ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> དཔྱད་རྩོམ། >> གནའ་རབས་བོན་གྱི་ཡིག་རྙིང་༼རྣེལ་དྲི་འདུལ་བའི་ཐབས༽ལ་དཔྱད་ལ་ཞེས་པའི་ནང་དོན་གནད་བསྡུས།
གནའ་རབས་བོན་གྱི་ཡིག་རྙིང་༼རྣེལ་དྲི་འདུལ་བའི་ཐབས༽ལ་དཔྱད་ལ་ཞེས་པའི་ནང་དོན་གནད་བསྡུས།
[རྩོམ་གྱི་ཡོང་ཁུངས། དྲ་རྒྱ་ལས་བཏུས་པ།] [རྩོམ་པ་པོ། ཆབ་འགག་རྟ་མགྲིན།] [ཟླ་ཚེས། 10-07-04] [ཀློག་གྲངས། ]

       བསྟན་བཅོས་འདི་ནི་སྤྱི་ལོ་༢༠༠༦ལོའི་དབྱར་ཁར་བོད་ལྗོངས་ལྷོ་ཁ་ས་ཁུལ་མཚོ་སྨད་རྫོང་གཏམ་ཤུལ་ཁུལ་གྱི་དགའ་ཐང་འབུམ་པ་ཆེ་མཆོད་རྟེན་ཉམས་གསོ་བྱེད་སྐབས་རྙེད་པའི་ཡིག་རྙིང་བྲིས་མ་ཡིན་ཞིང་། ཡིག་རྙིང་འདིའི་ཡིག་གཟུགས་འབྲི་སྟངས་དང་བརྗོད་བྱའི་ནང་དོན། ཐ་སྙད་བཀོལ་སྟངས། ཚིག་གི་སྦྱོར་བ། མཚོན་དོན་བསམ་བློ་སོགས་ལ་བརྟགས་ན། ཏུན་ཧོང་ཡིག་རྙིང་དང་ཆ་འདྲ་བ་སྟེ། ཧ་ལམ་སྤུ་རྒྱལ་བཙན་པོའི་དུས་སྨད་དུ་ཡི་གེར་བཀོད་པའི་ཡིག་རྙིང་ཡིན་པར་ངེས། དེ་དག་ལ་རྩོམ་རིག་དང་ཆོས་ལུགས། ལོ་རྒྱུས་བཅས་ཀྱི་རིན་ཐང་ཧ་ཅང་ཆེ་བ་ལ། འདིར་གཙོ་བོར་རྩོམ་རིག་གི་ངོས་ནས་དཔྱད་པ་ཅུང་ཟད་བཏང་པའོ།།

དང་པོ། བརྗོད་བྱའི་ནང་དོན་བཤད་པ།

      བསྟན་བཅོས་འདིའི་ཁ་བྱང་ལ་བལྟས་ན་རྣེལ་དྲི་གང་དང་གང་ཞིག་ཐབས་གང་དང་གང་གིས་འདུལ་དགོས་པ་སྟོན་པའི་བསྟན་བཅོས་ཏེ། “དངོས་པོའི་གནས་ལུགས་འཆད་པའི་བསྟན་བཅོས”ཤིག་ཡིན་པར་འདོད་ཀྱང་། ཞིབ་ཏུ་བཀླགས་ཤིང་བརྟགས་ན་གཉའ་ཁྲིའི་སྔོན་གྱི་“ཡུལ་སྐྱི་རོ་ལྗང་སྔོན”དང་“ཡུལ་གནུབས་ཡུལ་གླིང་དྲུག” “ཡུལ་མཆིམས་ཡུལ་རྒུ་སུལ་”སོགས་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་ཡ་གྱལ་ཁ་ཅིག་དང་། “འགོས་ཡུལ་འགོས་སྟོད་”དང་“ཡུལ་ལྷོ་ཁ་ལང་གྲུག”སོགས་རུས་རྒྱུད་ཚོ་ཁག་སོ་སོར་མི་སྲིན་འདྲེ་གསུམ་གྱིས་རྩོམ་དྲི་དང་བུ་དྲི། ལྕེབས་དྲི། ཆུ་དྲི། རྨས་དྲི་སོགས་མནོལ་དྲི་སྣ་ཚོགས་བསྐྱེད་པའི་རྗེས་སུ་དྲི་བོན་གདན་དྲངས་ནམ་ཡར་གྱི་ལྷ་བསང་པ་དང་། མར་གྱི་དྲི་བཏུལ་བའི་བྱུང་བ་སྟེ་ཡུལ་དང་མི་སྣ། དོན་རྐྱེན། བྱུང་རིམ་བཅས་ལྡན་པའི་གནའ་སྒྲུང་བཅུ་དགུ་ལས་གྲུབ་པར་མ་ཟད། ད་དུང་དེ་དག་ཁག་ཅིག་ཏུ་སྐད་ཆ་དང་ཆ་ལུགས། བྱ་སྤྱོད། ཡུལ་བཀོད་སོགས་ཀྱང་ཞིབ་འབྲི་ངེས་ཅན་རེ་བྱས་ཡོད་པས། དུས་རབས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་གནས་རབས་བོན་གྱི་ལྷ་སྒྲུང་དངོས་ཡིན་པར་ངེས།

གཉིས་པ། རྣེལ་དྲི་འདུལ་ཐབས་སྒྲུང་དུ་སྦྱོར་བའི་དགོས་པ་བཤད་པ།

      དེ་ཡང་རྒྱལ་རབས་དེབ་ཐེར་རྣམས་ལ་“ལུང་གི་ཆོས་གོ་བར་བྱ་བའི་ཕྱིར་སྒྲུང་བསྟན་”ཞེས་པ་ལྟར། གནའ་བོའི་བོན་པོ་རྣམས་ཀྱིས་རྣེལ་དྲི་འདུལ་ཐབས་རྣམས་སྒྲུང་ལ་སྦྱར་ནས་སྟོན་པའང་ཀུན་ལ་མོས་པ་ཆེ་བའི་སྤྱི་ཚོགས་ཀྱི་འཚོ་བ་དང་། གསོན་ཉམས་ལྡན་པའི་ཡུལ་བཀོད་དང་མི་སྣ་སོགས་ལ་སྦྱར་ནས་བསྟན་ན། རྣེལ་དྲི་འདུལ་ཐབས་དེ་དག་ཀུན་ལ་སྤེལ་བདེ་ཞིང་ངེས་སླ་ལ། ངོ་མཚར་ཆེ་བའི་གནའ་སྒྲུང་དེ་དག་ཁྱབ་སོ་ཅོག་ཏུ་རྣེལ་དྲི་འདུལ་བའི་ཐབས་ཀྱང་ཁྱབ་ཐུབ་པ་དང་། གནའ་སྒྲུང་དེ་དག་གནས་པའི་བར་དུ་རྣེལ་དྲི་འདུལ་ཐབས་རྣམས་ཀྱང་ཉམས་པ་མེད་པར་གནས་ཐུབ་པས་སོ།།

གསུམ་པ། བརྗོད་བྱའི་བསྟན་དོན་བཤད་པ།

      བརྗོད་བྱའི་བསྟན་དོན་གྱི་ཁྱད་ཆོས། རྣེལ་དྲི་འདུལ་བའི་ཐབས་སུ་བརྗོད་པའི་གནའ་སྒྲུང་དེ་དག་གིས་རྒྱལ་ཕྲན་སིལ་མ་བཅུ་གཉིས་དུས་ཀྱི་རྒྱལ་ཕྲན་དང་རུས་རྒྱུད་ཚོ་ཁག་སོ་སོར་དྲི་བོན་རྣམས་ཀྱིས་ཡར་གྱི་ལྷ་མཆོད་ཅིང་བསང་བར་བྱེད་པ་དང་། མར་གྱི་འདྲེ་སྲིན་འགེར་ཞིང་མནོལ་དྲི་བཏུལ་བའི་བྱུང་བ་འགོད་པ་ལ་བརྟེན་ནས། མི་དང་འདྲེ་སྲིན་སོགས་ཀྱིས་དམེ་བཙོག་དང་འཁོན་རྩོད་བསླངས་ནས་སྟེང་གི་ལྷ། བར་གྱི་གཉན། འོག་གི་ཀླུ་རྣམས་ལ་མནོལ་གྲིབ་ཕོག་ཅིང་། ཡུལ་གྱི་མི་རྣམས་མནོལ་པས། མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ། ཡུལ་ལ་ཐན་པ་དང་། ཁམས་སུ་འཁྲུགས་རྩོད་སོགས་མི་བདེ་བའི་རིགས་སྣ་ཚོགས་འབྱུང་ཞིང་། དེ་དག་བསང་ཞིང་འདག་པར་བྱེད་པར་བསང་དང་ཚན་ཁྲུས་ལ་བརྟེན་དགོས་པའི་སྲིད་པ་བོན་གྱི་ལྟ་བ་བསྟན་པ། དེའི་ཞོར་དུ་སྐབས་དེར་བོད་མི་རིགས་ཀྱིས་གཙང་བཙོག་ལ་བརྟག་དཔྱད་ཞིབ་མོ་བཏང་ནས་དེའི་དགེ་སྐྱོན་ནམ་ཕན་གནོད་ངོས་འཛིན་བྱས་པར་མ་ཟད། ཕན་ཡོན་ལེགས་པར་སྤྱོད་པ་དང་གནོད་པ་བསལ་ཞིང་འདག་པར་བྱེད་པའི་ཐབས་ཀྱང་གང་ལ་གང་འདུལ་དེ་ལ་དེ་སྟོན་བྱས་ནས། མིའི་རིགས་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་མཁའ་དབུགས་དག་གཙང་། ལུས་ཁམས་བདེ་ཐང་བཅས་ཡོད་བར་བརྩོན་པ་ཧུར་ལེན་པའམ་མཚོན་འདུག

      མདོར་ན། རྣེལ་དྲི་འདུལ་བའི་ཐབས་སུ་བརྗོད་པའི་གནའ་སྒྲུང་དེ་དག་གིས་ཆེད་དུ་སྒྲུང་གི་རྣམ་པ་སྤྱད་ནས་མནོལ་དྲི་སྣ་ཚོགས་ཀྱི་འབྱུང་རྐྱེན་དང་དེ་འདུལ་ཞིང་བསང་པར་བྱེད་པའི་ཐབས་དང་གཉེན་པོ་བསྟན་ཞིང་། བརྗོད་བྱའི་ནང་དོན་དང་ཡི་གེར་འགོད་པའི་དུས་སྔ་ཞིང་ཆོས་ལུགས་གྲུབ་མཐའ་གཞན་དང་ཕྱི་རབས་པའི་བསླད་མ་འདྲེས་པར། དུས་རབས་ཀྱི་ཁྱད་ཆོས་མངོན་པར་གསལ་བས། བོད་ཀྱི་གནའ་རབས་རྩོམ་རིག་དང་ཁྱད་པར་དུ་རྒྱ་གར་རྩོམ་རིག་བོད་ལ་མ་བསྒྱུར་གོང་གི་བོད་རྩོམ་རྣལ་མ་འཆད་ཉན་དང་ཞིབ་འཇུག་བྱེད་པ་ལ་མེད་མི་རུང་པའི་གནའ་སྒྲུང་ཁྱད་པར་ཅན་ཡིན་པ་མགྲིན་པ་གཟེངས་སུ་བསྟོད་ནས་བརྗོད་པ་ཕོད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག