ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> དཔྱད་རྩོམ། >> བོན་གྱི་ཡིག་རྙིང་དཔེ་དེབ་ནང་དུ་གསལ་བའི་གཤེན་རབ་མི་བོ་ཞེས་པའི་མིང་ཚིག་སྐོར་ལ་དཔྱད་པ།
བོན་གྱི་ཡིག་རྙིང་དཔེ་དེབ་ནང་དུ་གསལ་བའི་གཤེན་རབ་མི་བོ་ཞེས་པའི་མིང་ཚིག་སྐོར་ལ་དཔྱད་པ།
[རྩོམ་གྱི་ཡོང་ཁུངས། དྲ་རྒྱ་ལས་བཏུས་པ།] [རྩོམ་པ་པོ། དོན་འགྲུབ་ལྷ་རྒྱལ།] [ཟླ་ཚེས། 10-07-04] [ཀློག་གྲངས། ]

     རྩོམ་ཐུང་འདིའི་ནང་དུ་སྤྱི་ལོ་༢༠༠༧ལོར་སྐུ་ཞབས་པ་སངས་དབང་འདུས་ལགས་ཀྱིས་རྩོམ་བསྒྲིགས་གནང་ཞིང་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་༼བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས༽ཞེས་པའི་ཆ་དེའི་ནང་དུ་འཁོད་པའི་བོན་གྱི་སྐོར་དང་ལྷག་པར་དུ་གཤེན་རབ་མྱི་བོ་ཞེས་པའི་མིང་ཚིག་དང་བོན་གྱི་སྲོལ་རྒྱུན་དཔེ་ཆའི་ནང་གི་ཐ་སྙད་ཁག་དང་དཔྱད་བསྡུར་ཞིབ་འཇུག་བྱེད་རྒྱུ་གཙོ་བོ་བཟུང་ཡོད།

      ཐོག་མར་དཔེ་རྙིང་ཕྱོགས་བསྒྲིགས་དེའི་ནང་དོན་མདོར་བསྡུས་ངོ་སྤྲོད་བྱས་པ་དང་དེ་རྗེས་དཔེ་ཆ་དེའི་ནང་དུ་འཁོད་པའི་གཤེན་རབ་མྱི་བོ་ཞེས་པའི་མིང་ཚིག་གི་སྐོར་ལ་དཔྱད་པ་བྱས་ཡོད། མཇུག་ཏུ་དཔེ་ཆ་གསར་རྙིང་གི་ནང་དོན་དཔྱད་བསྡུར་བྱས་པ་བརྒྱུད་གཤེན་རབ་མྱི་བོ་ཞེས་པ་དེ་བོན་གྱི་ལོ་རྒྱུས་སྤྱི་ཡི་ནང་དུ་བཤད་པའི་གོ་དོན་དང་མི་འདྲ་བའི་ལྟ་བ་གསར་པ་སྟེ་གཤེན་རབ་མྱི་བོ་ཞེས་པ་དེ་ནི་ཐོག་མར་སྤྱིར་བཏང་གི་བོན་གྱི་ཆོ་ག་བྱེད་མཁན་གྱི་བོན་པོ་ཕལ་པ་ཞིག་ཡིན་པ་མ་ཟད་དེ་ནི་བོད་ས་མཐོའི་ཐོག་ཏུ་འཁྲུངས་པའི་སྐྱེ་བོ་ཞིག་ཡིན་པ་ལས་ཕྱི་ཡི་ས་ཕྱོགས་ཐག་རིང་ཞིག་ནས་བོད་ལ་ཕེབས་པ་ཞིག་མ་ཡིན་པ་ར་སྤྲོད་བྱས་ཡོད།

དང་པོ། དཔེ་རྙིང་ངོ་སྤྲོད།

      སྤྱི་ལོ་༢༠༠༧ལོར་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ་བདམས་བསྒྲིགས་ཞེས་པའི་དཔེ་ཆ་ཞིག་སྐུ་ཞབས་པ་སངས་དབང་འདུས་ལགས་ཀྱིས་རྩོམ་བསྒྲིགས་གནང་ཞིང་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པ་རེད། བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས་དེ་ནི་ད་ལྟའི་བར་དུ་བོད་ཀྱི་ས་ཁོངས་ནས་ཐོན་པའི་བོན་གྱི་དཔེ་ཆ་རྙིང་ཤོས་དེ་རེད་ལ་དཔེ་སྒྲིག་གི་ཚད་གཞི་ཆེས་མཐོ་པོ་ཡོད་པ་ཞིག་སྟེ་ཞིབ་ཚགས་ལ་བཅོས་བསླད་མེད་པ་ཚན་རིག་དང་མཐུན་པའི་སྒོ་ནས་དཔེ་བསྒྲིགས་གནང་བའི་དཔེ་ཆ་ཞིག་རེད། དཔེ་ཆ་དེའི་རིན་ཐང་ནི་མི་ལོ་བརྒྱ་ཐམ་པའི་སྔོན་དུ་ཏུན་ཧོང་དགོན་ཤུལ་ནས་ཐོན་པའི་བོད་ཡིག་ཡིག་ཆ་དང་དོ་མཉམ་ལས་ཞན་པ་ཡེ་ནས་མེད། དཔེ་རྙིང་འདི་ཉིད་ལོ་རྒྱུས་རིང་ལ་བརྗོད་དོན་དང་རྗོད་བྱེད་ཀྱི་ཚིག་འབྲུ་སོགས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་མ་ཟད་ཡིག་གཟུགས་ཀྱང་ཤིན་ཏུ་རྙིང་པ་ཡིན་པ་བཅས་ཀྱིས་དཔེ་རྙིང་འདི་ཉིད་ལ་ཞིབ་འཇུག་གི་རིན་ཐང་ཚད་མཐོ་པོར་སླེབས་ཡོད། ཐོག་མར་སྐུ་ཞབས་པ་སངས་དབང་འདུས་ལགས་ཀྱིས་དཔེ་ཆའི་གླེང་གཞིའི་ནང་དུ་གསུངས་པ་ཇི་བཞིན་དཔེ་རྙིང་འདི་ནི་ད་བར་བོད་ལས་ཐོན་པའི་བོན་ལུགས་ཆོ་ག་ཞིབ་རྒྱས་འབྲི་བཀོད་བྱས་པའི་དཔེ་རྙིང་ཆ་ཚང་ཤོས་དེ་ཡིན་པ་དང་། དེ་ནི་ད་བར་མ་མཐར་མི་ལོ་ཆིག་སྟོང་ཡན་གྱི་ལོ་རྒྱུས་ཡོད་པའི་དཔེ་རྙིང་ཞིག་རེད། དེ་ཡང་དཔེ་རྙིང་དེའི་ནང་དོན་གྱི་ཐད་ནས་བལྟས་ན་དེ་བས་དམིགས་བསལ་གྱི་ཆ་མང་དག་ཅིག་ཡོད་པ་དེ་དག་གིས་བོད་ཀྱི་གནའ་བོའི་རིག་གཞུང་གི་ནང་དོན་མཚོན་གྱི་ཡོད། ལྷག་པར་དུ་བོན་གྱི་ལྷ་མཆོད་རིག་གཞུང་གསལ་པོར་མངོན་ཐུབ་ཡོད། དཔེ་རྙིང་དེ་ཉིད་པོད་བཞི་ལས་གྲུབ་ཡོད་པ་སྟེ། པོད་དང་པོ་དེ་ལ་གནག་རབས་དང་བྱོལ་རབས་དེ་བཞིན་གསེར་སྐྱེམས་ཀྱི་རབས་བཅས་ས་བཅད་གསུམ་ལས་གྲུབ་པ་དང་། ས་བཅད་དང་པོ་དང་གཉིས་པ་གཉིས་ནི་སྒྲུང་ཐུང་གི་རང་བཞིན་ལས་ཆོ་གའི་ནང་དོན་མཚོན་ཐུབ་ཐབས་བྱས་ཡོད། ས་བཅད་གསུམ་པ་ནི་གསེར་སྐྱེམས་ཀྱི་འབྱུང་ཁུངས་བསྟན་ཡོད། པོད་གཉིས་པ་ནི་རྨ་ཐེམ་པ་དགུ་རྒལ་བའི་སྐོར་དང་རྣེལ་དྲི་འདུལ་བའི་ཐབས་དང་ཕག་བོན་གསས་ཁྲིའི་ལུགས་དང་དེ་བཞིན་གེ་གཞུལ་གྱི་རབས་བཅས་ས་བཅད་བཞི་ལས་གྲུབ་ཡོད། དེ་དག་གི་ནང་དོན་ཡང་བོན་གྱི་ཆོ་ག་ཤ་སྟག་རེད། པོད་གསུམ་པ་ནི་ཤ་རུ་ཤུལ་སྟོན་གྱི་རབས་བཅས་པ་དེ་རེད། དེ་ཡང་བོན་གྱི་ཆོ་གའི་ནང་དོན་བཤད་ཡོད། པོད་བཞི་པ་ནི་གསོ་དཔྱད་ཀྱི་གཞུང་ལུགས་ཤིག་རེད།

གཉིས་པ། ནང་དོན་དཔྱད་བསྡུར།

      གསར་དུ་རྙེད་པའི་དཔེ་ཆ་དེའི་ནང་དུ་བོན་གྱི་ཆོ་ག་དང་འབྲེལ་བ་ཡོད་པའི་སྒྲུང་ཐུང་བརྒྱད་ཙམ་ཡོད་རུང་སྐབས་འདིར་ས་བཅད་དང་པོ་དེའི་ནང་གི་ཐ་སྙད་ཁག་ཅིག་དང་ནམ་རྒྱུན་བོན་དཔེ་ཁག་ནང་དུ་གསལ་བཞིན་པའི་མིང་ཚིག་དང་དཔྱད་བསྡུར་གྱིས་བོན་གྱི་སྟོན་པ་གཤེན་རབ་མི་བོ་བོད་རང་ལ་ས་སྐྱེས་རྡོ་སྐྱེས་བྱས་པའི་ལོ་རྒྱུས་མི་སྣ་ཞིག་ཡིན་པ་ར་སྤྲོད་བྱེད་རྒྱུའི་འདུན་པ་བཅངས་ཡོད། དཔེར་ན་གསར་རྙེད་བྱུང་བའི་དཔེ་རྙིང་ནང་དུ་གཤེན་རབ་མི་བོ་ཞེས་པ་ཞིག་ཡོད་རུང་དེ་ནི་ཐར་གླུད་བྱོལ་གསུམ་གྱི་ཆོ་ག་སྤེལ་བར་ཡབ་བླ་བདལ་དྲུག་གིས་གཤེན་བཞི་གདན་དྲངས་པའི་ནང་གི་གཅིག་ཡིན་པ་དང་དེ་ལ་སྤྱོར་བཏང་གི་གཤེན་པོ་ཞིག་ཡིན་པ་ལས་དམིགས་བསལ་གང་ཡང་མེད་པ་ལས་རྟོགས་ནུས་སོ།།

གསུམ་པ། སྡོམ་ཚིག

      བོན་གྱི་སྟོན་པ་ཤེན་རབ་མི་བོ་བོད་རང་ལ་ས་སྐྱེས་རྡོ་སྐྱེས་བྱས་པའི་ལོ་རྒྱུས་མི་སྣ་ཞིག་ཡིན་པ་ལས་ས་ཐག་རིང་པོའི་ཡུལ་ཕྱོགས་གཞན་ཞིག་ནས་བོད་དུ་བོན་སྤེལ་བར་ཕེབས་པ་དེ་འདྲ་མ་ཡིན་ནོ། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག