན་མིན། དེ་ཕྱིར་སྟོན་པ་གཤེན་རབ་ཀྱི་བོན་ལ་གཡུང་དྲུང་གི་བོན་ཞེས་བརྗོད་པ་དེ་ཡང་དཔེར་ན་རྒྱ་གར་དུ་ཐུབ་པ་མ་བྱོན་གོང་། ཆོས་ཡོད་ཀྱང་། ཕྱི་རོལ་པའི་ཆོས་ཡིན་པས་ཡང་དག་པར་མི་འདོད། དེའི་ཕྱིར་ཐུབ་པའི་ཆོས་ལ་དམ་པའི་ཆོས་ཞེས་བརྗོད་པ་ལྟ་བུ་ཡིན་ཞེས་གསུངས་པ་ལྟར་རོ།།

གཉིས།

      སངས་རྒྱས་ཆོས་ལུགས་པས་མུ་སྟེགས་པ་ལ་ཕྱི་རོལ་པ་དང་རང་ཉིད་ལ་ནང་པ་ཞེས་བཏགས་པ་དེ་ནི་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་མིན་གྱི་ཐོག་ནས་ཤོད་སྲོལ་ཡོད་ལ། གྲུབ་མཐའ་རིན་ཆེན་ཕྲེང་བ་ལས། སྙིང་ཐག་པ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གང་ཟག་དེ་ནང་པ་སངས་རྒྱས་པ་དང་། དཀོན་མཆོག་གསུམ་ལ་བློ་མི་གཏོད་པར་འཇིག་རྟེན་པའི་ལྷ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བའི་གང་ཟག་དེ་ཕྱི་རོལ་བ་ཡིན་པའི་ཕྱིར་ཞེས་སྐྱབས་འགྲོ་ཁས་བླངས་ན་ནང་པ་དང་ཁས་མི་ལེན་མཁན་ལ་ཕྱི་པ་ཟེར། སྐྱབས་འགྲོ་སྟེ་སྐྱབས་ནི་མགོན་སྐྱབས་དང་འགྲོ་ནི་ཁས་བླངས་པའི་དོན་ཏེ་སྐྱབས་སུ་འགྲོ་བ་ནི་མགོན་ཡིན་པར་ཁས་བླངས་པའི་དོན་ཡིན་ལ་དད་པ་བྱས་པ་དང་ཡིད་ཆེས་བྱས་པའི་ནང་དོན་ཡང་ཡོད། འོ་ན་སྐྱབས་ཡུལ་དེ་ག་འདྲ་ཞིག་དགོས་སམ་ཞེ་ན། ཁྱད་ཆོས་བཞི་དང་ལྡན་པ་ཞིག་དགོས་ཏེ། རང་འཁོར་བ་དང་ངན་སོང་ལས་ཐར་ཟིན་པ། གཞན་འཁོར་བ་དང་ངན་སོང་ལས་སྐྱོབ་ཐུབ་པའི་ནུས་པ་ཡོད་པ། ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པ། རང་ལ་ཕན་བཏགས་པ་དང་མ་བཏགས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ཐུབ་པ་ཞིག་ཡིན་དགོས། དེའི་ཕྱིར་གྲུབ་མཐའ་གང་ཞིག་ཡིན་རུང་ཐོག་མར་དེའི་སྟོན་པ་ཉིད་སྐྱོན་ཀུན་བྲལ་དང་ཡོན་ཏན་ཀུན་ལྡན་ཡིན་མིན་ནི་དེས་བསྟན་པའི་ཆོས་དེ་ཡང་དག་ཡིན་མིན་ལ་ཐུག་པ་དང་། དེ་བཞིན་ཆོས་དེ་ཡང་དག་ཡིན་མིན་ཡང་ཆོས་ཀྱི་གནས་ལུགས་ཡང་དག་ཅིག་བསྟན་ཐུབ་མིན་ལ་ཐུག་ཡོད་པ་ནི་ཕྱི་ནང་གི་གྲུབ་མཐའ་དབྱེ་བྱེད་ཀྱི་རྩ་གནད་དུ་གྱུར་པས་ན། སྟོན་པ་གཤེན་རབ་ཀྱི་རང་རྣམ་《མདོ་དྲི་མེད་གཟི་བརྗིད་》དང་དེ་ལས་བསྡུས་པ་《མདོ་གཟེར་མིག་》སོགས་སུ་སྟོན་པ་གཤེན་རབ་ནི་སེམས་ཅན་ལ་བསྟེན་ནས་སྙིང་རྗེ་ཆེན་པའི་སྟོབས་ཀྱིས་སངས་རྒྱས་པ་ཞིག་ཡིན་པ་ཤིན་ཏུ་གསལ་ལ། རྣམ་རྒྱལ་ལས། ཨེ་མོ་སྟོན་པ་གཤེན་རབ་ཉིད།། སྔོན་ཚེ་གྲངས་མེད་བརྒྱུད་པའི་དུས།།བསོད་ནམས་དཔག་ཤུགས་སྟོབས་ལྡན་གྱིས།། དག་པའི་ཞིང་ཁམས་གར་སྐྱེས་ཀྱང་།། སྟོན་པའི་སྒྲོན་དང་ཀུན་མཚུངས་པའི།། ཐུགས་བསྐྱེད་རྣམ་དག་ཆེན་པོའི་མཐུས།། དཀའ་བ་མ་ལུས་དཀོན་པ་རྫོགས།། ཆོས་ཀྱི་ལམ་ལ་ཚོགས་ཆེན་བསགས།། ཤེས་རབ་རྩལ་ཤུགས་མངོན་པར་དག། མངོན་པར་ཡེ་ནས་སངས་རྒྱས་གཤེགས།། བདག་ཐར་གྲུབ་པའི་དུས་རྗེས་ལ།། གཞན་དག་འདྲེན་པའི་སྨོན་ལམ་བརྗོད།། འདུལ་བའི་ཞིང་ཁམས་གདུལ་དཀའི་ཞིང་།། ཤིན་ཏུ་མི་མཇེད་དྲོང་བར་དགོངས།། ཞེས་དང་། མཛད་སྟོད་ལས། བསྐལ་བ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས།། ཐམས་ཅད་མཁྱེན་གྱུར་སྟོན་པ་བླ་ན་མེད།། ཅེས་བསྐལ་ཆེན་གྲངས་མེད་གསུམ་ལ་ཚོགས་བསགས་སྒྲིབ་པ་སྦྱངས་པའི་མཐུས་མངོན་པར་རྫོགས་པར་སངས་རྒྱས་པ་དང་། སངས་རྒྱས་ནས་ཀྱང་མཁའ་ཁྱབ་སེམས་ཅན་གྱི་དོན་རྒྱ་ཆེར་མཛད་པ་ཡིན་ནོ།།
      དེ་བཞིན་སྟོན་པ་ཤྰཀྱ་ཐུབ་པའི་རྣམ་ཐར་དང་སྐྱེས་རབས་སོགས་སུ་ཆོས་ཀྱི་ཕྱིར་དུ་དཀའ་བ་སྤྱད་ཚུལ་ནི། ཐུབ་པའི་དབང་པོས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་རྒྱལ་པོ་ཤི་བིར་གྱུར་པའི་ཚེ། ཆོས་ཚིགས་སུ་བཅད་པ་གཅིག་གི་ཆེད་དུ་ལུས་ཀྱི་ཤ་ཁྲག་སྦྱིན་པར་བཏང་བ་དང་། རྒྱལ་པོ་ཤ་ནི་པ་ལི་ཞེས་བྱ་བར་གྱུར་པའི་ཚེ་སྐུ་ལ་མར་མེ་སྟོང་བཙུགས་པ་དང་། རྒྱལ་པོ་བྱིར་ལིང་ཀ་ལིར་གྱུར་པའི་ཚེ་སྐུ་ལ་ལྕགས་གཟེར་སྟོང་བཏབ་པ་དང་། རྒྱལ་བུ་དམ་ཀ་མར་གྱུར་པའི་ཚེ་དོང་ཟབས་སུ་ཁྲུ་བཅུ་གཉིས་པ་མེ་མུར་གྱིས་བཀང་བར་མཆོངས་པ་དང་། དྲང་སྲོང་ཨུད་ཏ་ལར་གྱུར་པའི་ཚེ་རང་གི་པགས་པ་ཤོག་བུ། ཁྲག་སྣག་ཚ། རུས་པ་སྨྱུག་གུར་བྱས་ཏེ། ཚིགས་སུ་བཅད་པ་བྲིས་པ་དང་། རྒྱལ་པོ་ཚངས་བྱིན་དུ་གྱུར་པའི་ཚེ་རང་གི་བུ་དང་ཆུང་མ་སོགས་ཆོས་འཆད་པ་པོ་ལ་ཕུལ་བ་དང་། རྒྱལ་བུ་ཆོས་འཚོལ་དུ་གྱུར་པའི་ཚེ་གོས་རིན་ཐང་མེད་པ་དང་ནོར་བུ་རིན་པོ་ཆེ་སློབ་དཔོན་ལ་ཕུལ་ནས་རང་ཉིད་གཡང་སར་མཆོངས་པ་དང་། རྒྱལ་བུ་ཟླ་བར་གྱུར་པའི་ཚེ་གསེར་སྲང་སྟོང་ཕུལ་བ་སོགས་ཚིགས་བཅད་རེ་རེའི་ཆེད་དུ་ཡང་དཀའ་བ་དཔག་ཏུ་མེད་པ་སྤྱད་པར་མདོ་སྡེ་ལས་མང་དུ་བཀའ་སྩལ་བ་ལྟར་ལགས་ཏེ། སྟོན་པ་རྣམ་གཉིས་ཀྱིས་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་སྒྲིབ་པ་ཇི་ལྟར་སྦྱངས་ཚུལ་དང་། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་མཛད་རིམ་མཐའ་དག་མདོར་དྲིལ་ན་ཡུལ་དུས་ཀྱི་ཁྱད་པར་མ་གཏོགས་མངོན་པར་རྫོགས་པའི་སངས་རྒྱས་ཏེ་འགྲོ་དོན་རླབས་ཆེན་མཛད་ཚུལ་སོགས་གཅིག་མཚུངས་ཡིན་པ་ནི་མཛད་རྣམ་ཕན་ཚུན་ཞིབ་ཏུ་བསྡུར་ཏེ་དཔྱད་ན་རྟོགས་སླ་བ་དེའོ།།

གསུམ།

      རྒྱ་གར་ལ་ཆ་བཞག་ན་མུ་སྟེགས་པའི་ལྟ་བ་མི་འདྲ་བ་དྲུག་ཅུ་རེ་གཉིས་ཡོད་པ་ནི་རྟག་པར་སྨྲ་བ་དང་ཆད་པར་སྨྲ་བ་གཉིས་སུ་འདུ་སྟེ། ཆད་པར་སྨྲ་བ་ནི་རྒྱང་འཕེན་པ་དང་། རྟག་པར་སྨྲ་བ་ལ་གྲངས་ཅན་པ། ཚངས་པ་བ། ཁྱབ་འཇུག་པ། དཔྱོད་པ་བ། དབང་ཕྱུག་པ། བྱེ་བྲག་པ། རིག་པ་ཅན་པ། གཅེར་བུ་པ་བཅས་དགུ་ཡོད། དེ་དག་གི་སྟོན་པ་དྲང་སྲོང་དང་བསྟན་པའི་ལྟ་སྒོམ་སྤྱོད་གསུམ་སོགས་ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི《གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་》སོགས་གྲུབ་མཐའི་གཞུང་ན་གསལ་བོར་གསུངས་ཡོད་པས་འདིར་བརྗོད་པའི་ངལ་བ་མ་བྱས་ལ། བཀའ་བརྟན་སུམ་བརྒྱ་པ་ལས། སྐྱབས་གནས་སྟོན་པ་ལྟ་སྤྱོད་འབྲས་བུ་ཡིས།། ཕྱི་རོལ་ནང་པའི་ཁྱད་པར་འབྱེད་པར་བྱེད།། ཅེས་དང་། གྲུབ་མཐའ་ཐུབ་བསྟན་ལྷུན་པའི་མཛེས་རྒྱན་ལས། ཕྱི་ནང་གི་གྲུབ་མཐའ་སྨྲ་བའི་ཁྱད་པར་ནི་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པར་མ་ཟད་ལྟ་བ་བཀར་བཏགས་ཀྱི་ཕྱག་བརྒྱ་བཞི་ཁས་ལེན་པའི་གྲུབ་མཐའ་ནི་རང་སྡེ་དང་། དེ་ལྟར་ཁས་མི་ལེན་པའི་གྲུབ་མཐའ་ནི་གཞན་སྡེར་འཇོག་པ་ཡིན། ཞེས་གསུངས་པ་ལྟར། ནང་པའི་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཚུལ་དེ་ཡང་འབེལ་གཏམ་ལུང་གི་སྙིང་བོ་ལས་གཡུང་དྲུང་བོན་གྱི་བསྟན་པའི་སྒོར་འཇུག་ཚུལ་གསུང་སྐབས། ནང་པ་གཤེན་རབ་པའི་གྲུབ་མཐའི་སྒོར་འཇུག་པའི་ཚུལ་ནི། སངས་རྒྱས། བོན་དང་། སེམས་དཔའ་གསུམ་ལ་དཀོན་མཆོག་གསུམ་དུ་བརྗོད་ཅིང་། དེའི་སྟེང་དུ་བླ་མ་བསྣན་པས་སྐྱབས་གནས་ཡུལ་མཆོག་གནས་བཞི་ཞེས་བརྗོད། སྐྱབས་གནས་དེ་རྣམས་ཀྱིས་ཁྱོད་མི་བསླུ་སྙམ་པའི་བློ་ངེས་པར་གཏད་པའི་རིག་པ་ནི་སྐྱབས་འགྲོ་ཡིན། ཞེས་ནང་པ་གཤེན་རབ་པས་དཀོན་མཆོག་གསུམ་སྐྱབས་སུ་འཛིན་པ་དང་། ཕྱི་རོལ་པས་ཚངས་པ་དང་། དབང་ཕྱུག ཁྱབ་འཇུག་སོགས་འཇིག་རྟེན་གྱི་ལྷ་ལ་སྐྱབས་སུ་འགྲོ་བས་ཁྱད་པར་ཡོད་པ་དང་། འོ་ན་སྐྱབས་ཚིག་གཅིག་བསྣོན་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། སངས་རྒྱས་གཤེན་རབ་འཇིག་རྟེན་དུ་བྱོན་ཀྱང་མི་རྟག་པའི་ཚུལ་མཛད་དེ་ད་ལྟ་སྐུ་མྱ་ངན་ལས་འདས་ཟིན་པ་དང་། སངས་རྒྱས་ཀྱི་ཞལ་ནས་གདམས་པ་ཟབ་མོ་བར་མ་ཆད་པར་བརྒྱུད་པའི་དགེ་བའི་ལམ་སྟོན་མཁན་གྱི་བཀའ་དྲིན་ཅན་ནི་ད་ལྟ་རང་ལ་ཆོས་གསུངས་མཁན་གྱི་བླ་མ་དེ་ཡིན་སྟབས། སྐྱབས་འགྲོའི་ནང་སངས་རྒྱས་ལ་སྐྱབས་སུ་མཆི་ཟེར་བ་དེའི་སྔོན་དུ་བླ་མ་ལ་སྐྱབས་སུ་མཆིའོ་ཟེར་བ་བཞག་དགོས་པའི་རྒྱུ་མཚན་དེ་འདྲ་རེད། སྤྱིར་བླ་མ་ཞེས་པ་ནི་སྒོ་གསུམ་དགེ་ལ་སྦྱོར་མཁན་གྱི་བཤེས་གཉེན་ལ་ཟེར་ཞིང་། མདོར་ན་རང་ལ་ཡོན་ཏན་ནམ་ཆོས་གསུངས་མཁན་ཞིག་ཡིན་ཕྱིན་དེ་རང་གི་བླ་མ་ཡིན། ཇི་སྐད་དུ། བླ་མ་མེད་པའི་གོང་རོལ་ན།། སངས་རྒྱས་བྱ་བའི་མིང་ཡང་མེད།། བསྐལ་བ་སྟོང་གི་སངས་རྒྱས་ཀྱང་།། བླ་མ་དག་ལ་བསྟེན་ནས་བྱུང་།། ཞེས་པ་ལྟར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་དགེ་བའི་བཤེས་གཉེན་དང་བླ་མ་ལ་བསྟེན་ནས་སངས་རྒྱས་པ་མ་གཏོགས་བླ་མ་དང་དགེ་བའི་བཤེས་གཉེན་ལ་མ་བསྟེན་པར་སངས་རྒྱས་པ་གཅིག་ཀྱང་མེད། ཡོན་ཏན་ཐམས་ཀྱི་རྩ་བ་ནི་རང་གི་བླ་མ་དང་དགེ་རྒན་རྣམས་ཡིན་པས་དེ་གོ་བའི་ཆེད་དུ་སྐྱབས་འགྲོའི་ཚིག་གི་མགོར་བླ་མ་ལ་སྐྱབས་སུ་མཆིའོ་ཞེས་པའི་ཚིག་འདི་བྱུང་།
      གཞན་ཡང་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་ཆེན་པོ་བཞི་ཁས་ལེན་མིན་གྱིས་ནང་པ་དང་ཕྱི་པར་འབྱེད་དགོས་ཞེས་པ་ལྟར། སྟོན་པ་གཤེན་རབ་ཀྱི་བཀའ་ལ་ཡང་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་ཆེན་པོ་བཞི་ཡོད་པར་མ་ཟད་ནང་གི་བརྗོད་བྱ་ཡང་རིག་པ་རྩེ་འབུམ་ལས། འདུས་བྱས་ཐམས་ཅད་ཀྱི་མདོ་མི་རྟག་པའོ།། ཟག་པ་དང་བཅས་པ་ཐམས་ཅད་ཀྱི་མདོ་སྡུག་བསྔལ་བའོ།། མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་ཞི་བའོ།། བོན་ཐམས་ཅད་ཀྱི་མདོ་བདག་མེད་པའོ།། ཞེས་དང་། ཐེག་ཆེན་མདོ་ལས། མུ་སྟེགས་ལྟ་བ་ཤིན་ཏུ་མི་བདེན་ཏེ།། ང་དང་བདག་ནི་ཡོད་པ་མ་ཡིན་ནོ།། ཞེས་དང་། ཐེག་ལེའི་མདོ་ལས། བོན་ཐམས་ཅད་ཀྱི་ངོ་བོ་ནི། ཅི་ཡང་དམིགས་སུ་མེད་པ། ཞེས་སོགས་གསུང་དུ་མ་ལས་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞིའི་དབྱེ་བ་གསལ་བར་བསྟན་པས་ཕྱི་ནང་གི་གྲུབ་མཐའ་གང་དུ་འདུ་བར་བློ་ཐག་མི་ཆོད་པའི་དཀའ་ཚེགས་ཅི་ཞིག་ཡོད།
      ཡེ་ཤེས་གསལ་སྒྲོན་ལས། བཀའ་རབ་འབྱམས་ཐེག་པ་བོན་གྱི་རྒྱ་མཚོ་ལས། མདོར་བསྡུས་ན་བཀའ་ཐོག་མཐའ་བར་གསུམ་དུ་འདུ། ཞེས་གསུངས་པ་ལྟར། སྟོན་པ་གཤེན་རབ་ཀྱི་བཀའ་འཁོར་ལོ་ཐོག་མཐའ་བར་གསུམ་དུ་བསྐོར་བ་ལས། བཀའ་དང་པོ་ཐེག་པ་རིམ་དགུ། ཐེག་པ་རིམ་པ་དགུ་བོ་དེ་ལ་ནང་གསེས་སུ་དབྱེ་ན། རྒྱུ་ཡི་ཐེག་པ་བཞི། འབྲས་བུའི་ཐེག་པ་བཞི། ཁྱད་པར་ཆེན་པོའི་ཐེག་པ་གཅིག་བཅས་ཡོད། བར་བ་སྒོ་བཞི་མཛོད་ལྔ། ཐ་མ་ཕྱི་ནང་གསང་གསུམ་དུ་གསུངས་པ་རྣམས་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་ལ། ལྟ་བ་གཙོ་བོར་སྟོན་པའི་གཞུང་། རྫོགས་པ་རིན་ཆེན་གསེར་གྱི་ཕྲེང་བ། རྩ་འགྲེལ་རླུང་གི་སྤུ་གྲི། མན་ངག་འཁོར་ལོ་འོད་གསལ་རྣམས་དང་། སྒོམ་པ་གཙོ་བོར་སྟོན་པའི་གཞུང་ནི། ཕུང་པོ་རང་འགྱུར་ཐིག་ལེ་སྐོར་དགུ། གསེར་ཐིག་ལུས་སེམས་ཉམས་མྱོང་སེམས་རླུང་ཡེ་ཁྲི་དཀར་པོ་སོགས་དང་། སྤྱོད་པ་གཙོ་བོར་སྟོན་པའི་གཞུང་ནི། ཁམས་བརྒྱད་གཏན་ཕབ་པའི་འབུམ། ཡེ་གཤེན་བཀོད་པ་དོན་གྱི་འབུམ། གཡུང་དྲུང་ས་བཅུ་ལམ་གྱི་འབུམ། རྣམ་དག་ཚུལ་ཁྲིམས་འདུལ་བའི་འབུམ། དགེ་རྒྱས་ཚོགས་ཆེན་རྫོགས་པའི་འབུམ་སོགས་མང་ངོ་།།

བཞི།

      དེང་གི་མཁས་ཆེན་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས། སྔོན་མ་བོན་པོ་ལ་མཐོང་ཆུང་བྱེད་པའི་ལྟ་ཚུལ་དེ་བཅོས་བསྒྱུར་བྱེད་དགོས་པ་ཞིག་ཡིན། ཞེས་དང་། བོན་པོའི་ཆོས་ལ་ཞིབ་འཇུག་བྱེད་རྒྱུ་དེ་ང་རང་ཚོའི་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་ས་གལ་ཆེ་ཤོས་ཀྱི་གྲོས་ཤིག་ཡིན། ཞེས་གསུངས་པ་ལྟར། གཡུང་དྲུང་བོན་གྱི་བཀའ་བརྟན་གཞུང་ན་གཏན་ཚིགས་ཀྱི་ལམ་ནས་སྣོད་བཅུད་ཀྱི་ཆགས་རིམ་བསྟན་ཡོད་པ། མདོ་ལས། གྲུབ་ནི་སྤྱི་མཐུན་ལས་ལས་གྲུབ།། ཞེས་དང་། མཛོད་ལས། སྲིད་གསུམ་དུག་གིས་ཀུན་ཀྱང་བསྐྱེད།། ཅེས་འཇིག་རྟེན་ཁམས་འདི་སེམས་ཅན་ཐུན་མོང་གི་ལས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞིང་། དེ་ཡང་སེམས་ཅན་ཐུན་མོང་གི་ལས་ལ་བརྟེན་ནས་ཐུན་མོང་གི་འཇིག་རྟེན་ཁམས་ཤིག་བྱུང་བ་དང་། ཐུན་མོང་མ་ཡིན་པའི་ལས་ལ་བརྟེན་ནས་བདེ་སྡུག་སྣ་ཚོགས་བྱུང་བ་ཡིན་ཞེས་བསྟན་ཡོད་པ་ལས། མུ་སྟེགས་ཚངས་པ་བ་ལྟར་ལྷ་ཚངས་པ་ཆེན་པོའི་བློའི་གཡོ་བ་སྔོན་དུ་བཏང་ནས་སྤྲུལ་ཏེ་འཇིག་རྟེན་འདིའི་ཐོག་གི་སྲོག་ཆགས་དང་སྲོག་ཆགས་མ་ཡིན་པའི་དངོས་པོ་ཚང་མ་བཟོས་པ་(གྲུབ་མཐའ་འདིས་འཇིག་རྟེན་ནི་ལྷ་ཚངས་པས་བཟོས་པར་ངོས་འཛིན་བྱེད་ཀྱི་ཡོད་པར་བརྟེན་ལྷ་ཚངས་པ་ལ་འཇིག་རྟེན་བྱེད་པོ་ཟེར)ཡིན་ཞེས་བཤད་ཀྱིན་མེད་པ་རེད།
      སྔ་རབས་བོད་ཀྱི་བྱུང་བ་བརྗོད་པ་འབེལ་གཏམ་ལུང་གི་སྙིང་པོ་ལས། དགེ་འབྲས་བདེ་བ་དང་། སྡུག་འབྲས་ལ་སྡུག་བསྔལ་འབྱུང་བའི་ཚུལ་དངོས་སྟོབས་རིགས་པས་བསླུ་མེད་དུ་བསྒྲུབས་ཏེ་སྡིག་པ་ཕྲ་བ་ནས་སྤངས། དགེ་བ་ཕྲ་ཞིང་ཕྲ་བ་ནས་བསྒྲུབ། ཅེས་རྒྱུ་འབྲས་ཀྱི་རྣམ་གཞག་གསལ་བར་གསུངས་ཡོད་པ་མ་གཏོགས། མུ་སྟེགས་རྒྱང་འཕེན་པ་ལྟར་ལས་བཟང་པོ་བྱས་ན་འབྲས་བུ་བཟང་པོ་ཡོང་ཡས་མེད་པ་དང་ལས་ངན་པ་བྱས་ན་འབྲས་བུ་ངན་པ་སྨིན་རྒྱུ་མེད་པ་སྟེ་ལས་རྒྱུ་འབྲས་ཟེར་བ་མེད་ཅེས་བཤད་ཀྱིན་མེད་ལ། མིའི་རྣམ་ཤེས་དེ་ལུས་པོ་དང་ཁ་མ་བྲལ་བའི་སྐབས་སུ་རྣམ་ཤེས་དེའང་གསོན་པོར་གནས་པ་ཞིག་ཡིན་པ་དང་། ལུས་པོ་དེ་འཇིག་འགྲོ་དུས་རྣམ་ཤེས་དེའང་བཤུ་མར་ལ་ཕུ་བརྒྱབ་པ་བཞིན་དུ་ཡལ་འགྲོ་བ་ལས་སྐྱེ་བ་ཕྱི་མ་ལ་ཕར་ཁྱུད་དེ་མུ་མཐུད་གནས་ཟེར་བ་དེ་མེད་པར་མི་ཤི་བའི་རྗེས་སུ་རྣམ་ཤེས་དེ་རྒྱུན་ཆད་པ་ཡིན་ཞེས་ཀྱང་མི་འདོད་དེ། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ལས། སྟོན་པ་ཡང་དག་པ་ཉིད་(གཤེན་རབ་མི་བོ་ཆེ)སོ་སོ་སྐྱེ་བོའི་གང་ཟག་འཆིང་བ་མཐའ་དག་དང་ལྡན་པ་རིམ་པར་བརྒྱུད་དེ་ལམ་ལས་རིམ་གྱིས་བྱུང་ཆུབ་ཆེན་པོ་བརྙེས། ཞེས་སྐྱེ་བ་སྔ་ཕྱི་ཡོད་པ་གསལ་བར་བསྟན་ཡོད་པ་བཞིན་ནོ།།
      གཞན་ཡང་“《རླངས་ཀྱི་པོ་ཏི་སེ་རུ》ཟེར་བའི་དཔེ་ཆ་དེའི་ནང་དུ་བོད་ཀྱི་མི་བྱུང་སྟངས་དང་འཇིག་རྟེན་ཆགས་ཚུལ་བཤད་ཡོད་པ་དེ་ཚོ་བོན་པོའི་ལྟ་ཚུལ་ཡིན་ཞིང་། དེའི་ནང་གནས་ཚུལ་ཚད་མཐོན་པོ་བཤད་ཡོད་པ་སྟེ། འབྱུང་བ་སྣ་ལྔའི་སྙིང་པོ་ལས། སྒོ་ང་ཆེན་པོ་གཅིག་བྱུང་བ། ཕྱིའི་སྒོང་ཤུན་ལ་བརྟེན་ནས་མཐའ་ཁྲག་དཀར་པོ་ཆགས། ནང་གི་སྒོ་ངའི་ཆུ་དེ་ལས་རྒྱ་མཚོ་ཆེན་པོ་བྱུང་། བར་གྱི་སྒོ་ངའི་བཅུད་དེ་ལས་རིགས་དྲུག་གི་སེམས་ཅན་བྱུང་བ་ཡིན་ཟེར་བས་དེ་དུས་ནས་གོ་ལ་རིལ་བོ་དང་། རྒྱ་མཚོ་ཆེན་པོ། འགྲོ་བ་སེམས་ཅན་ཚང་མ་སྒོ་ང་ཆེན་པོ་གཅིག་གི་ནང་དུ་བསྡད་ཡོད་ཅེས་བཤད་ཡོད། སྒོ་ང་དེ་ནི་ང་རང་ཚོའི་བྱ་དེའི་སྒོ་ང་ལ་ཟེར་གྱི་མེད་པར་འབྱུང་བ་ལྔའི་སྙིང་པོ་ལས་འདུས་པའི་སྒོ་ང་ལ་ཟེང་ཞིང་སྒོ་ང་ནི་རིལ་བུ་ཡིན་པས་དེ་དུས་ནས་འཇིག་རྟེན་ཆགས་སྟངས་འདི་ཙམ་ཤོད་ཐུབ་ཀྱི་ཡོད་པས་དེ་ནི་ཚད་མཐོན་པོ་ཞིག་རེད། ང་རང་ཚོའི་འཛམ་གླིང་རིལ་བུ་རེད་ཟེར་བ་དེ་ཕྱི་གླིང་བས་ཐོག་མར་བཤད་པ་རེད་ཅེས་དང་དེའི་གོང་དུ་མི་ཚང་མས་འཛམ་གླིང་གྲུ་བཞི་ཡིན་པར་ཁས་ལེན་གྱི་ཡོད་ཅེས་དེང་སང་འཛམ་གླིང་དུ་ཡོངས་ཁྱབ་ལྟ་བུར་ཤོད་ཀྱི་ཡོད་ནའང་ཕྱི་གླིང་པས་མ་བཤད་གོང་དུ་བོན་གྱི་དཔེ་ཆའི་ནང་སྐད་ཆ་དེ་བཤད་ཟིན་པ་རེད། འབྱུང་བ་སྣ་ལྔའི་སྙིང་པོ་དེ་འདྲ་ཞིག་རུབ་རུབ་བྱས་པ་ལས་སྒོ་ང་ཆེན་པོ་ཞིག་བྱུང་། དེ་ནས་རྒྱ་མཚོ་ཆེན་པོ་ཆགས། དེ་ནས་སེམས་ཅན་བྱུང་ཚུལ་བཤད་པའི་དཔེ་ཆ་ཞིག་ཕྱི་རྒྱལ་གྱི་དཔེ་ཆའི་ནང་ཉེ་དུས་བྱུང་བ་ཙམ་ལས་དེ་སྔོན་བཤད་པ་རྩ་བ་ནས་མེད། བོན་པོའི་བཤད་ཚུལ་དེ་ནི་ཡ་ལི་ཧྲི་ཏོ་ཏི་སོགས་ལས་ལོ་བརྒྱ་ཕྲག་ཁ་ཤས་ཀྱིས་སྔ་བ་ཡོད། དེ་བཞིན་སྤྱི་ལོའི་དུས་རབས་དང་པོ་ཡས་མས་ནས་བོན་པོའི་དཔེ་ཆའི་ནང་བོད་ཀྱི་མི་དེ་ཕ་སྤྲེའུ་དང་མ་བྲག་སྲིན་མོ་ནས་བྱུང་བ་ཡིན་ཞེས་བཤད་ཡོད། དེ་ནི་སྲོང་བཙན་སྒམ་པོ་མ་བྱུང་གོང་གི་སྐལ་ཆ་ཡིན་པ་ལས་སྲོང་བཙན་སྒམ་པོ་བྱུང་རྗེས་བཟོས་པ་ཞིག་མིན། བྲག་ཟིན་མོ་ཟེར་བ་ནི་བསྐལ་བ་ཡ་ཐོག་གི་སྤྲ་མི་ཟེར་བ་དེ་ཡིན་(2)”པ་དང་། ནུབ་གླིང་དུ་དབྱིན་ཇིའི་སྐྱེ་དངོས་རིག་པ་སྨྲ་བའི་མཁས་དབང་ཏ་ཨེར་བྰིན་(达尔文1809-1882)གྱིས་མི་ནི་སྤྲ་ནས་བྱུང་བའི་ལྟ་བ་འདི་ཐོག་མར་བཏོན་པ་རེད། དེའི་རྗེས་ནས་ཕྱི་གླིང་གི་རིག་གཞུང་མཁས་ཅན་མང་པོ་ཞིག་ཏ་ཨེར་བྰིན་གྱི་རྗེས་སུ་འབྲངས་ནས་མི་ནི་སྤྲ་ནས་མཆེད་པའི་བདེན་པ་རྙེད་ཡོད་ནའང་བོན་པོའི་གསུང་རབ་ནང་དེ་ལས་ལོ་བརྒྱ་ཕྲག་མང་པོའི་སྔོན་དུ་གསུངས་ཟིན་པ་ནི་ངོ་མཚར་བའི་གནས་ཤིག་མ་ཡིན་ནམ།
      བོད་ཀྱི་རིག་གནས་དེ་ཐུབ་པའི་བསྟན་པ་མ་བྱུང་གོང་གནའ་སྔ་མོ་ནས་བོན་པོའི་ཆོས་དང་འབྲེལ་བ་ཧ་ཅང་དམ་པོ་ཡོད་པས་བོན་པོའི་ཆོས་ལ་རྟོག་དཔྱོད་བྱས་ན། དེའི་ནང་ནས་གནའ་རབས་བོད་ཀྱི་རིག་གནས་མང་པོ་ཞིག་རྙེད་ཐུབ་པས་འདི་ལ་གཅེས་འཛིན་དང་ཞིབ་འཇུག་བྱ་རྒྱུ་ནི། བོད་རང་གི་ཡབ་མེས་རྣམས་ཀྱི་བློ་གྲོས་དང་མཁྱེན་དཔྱོད་དག་འཛམ་གླིང་རིག་གནས་ལོ་རྒྱུས་ཀྱི་ཟིན་ཐོའི་སྟེང་འགོད་ནུས་པ་ལ་དགེ་མཚན་ཆེན་པོ་ཞིག་ལྡན།
      མདོར་ན། བོད་ཀྱི་མཁས་པས་བཞེད་པའི་ཕྱི་ནང་གི་ཁྱད་པར་འབྱེད་ཆོས་ཚད་གཞིར་བཟུང་ནས་བལྟས་ན།བོན་གྱི་གྲུབ་མཐའ་ནི་ཕྱི་རོལ་བའི་གྲུབ་མཐའ་མིན་པ་ཤིན་ཏུ་གསལ་ཞིང་། བོན་གྱི་གཞུང་ལུགས་དང་། ལྟ་སྒོམ་སྤྱོད་གསུམ་སོགས་ཀྱི་ངོས་ནས་བལྟས་ནའང་སངས་རྒྱས་པའི་གྲུབ་མཐའ་དང་ཕལ་ཆེར་གཅིག་མཚུངས་སུ་འདུག་པས་ན། ད་ལྟའི་བོན་གྱི་གྲུབ་མཐའ་ནི་སངས་རྒྱས་པའི་གྲུབ་མཐའ་ལས་གཞན་པའི་བོད་ཀྱི་ནང་པའི་གྲུབ་མཐའ་ཞིག་ཏུ་ཁས་བླངས་ཆོག་གོ།
ལུང་ཁུངས།
(1) ཡ་ཐོག་སྲིད་པ་རྒྱུད་ཀྱི་བོན་ལ་གསར་དུ་བཤད་པ། ཤེས་རབ་བསྟན་པའི་ཟླ་བ། p.2
(2) དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་《གྲུབ་མཐའི་སྐོར་གྱི་རྣམ་བཤད》།  2004ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས། p.533

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག