ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> བརྒལ་བརྟག >> ཡོད་པ་བཞི་ཡིས་བོན་ཡིག་བདེན་པ་ཡིན་པར་རྟོགས།
ཡོད་པ་བཞི་ཡིས་བོན་ཡིག་བདེན་པ་ཡིན་པར་རྟོགས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། གངས་སེང་།] [ཟླ་ཚེས། 12-07-22] [ཀློག་གྲངས། ]

“མེད་པ་བཞི་ཡིས་བོན་ཡིག་རྫུན་མ་ཡིན་པར་རྟོགས་”ཟེར་བ་དེ་འཆལ་གཏམ་ཞིག་ཡིན་པར་ར་སྤྲོད།

    ཉེ་ཆར་བྱང་བྱ་དུར་དགའ་མལ་དགོན་ནས་དགོན་དེའི་མཁན་སློབ་ཀྱིས་དབུས་པའི་ལྷག་བསམ་གྱིས་ཕྱུག་པའི་དགེ་བའི་བཤེས་གཉེན་འགས་བོད་ཡིག་གི་ཕྱི་མོ་ཞང་ཞུང་སྨར་གྱི་ཡིག་གཟུགས་རྩིས་འཁོར་ནང་དུ་བཅུག་ནས་འཛམ་གླིང་མཁས་དབང་རྣམ་པའི་སྤྱན་བསྟར་དུ་འགྲེམས་སྤེལ་གནང་བ་དེ་ལ། གྲུབ་མཐའི་ཆགས་སྡང་རྨོངས་གསུམ་གྱིས་མྱོས་པའི་སྐྱེ་བོ་འགས་རྒྱུ་མཚན་ཡང་དག་གིས་དབུལ་བའི་གང་དྲན་བྱུང་རྒྱལ་གྱི་འཆལ་གཏམ་ཞིག་སྤེལ་བ་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་ནང་ནས་མཐོང་བས་དེ་ལ་ཁྱབ་མཚུངས་ཀྱི་སྒོ་ནས་གོ་བརྡ་ཞིག་སྤྲོད་འདོད་བྱུང་བས་རྩོམ་ཐུང་འདི་བྲིས་པ་ཡིན། ཨོ་རྒྱན་ཉི་མར་འབོད་པ་དེས་འདི་ལྟར་བཤད་དེ། “མེད་པ་བཞི་ཡིས་བོན་ཡིག་རྫུན་མ་ཡིན་པར་རྟོགས་” ཟེར་ནས་ཞང་ཞུང་སྨར་ཡིག་རྫུན་མ་ཡིན་པའི་རྒྱུ་མཚན་བཞི་བཀོད་པ་ནི་རིམ་བཞིན།
    ༡༽ “དེང་སང་བོན་པོའི་སྐད་ཡིག་ཏུ་གྲགས་པ་དེ་བཤད་མཁན་གཏན་ནས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བ་ཞིག་མེད་པ་དང་།” ཟེར་བ་འདི་ནི་རང་སྐྱོན་རི་བོ་ཙམ་རྒྱབ་ཏུ་གཡུགས་ནས་གཞན་སྐྱོན་རྟ་རྔ་ཙམ་ལྷང་ངེར་མདུན་དུ་བསྟན་པའི་དཔེ་ལྟར་སོང་འདུག་སྟེ། བན་དྷེ་ཚོས་ནམ་རྒྱུན་བཤད་སྟངས་ལ་རྫོགས་པ་ཆེན་པོ་སོགས་གསང་བ་བླ་ན་མེད་པའི་རྒྱུད་སྡེ་རྣམས་ཨོ་རྒྱན་ཡུལ་ནས་བོད་ལ་གདན་འདྲེན་ཞུ་རབས་ཆོས་འབྱུང་རྣམས་སུ་ཨ་བསྐོར་ཡང་བསྐོར་བྱས་ནས་བཤད་ཡོད། ཨོ་རྒྱན་ནི་རྒྱ་གར་ལས་ཐ་དད་པའི་མི་རིགས་དང་། རིག་གནས། སྐད་རིགས་སོགས་ཕུན་སུམ་ཚོགས་པ་ཡོད་པའི་རྒྱལ་ཁབ་ཅིག་ངོས་འཛིན་བྱས་ཏེ། གུ་རུ་རིན་པོ་ཆེ་ཡང་ལུང་པ་དེ་ནས་ཡིན་པ་མ་ཟད། སློབ་དཔོན་དགའ་རབ་རྡོ་རྗེ་ཡང་ལུང་པ་དེའི་མི་ཡིན་པར་བཤད་ཡོད། དུས་རབས་བརྒྱད་པའི་ནང་སློབ་དཔོན་བཻ་རོ་ཙ་ན་སོགས་ལོ་ཙྭ་བས་སློབ་དཔོན་དགའ་རབ་རྡོ་རྗེའི་ཆོས་ཚོགས་མང་པོ་བོད་སྐད་དུ་བསྒྱུར་ནས་སྤེལ་བར་ལོ་རྒྱུས་རྣམས་སུ་ཁེངས་ནས་བསྡད་ཡོད། ཡིན་ནའང་ཨོ་རྒྱན་གྱི་ཡུལ་འདི་རེད་ཅེས་མཐའ་གཅིག་ཏུ་ཐག་ཆོད་པའི་ངོས་འཛིན་ད་དུང་ཐུབ་མེད། ཕྱི་རྒྱལ་བ་སོགས་ཞིབ་འཇུག་པ་མང་པོས་ལོ་མང་རིང་མུ་མཐུད་ནས་དེ་འཚོལ་གཞིག་བྱས་དང་བྱེད་མུས་ཡིན་ཡང་ད་ལྟའི་བར་ཨོ་རྒྱན་གྱི་ཡུལ་འདི་རེད་དང་། དེའི་མི་རིགས་འདི་འདྲ། སྐད་ཡིག་དང་རིག་གནས་སོགས་འདི་རེད་ཟེར་ནས་ཐག་ཆོད་པའི་བསྡོམ་ཚིག་ཅིག་སུས་ཀྱང་བསྟན་མ་ཐུབ་ནས་ལུས་ཡོད། དེར་མ་ཟད་ལོ་རྒྱུས་ནང་དུ་ཤམ་བྷ་ལའི་ཡུལ་ཟེར་བ་ཞིག་ཡོད་པ་དང་། སྟོན་པ་བཅོམ་ལྡན་འདས་དེར་ཕེབས་ནས་དུས་འཁོར་སོགས་སྔགས་ཀྱི་རྒྱུད་སྡེ་མང་པོ་གསུང་པ་བཀོད་ཡོད་ཀྱང་། ཡུལ་དེ་གང་དུ་ཡོད་པ། མི་རིགས་གང་འདྲ་ཞིག་ཡོད་པ། སྐད་ཡིག་གང་སྨྲ་ད་ལྟའི་བར་དུ་སུས་ཀྱང་ངེས་ཤེས་ཐུབ་མེད། བྱས་ཙང་། གོང་དུ་ཁྱོད་ཀྱིས་བཤད་པ་དེ་བདེན་པ་ཡིན་ན་བན་དྷེའི་རྫོགས་ཆེན་སོགས་གསང་བ་བླ་ན་མེད་པའི་ཆོས་སྐོར་དང་། དུས་ཀྱི་འཁོར་ལོ་སོགས་གསང་བ་སྔགས་ཀྱི་རྒྱུད་སྡེ་དེ་དག་ཁུངས་མེད་ལུང་མེད་དུ་འགྲོ་བ་ངས་བཙན་ཤད་ཀྱིས་བཤད་པ་མ་ཡིན་པར་ཁྱོད་རང་རང་གིས་ཤུགས་སྒྲུབ་ཡིན་པ་རིག་པ་སྨྲ་བ་དག་གིས་རྟོགས་ནུས་ཏེ། དེང་སང་ཤམ་བྷ་ལ་དང་ཨོ་རྒྱན་གྱི་སྐད་ཡིག་དང་རིག་གནས་སུ་གྲགས་པ་དེ་བཤད་མཁན་གཏན་ནས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་བ་ཞིག་མེད་པའི་ཕྱིར།
    ༢༽ “ལོ་ལྔ་བརྒྱའི་གོང་གི་བོད་ཀྱི་ལོ་རྒྱུས་ལ་མེད་པ་དང་།” ཟེར་བ་འདིས་ཁྱོད་ཀྱི་མཐོང་རྒྱ་ལག་མཐིལ་ལས་ཆུང་ཞིང་བློ་མིག་ཁབ་མིག་ལས་ཕྲ་བའི་རྟགས་རྗེན་གཅེར་དུ་བསྟན་པའི་ཚུལ་ནི། རྒྱལ་རབས་གསལ་བའི་མེ་ལོང་(མི་རིགས་དཔེ་སྐྲུན་ཁང་༡༩༩༦དཔར་སྡེབ་༥༧)ལས། “རྒྱལ་བློན་འདི་(སྤུ་དེ་གུང་རྒྱལ་དང་རུ་ལས་སྐྱེས་)གཉིས་ཀྱི་དུས་སུ་གཡུང་དྲུང་གི་བོན་བྱུང་སྟེ། སྟོན་པ་གཤེན་རབ་མི་བོ་ཆེ་བྱ་བ་སྟག་གཟིག་འོལ་མོ་ལུང་རིང་དུ་སྐུ་འཁྲུངས། ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་པོའི་ཆོས་ཐམས་ཅད་ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ་དར་ཞིང་རྒྱས་པར་མཛད།” ཅེས་བཤད་པ་ནི་ཁྱོད་ཀྱིས་མ་མཐོང་བས་བློ་རྒྱ་ཆེ་ཙམ་བྱས་ཏེ་བོད་ཀྱི་ལོ་རྒྱུས་ལ་ལྟ་བའི་བློ་གྲོས་བཙལ་ན་ལེགས་ཀྱིས་རྣམ་དཔྱོད་ཕུར་ཁུང་ལ་གཏུགས་ན་ཤེས་བྱ་རིག་པའི་གླང་པོ་ཆེ་ཁུང་བུའི་ནང་དུ་ཤོང་པ་ཤིན་ཏུ་དཀའ་བས་ཁོ་བོས་ཁྱོད་ལ་སྙིང་བརྩེ་བས་གདམས་སོ། ཞང་ཞུང་ནས་བོད་དུ་གཡུང་དྲུང་གི་བོན་བསྒྱུར་བའི་བྱ་བ་བྱས་པར་གསུང་པའི་ཤུགས་ལས་ཞང་ཡིག་དང་བོད་ཡིག་ཡོད་པ་མ་བརྟགས་ཀྱང་མཁས་བླུན་ཀུན་གྱིས་རྟོགས་ནུས་སོ། བཀའ་ཆེམས་བཀའ་ཁོལ་མ་ལས། ལུང་གི་ཆོས་གོ་བར་བྱའི་ཕྱིར་སྒྲུང་བསྟན། རིག་པའི་ཆོས་གོ་བར་བྱ་བའི་ཕྱིར་ལྡེའུ་བསྟན། བསླབ་པ་གསུམ་ལ་འཇུག་པར་བྱ་བའི་ཕྱིར་གཡུང་དྲུང་གི་བོན་བསྟན། ཅེས་གསུང་པ་དེ་ཁྱོད་ཀྱི་མཐོང་ཡུལ་དུ་མ་གྱུར་པའི་རྒྱུ་མཚན་ཅི་ལ་ཐུག །ལུང་དེས་སྲོང་བཙན་གོང་གི་བོད་རྒྱལ་རྣམས་ཀྱི་དུས་སུ་སྒྲུང་ལྡེའུ་བོན་གསུམ་དར་ཚུལ་བཤད་ལ། དེ་ནི་ཚིག་འགའ་ཤས་ཙམ་མ་ཡིན་པ་རྒྱལ་སྲིད་སྐྱོང་བྱེད་དང་མིའི་བློ་སྒོ་འབྱེད་བྱེད་དུ་གསུང་པས་ཡི་གེའི་བརྒྱུད་ནས་བསྟན་པ་མ་གཏོགས་གནའ་མི་དེ་ཚོས་རྒྱ་ཆེའི་རིག་གནས་དེ་རྣམས་བློར་ངེས་ཐུབ་ཀྱི་རྒྱུ་མཚན་རྙེད་ཤིན་ཏུ་དཀའ། 
     ༣༽ “ཁྱིམ་མཚེས་ཀྱི་ལོ་རྒྱུས་དང་། འཛམ་གླིང་གི་ལོ་རྒྱུས་ལ་མེད་པ་དང་།” ཟེར་བ་འདི་ནི། རྣམ་དཔྱོད་ཀྱི་རིག་པ་ལས་འདས་ཏེ་གཞན་ཀྱི་ལོ་རྒྱུས་ལ་ལྟ་བའི་མིག་ལོང་། བློ་མུན་ནག་ནང་གི་མདའ་འཕེན་ལྟར་གྱུར་མོད། འོན་ཀྱང་མང་དུ་བཤད་མི་དགོས་པ་གོང་དུ་ཨོ་རྒྱན་གྱི་ལོ་རྒྱུས་དང་། མི་རིགས། སྐད་ཡིག་སོགས་ཁྱིམ་མཚེས་ཀྱི་ལོ་རྒྱུས་དང་། འཛམ་གླིང་གི་ལོ་རྒྱུས་ནང་དུ་གསལ་ཡོད་མེད་ལ་བློ་ཁ་ནང་དུ་ཕྱོགས་ཏེ་བལྟས་ཙམ་བྱས་པས་ལོག་རྟོག་རང་ཞིག་ཏུ་འགྲོ་བ་ལ་སྨོས་ཅི་དགོས། གལ་སྲིད་ཨོ་རྒྱན་གྱི་ལོ་རྒྱུས་རྒྱལ་ཁབ་གཞན་གྱི་ལོ་རྒྱུས་ནང་དུ་གསལ་པོ་བཀོད་ཡོད་ན་ལོ་རྒྱུས་ཞིབ་འཇུག་པ་རྣམས་ཀྱིས་ཨོ་རྒྱན་གྱི་ཡུལ་ཐག་ཆོད་པའི་ངོས་འཛིན་ཡུལ་རྙེད་དཀའ་ཟེར་བ་དེ་ཡོང་དོན་རྩ་བ་ནས་མེད།
    ༤༽ “དུས་རབས་བདུན་པའི་སྔོན་གྱི་དཔེ་རིས་རྙིང་པ་མེད་པ་སྟེ།” ཟེར་བ་འདི་ཡང་། བསམ་མནོ་རྩ་བ་ནས་མ་བཏང་ནས་རང་མགོ་རང་གིས་གཡོག་བྱེད་ཞིག་འདུག་སྟེ། དུས་རབས་གང་གི་ནང་དུ་ཡོད་པ་དེ་སྐབས་དེར་བྲིས་པའི་དཔེ་རིས་ཞིག་ཡོད་དགོས་ན། བོད་ཀྱི་ལོ་རྒྱུས་རྣམས་སུ་དུས་རབས་བདུན་པའི་ནང་དུ་དམ་པའི་ཆོས་མང་པོ་རྒྱ་གར་ནས་བོད་དུ་བསྒྱུར་བར་བཤད་པས་སྐབས་དེར་བྲིས་པའི་རྒྱ་དཔེ་དང་བོད་དཔེ་ཞིག་བསྟན་རྒྱུ་མེད་པས་ཁྱོད་ལྟར་ན་དེའི་ལོ་རྒྱུས་ཐམས་ཅད་ཁུངས་མེད་དུ་ཐལ་བ་དང་། དུས་རབས་བརྒྱད་པའི་ནང་དུ་ཀ་མ་ལ་ཤཱི་ལས་ཧཱ་ཤང་གི་དགག་ཡིག་སྒོམ་རིམ་དང་པོ་བར་བ་མཐའ་མ་གསུམ་མཛད་ཟེར་བ་དེ་རྫུན་དུ་འགྱུར་ཏེ། སྐབས་དེར་བྲིས་པའི་དཔེ་རྙིང་སྒོམ་རིམ་དང་བར་མཐའ་གསུམ་རྩ་བ་ནས་བསྟན་རྒྱུ་མེད་པའི་ཕྱིར། དེ་ལྟར་ཁྱོད་ཀྱིས་བཤད་ཚད་ཐམས་ཅད་རྒྱུ་མཚན་ཡང་དག་གིས་དབེན་ཞིང་ལུང་རིགས་སྟོང་ཕྲག་གིས་གནོད་པ་ཡོད་པ་ཁོ་བོས་བསྒྲུབས་སོ། གཞན་ཡང་འདིར་དམིགས་ཀྱིས་བཀར་ནས་བཤད་དགོས་པ་ཞིག་ལ། དུས་རབས་བདུན་པའི་སྔོན་དུ་བོད་ལ་ཡིག་སྦྱོར་གྱི་ལམ་ནས་ཕན་ཚུན་བརྡ་སྤྲོད་ཡོད་པའི་དགོངས་ཚུལ་ནི། བོན་པོ་གཅིག་པུས་རང་ལྟ་མཁྲེགས་འཛིན་མིན་པར། ཤེས་བྱ་རིག་པའི་གནས་ལ་བློ་གྲོས་ཀྱི་སྤོབས་པ་རྒྱས་ཤིང་གྲུབ་འཐའི་ཕྱོགས་འཛིན་གྱི་ངན་རྟོག་ཐམས་ཅད་རྫོགས་པ་ཆེན་པོ་རང་འབྱུང་རིག་པའི་དབྱིངས་སུ་རང་གྲོལ་དུ་སོང་པའི་བན་དྷེའི་མཁས་དབང་བརྒྱ་ཕྲག་གིས་འཛམ་གླིང་གི་མི་དམངས་རྣམས་ཀྱི་མདུན་སར་ངོ་སྤྲོད་གནང་དང་གནང་མུས་ཡིན་པས་དེ་ལ་དོ་སྣང་བྱེད་དགོས་པ་ཤིན་ཏུ་ནས་གལ་ཆེ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག