རྒྱ་ཆེན་སྙིང་རྗེ་ནོར་འཛིན་ལྟོ་བ་ལས། །
འཁྲུངས་པའི་རླབས་ཆེན་བྱང་སེམས་འདོད་འབྱུང་ལྗོན། །
སྣ་ཚོགས་ཕར་ཕྱིན་ཡལ་འདབ་ཕྱུག་པོས་གཡོག །
སྐུ་གསུམ་འབྲས་བུ་གཡུར་བ་གཤེན་རྒྱལ་ཞབས། །
གོང་དེའི་འཕྲིན་ལས་ནམ་མཁའི་ཁྱོན་ཡོངས་ལས། །
ལས་ཉོན་སྡོང་ལས་འདུ་འཁྲུགས་ཡལ་འདབ་ཚོགས། །
སྙེམས་པའི་གཉེན་མཆོག་བདུད་རྩི་ཉི་མའི་འོད། །
ཀུན་ནས་སྐྱོང་མཛད་ཞུ་འཁོར་གཤེན་ལ་འདུད། །
ཁྱད་པར་འགྲོ་བའི་འབྱུང་འཁྲུགས་ནད་གཞོམ་ཐབས། །
བདུད་རྩི་སྨན་གྱི་སྦྱོར་བའི་རྒྱུད་སྤེལ་མཛད། །
བྱང་སེམས་འཕགས་མཆོག་དཔྱད་བུ་ཁྲི་ཤེས་ཀྱི། །
བཀའ་དྲིན་རྗེས་སུ་དྲན་ཏེ་ཕྱག་བགྱིའོ། །
འདིར་དགོས་ཆེད་དང་བསྟུན་ཏེ་གསོ་དཔྱད་ཀྱི་ཚུལ་རང་ལུགས་ཀྱི་ཁུངས་ལྡན་ཡིག་ཆ་དང་བསྟུན་ནས་རྟོག་བརྗོད་ཉུང་ངུ་ཞིག་འབྲི་བ་ལ། གསོ་དཔྱད་ཐོག་མར་བྱུང་བའི་ཁུངས། དེ་ལྟར་འབྱུང་བའི་དགོས་ཆེད། དེ་ཇི་ལྟར་རྒྱུད་ལྡན་དུ་བསྐྱང་བའི་ཚུལ་བཅས་གསུམ།
དང་པོ་ལུང་དགོད་པ་ནི། མདོ་དྲི་མེད་གཟི་བརྗིད་ཀྱི་ཕྱྭ་གཤེན་ཐེག་པ་བསྟན་པའི་མདོ་ལས། གཡུང་དྲུང་བོན་ལ་རྒྱ་ཆེ་གྲངས་མང་ཡང་། །མདོ་རུ་བསྡུས་ན་ཐེག་པ་རིམ་དགུར་འདུས། ། ལྟ་བ་ཡས་ཕུབ་སྤྱོད་པ་མས་ཡར་འཛེག །མཐར་ནི་དོན་དམ་ཐིག་ལེ་གཅིག་ལ་བསྡུ། ། ཀུན་གཞི་བྱང་ཆུབ་སེམས་ཀྱི་ཀློང་དུ་ངེས། ། ཞེས་དང་། ། དེ་ཉིད་ལས། ། ཐེག་པ་དང་པོ་ཕྱྭ་གཤེན་འཆད་པར་བྱེད། ། སྐྱོན་ཡོན་པྲ་ལྟས་ལེགས་ཉེས་དང་ཤན་འབྱེད། ། བདེན་རྫུན་ཡོ་དྲང་ཆག་དང་ཚད་ལ་གཞལ། ། ནད་གསོ་འཆི་བསླུ་ཚེ་གཡང་དཔལ་གསུམ་བསྐྱེད། འགྲོ་ལ་ཕན་བདེའི་རིམ་པ་ཤུགས་ཀྱིས་འབྱུང་། ། དར་ཙམ་དེ་ཡང་ཡོན་ཏན་བསམ་ལས་འདས། ། སེམས་ཅན་དགའ་བ་བོན་གྱི་རབ་མ་ཡིན། ། དེ་ཕྱིར་གང་ལ་གང་དགའི་ཕན་ཐོག་བྱ། ། ཞེས་དང་། དེ་ཉིད་ལས། ། ཕྱྭ་གཤེན་ཐེག་པའི་བོན་སྒོ་ལ། སྤྱི་རུ་གཏོ་དཔྱད་གཉིས་ཡིན་ཏེ། སྒོས་སུ་རྣམ་གྲངས་བཞི་རུ་བསྟན། ། པྲ་ལྟས་མོ་དང་རྣོ་མཐོང་རྩིས། ། ན་གསོ་གཏོ་དང་འཆི་བསླུ་དཔྱད། ། རྣམ་པ་བཞི་རུ་ཤེས་པར་བྱ། ། ཞེས་དང་། དེ་ཉིད་ལས། མཁས་ཁྱད་ལག་ལེན་ལྡན་པ་ཡི། ། རྒྱུ་རྐྱེན་ཐམས་ཅད་མཐོང་ལ་དཔྱད། ། ནད་ངོས་འཛིན་པ་རྩ་ལ་དཔྱད། ། ཕན་གནོད་ཐམས་ཅད་ཆུ་ལ་དཔྱད། ། འཆི་སོས་ཐམས་ཅད་ཁམས་ལ་དཔྱད། ། དེ་ལྟར་ནད་ངོས་ཟིན་པ་དང་། ། ཚ་གྲང་བད་མཁྲིས་འདུས་པ་ལ། ། བསིལ་དྲོད་སྙོམས་པའི་སྨན་སྦྱར་ནས། ། ཕྱེ་མ་རིལ་ལུ་ངྷེ་གུ་དང་། ། ཐང་དང་བྱུག་དང་སྨན་མར་དང་། ། གང་ལ་གང་སྨན་འགྲོ་བའི་ནད་དང་སྦྱར། ། ཞེས་གསུངས་པ་དང་། སྨན་རྒྱུད་ཐུགས་འབུམ་ལས། སྟོན་པ་གཤེན་རབ་མི་བོ་དེ། ། ནད་གདོན་བར་ཆོད་ཞི་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགསཤིང་། ། བཞུགས་མ་ཐག་ཏུ་ཐུགས་ལས་འོད་ཟེར་གྲངས་མེད་པ་ཕྱོགས་བཅུར་སྤྲོས་པ་དང་། ། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་ཉེས་སྐྱོན་མཐའ་དག་བསལ། མ་རིག་ཉོན་མོངས་ཀྱི་ནད་བཞི་བརྒྱ་རྩ་བཞི་ཞི་བར་བྱས་ནས་འོད་ཟེར་ཚུལ་འདུས་པ་ལས་སྨན་གྱི་ལྷ་བཻདྰུ་རྱ་འོད་ཀྱི་རྒྱལ་པོའི་སྐུ་རུ་བཞུགས་ནས་འདི་སྐད་ཅེས་གསུངས་སོ། ། དཔྱད་བུ་ལ་སོགས་འདུས་པའི་འཁོར་རྣམས་ཉོན། མི་ན་བར་གནས་པར་འདོད་པ་དང་། ན་བ་གསོ་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་འདི་ལ་བསླབ་པར་བྱའོ། ། ཚེ་རིང་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་འདི་ལ་བསླབ་པར་བྱའོ། ། ཞེས་སོགས་གསུངས་པ་དང་། མཛད་མདོ་འབྲིང་པོ་གཟེར་མིག་ལས། འཁོར་བའི་སེམས་ཅན་རྣམས་ལ། འཕྲལ་གྱི་བར་ཆོད་གཉིས་ཡོད་དེ། ། བགེགས་ཀྱིས་བར་དུ་གཅོད་པ་རྣམས་ལ་གཏོས་ཕན་ནོ། ། གཏོ་ལ་འབུམ་སྡེ་གོང་དུ་སྨོས་པས། ། གཏོ་བུ་འབུམ་སངས་ཤེས་རིག་བློ་ལ་བསྟན་པའོ། ། དཔྱད་ལ་ཁྲི་སྡེ་དཔྱད་བུ་ཁྱོད་ལ་བསྟན། ། ནད་ཀྱི་བར་དུ་གཅོད་པའི་སེམས་ཅན་ལ། ། མ་ཡེངས་བརྩོན་པར་དཔྱད་བུ་ཁྱོད་ཀྱིས་གྱིས། ། ལས་ཀྱིས་འཆད་ན་གཏོ་དཔྱད་བུ་ཁྱོད་གཉིས་ཀ་རྡུག། ཅེས་གསུངས་པའི་ལུང་འདི་རྣམས་ལ་གཞི་བཅོལ་ཁུངས་དྲངས་ནས་བདུད་རྩི་གསོ་བ་རིག་པའི་ཁུངས་མདོ་བསྡུས་ཙམ་མོ། །
གཉིས་པ་གསོ་དཔྱད་འབྱུང་བའི་དགོད་ཆེད་ནི། མདོ་གཟེར་མིག་ལས། ནད་ཅེས་བྱ་བ་དངོས་པོ་ཁ་དོག་གཅིག་ཏུ་མ་ངེས་སོ། ། རྒྱུ་ནི་གཏི་མུག་མ་རིག་པ་ཉིད་གཅིག་ལས་མེད། ། དེ་ཡིས་ཁམས་གསུམ་འཁོར་བའི་ནད་ཀྱི་རྒྱུ། ། དེ་ལས་གྱེས་པ་ཚ་གྲང་རྣམ་པ་གཉིས། ཚ་བ་ཡི་རྒྱུ་ལ་གྲང་བ་ཕ་ཡི་རྐྱེན། ། དེ་ལས་གྱེས་པ་འདུ་བ་རྣམ་པ་བཞི། ། རླུང་དང་བན་ཀན་མཁྲིས་པ་ཁྲག་དང་བཞི། ། འབྱུང་བ་ཆེན་པོ་བཞི་ཡི་རྒྱུ་ལས་སྐྱེས་པ་ཡིན། ། རྐྱེན་ནི་རྣམ་ཤེས་འཕྱན་པས་བསྡུས་པས་གཟུགས་ཀྱི་ཕུང་པོར་སྨིན། ། དེ་ལས་གྱེས་པ་བཞི་བརྒྱ་རྩ་བཞིའོ། ། ཞེས་དང་། ཡང་དེ་ཉིད་ལས། ནད་བཞི་བརྒྱ་རྩ་བཞི་བསྡུས་ན་འདུ་བ་རྣམ་བཞིའོ། ། འདུ་བ་རྣམ་བཞི་བསྡུས་ན་ཚ་གྲང་རྣམ་གཉིས་སོ། ཚ་གྲང་རྣམས་བསྡུས་ན་ལྷན་ཅིག་སྐྱེས་པའི་མི་རིག་པའོ། ། མ་རིག་པ་ནི་ཁམས་གསུམ་འཁོར་བའི་ནད་ཀྱི་རྒྱུ་ཉིད་ཡིན། རིག་པའི་ཡེ་ཤེས་ཤར་ན་ནད་དང་། ། གཏན་དུ་བྲལ་བའོ། ། ནད་ཀྱི་གཉེན་པོ་དཔྱད་ཀྱི་སྦྱོར་སྡེབས་བསྟན་པ་ལ། ། ཚ་བའི་ནད་ལ་བསིལ་བའི་སྨན་རྣམས་བཏང་ན་སོས་པར་འགྱུར། ། གྲང་བའི་ནད་ལ་དྲོད་ཀྱི་སྨན་རྣམས་བཏང་ན་སོས་པར་འགྱུར། ། ཞེས་པ་སོགས་ཞིབ་པར་གསུངས། ། མཛད་མདོ་དྲི་མེད་གཟི་བརྗིད་ལས། བཞི་པ་དཔྱད་ཀྱིས་འཚོ་བ་ལས། ། འགྲོ་དྲུག་སེམས་ཅན་མ་རིག་པའི། ། ཉོན་མོངས་ནད་ཀྱིས་གདུང་བ་ལ། ། ནད་ལ་དཔྱད་ཀྱིས་ཕན་པའི་ཕྱིར། ། ཞེས་དང་། དེ་ལྟར་ནད་ངོ་ཟིན་པ་དང་། ། ཚ་གྲང་བད་མཁྲིས་འདུས་པ་ལ། བསིལ་དྲོད་སྙོམས་པའི་སྨན་སྦྱར་ནས། ། ཕྱེ་མ་རི་ལུ་རྡེ་གུ་དང་། ། ཐང་དག་བྱུག་དང་སྨན་མར་དང་། ། གང་ལ་གང་སྨན་འགྲོ་བའི་ནད་དང་སྦྱར། ། ཞེས་གསུངས། ཐུགས་འབུམ་ལས། མ་རིག་ཉོན་མོངས་ཀྱི་ནད་བཞི་བརྒྱ་རྩ་བཞི་ཞི་བར་བྱས་ནས། ཞེས་གསུངས་པའི་ཕྱིར།
གསུམ་པ་དེ་ཇི་ལྟར་རྒྱུན་ལྡན་དུ་བསྐྱངས་པའི་ཚུལ་ལ། བརྒྱུད་རིམ་བྱུང་ཚུལ་དང་། ལག་ལེན་བསྐྱབ་ཚུལ་གཉིས། དང་པོ་ནི། གཟིར་མིག་ལས། སྟོན་པའི་ཞལ་ནས་གསུངས་པའི་དཔྱད་ཀྱི་ལུང་འདི་ལ། དཔྱད་བུ་ལ་སོགས་ཉན་པའི་འཁོར་རྣམས་ཀུན། ཞེས་དང་། ཐུགས་འབུམ་ལས། སྟོན་པས་བཀའ་རྩལ་པ། དཔྱད་བུ་ལ་སོགས་འདུས་པའི་འཁོར་རྣམས་ཉོན། ། བདུད་བརྩི་བང་མཛོད་འབུམ་བཞིའི་མདོ་སྡེ་ལས། ། ཞེས་དང་། བརྒྱུད་ཚུལ་འབུམ་འདིར་གསལ་བ་ལྟར། ། དཔྱད་བུས་རྟག་གཟིག་པ་དམུ་ཙ་ཏྲ་ཧེ་ལ་བཤད། ། དེས་གསེར་ཐོག་ལྕེ་འབྱམས་ལ་བཤད། ། དེས་སྟོང་རྒྱུང་མཐུ་ཆེན་ལ་བརྒྱུད། ། དེར་བན་ངྷེ་མི་བདུན་གྱིས་ཆོས་སུ་བསྒྱུར་སྐབས། དཔེ་ཆ་མེ་ལ་བསྲེག་པའི་གྲབ་བྱས་དུས། བོན་པོ་མི་བདུན་གྱིས་ཁྱེར་ནས་གཙང་སྟོད་བྱེ་མ་གཡུང་དྲུང་གསང་ཕུག་ཏུ་སྦས། གཞུང་འདི་རྣམས་ནས་གཙང་སྟོད་བྱེ་མ་གཡུང་དྲུང་གསང་ཕུག་ཏུ་སྦས་ཞེས་པའི་ས་གནས་དེ་སྐྲག་ལ་ཡི་ནུབ་ཀྱི་རྒྱབ་ཏུ། སྤོས་དྲི་ངད་ལྡན་གྱི་བྲག་ཟུར་དུ་བྲག་ཕུག་ཟང་ཐལ་གནམ་སྐས་ཅན་ཞིག་ཡོད་པའི་ས་གནས་དེ་ལ་སྣ་རུ་བྲག་གནམ་སྐས་ཅན་ཞེས་དང་། སྣང་རུ་བྲག་གནམ་སྐས་ཅན་ཞེས་པ་སོགས་ཡིག་གཟུགས་འདྲ་མིན་འདུག་ཀྱང་། གང་ལྟར་དེ་སྨན་གཞུང་འདི་རྣམས་ཀྱི་གཏེར་གནས་དང་། གནའ་དུས་མིང་ཡང་འདི་ལྟར་ཡིན་ནམ་སྙམ་ནས་བརྟག་དཔྱད་བྱེད་པའི་གཞི་རུ་བཞག་ཡོད། ཕྱིས་དུས་ལ་བབས་ཙམ་ན་གཙང་གི་གཤེན་པོ་བུ་འཚོ་སྲིད་པའི་རྒྱལ་པོ་ཞེས་པས་གཏེར་ཞལ་ཕྱེས་ནས། རྨེའུ་མཁས་པ་དཔལ་ཆེན་ལ་སྤེལ་བའོ། ། ཞེས་པ་ཙམ་ལས་བརྒྱུད་རིམ་འདི་ཡི་ཚུལ་ལ་ཞིབ་གསལ་གྱི་རིམ་པ་ཡིད་ཆེས་རྙེད་པ་དཀའ་འདུག་ཀྱང་། སྤྱིར་བརྒྱུད་ཚུལ་འདི་ལྟར་ཡོད་སྲིད་ཀྱང་གཏེར་སྟོན་གྱི་མཚན་དང་། བོན་པོ་མི་བདུན་པ་སོགས་གང་ལྟར་བརྟག་གཞི་བྱེད་སའི་གནས་ཆེ་ཤོས། ཨ་མ་ཡ་ལས་བདུད་རྩི་ཕུད་བུམ་དགུ་པའམ་༼ཕམ་བུམ་དགུ་པ༽ཞེས་པའི་སྒྲུབ་པ་འདི་ཡི་བརྒྱུད་རིམ་དུ་གསལ་བ་ལྟར། གཞུང་འདི་ཡི་གཏེར་སྟོན་གྱི་མཚན་དང་། བརྒྱུད་ཚུལ་གཏེར་གནས་བཅས་ལ་བརྟག་ན་སྨན་གྱི་འབུམ་བཞི་དང་ཨ་མ་ར་ཡ་གཉིས་གཏེར་སྟོན་གཏེར་གནས་སོགས་གཅིག་ཏུ་འདུག་མིན་དཔྱད་གཞི་གལ་ཆེན་ཞིག་ཏུ་མཐོང་ནས་གཞུང་ཚིག་དང་བརྒྱུད་རིམ་རྣམས་དཔེ་བཤུས་ཏེ་བཀོད་པ་ཡིན་ཨ་མ་ར་ཡི་གཞུང་ལས། དེ་ནི་སྲིད་པའི་བོན་པའི་པོ་སྟག་ཝེར་གཉིས་ཀྱིས། རྟ་སྒོ་ཤེལ་གྱི་གསང་ཕུག་ཏུ། གཡུང་དྲུང་མི་འགྱུར་རྟགས་ཀྱིས་བསྒྲུབས་པའོ། ། དེ་ནས་ཞང་ཞུང་མཁས་པ་ཉི་ཤུ་རྩ་གསུམ་གྱིས། བྱེ་མ་མི་འགྱུར་གཡུང་དྲུང་ཚལ་དུ་བསྒྲུབ་པའོ། དེ་ནས་གསང་བ་རབ་འབྱམས་དང་། མན་ངག་ཀུན་འདུས་ཀྱི་རྒྱལ་པོ་དང་གཡུང་དྲུང་སྙིང་པོ་གཉིས་ཀྱིས། སྤང་རི་ཕལ་པོ་རྩེ་ཡི་འགུལ་དུ་བསྒྲུབས་སོ། དེ་ནས་ཁུ་མོང་ཆོས་རྗེ་ལྷ་ལོད་མར་བཞེད་ཟླ་བརྩན་དང་། མང་སྒྲ་ལེགས་མོ་དང་། ཤུ་གེ་དཔལ་གྱི་གཡུང་དྲུང་དང་བཞིས། སྲམ་གྱི་བྱེའུ་གླིང་། ཤེལ་མུར་བྲག་མཁན་ཁའི་བྲག་ཟང་ཟང་མོ་ལ་བསྒྲུབས་སོ། །དེ་ནས་མཁུན་བཙུན་སྲིད་པའི་རྒྱལ་པོ་ལ་དངོས་གྲུབ་ཏུ་བབ་ཏེ། གཡུང་དྲུང་ཡང་རྩེའི་བྲག་ལ་བསྒྲུབ་བོ། །ཞེས་དང་། ཨ་མ་ར་ཡའི་གཞུང་གི་མཐར། བདུད་རྩི་གསང་བའི་སྒྲུབ་པ་འདི་ནི། དང་པོ་ཡུམ་སྲས་གཤེན་གསུམ་ལ་རིམ་པར་བརྒྱུད་ནས། དར་ནུབ་ཀྱི་ཆོ་འཕྲུལ་ལས། སྣ་རུ་བྲག་གནམ་སྐས་ཅན་ལ་གཏེར་དུ་སྤས་པ། ཕྱིས་སུ་ཁུ་འཛུ་སྲིད་པའི་རྒྱལ་པོ་དེ་ཉིད་ཀྱིས་གཏེར་ཞལ་ཕྱེས་ནས། ཤཱཀྱ་དཔལ་གྱི་དངོས་གྲུབ་ཏུ་ཐོབ་པ་དེ། གཤེན་དམ་པ་རྒྱལ་ཚབ་ཆེན་པོས་མངའ་བསྙེམ་པའོ། དེས་རིམ་པར་བརྒྱུད་དོ། །ཞེས་གསལ།
བདུད་རྩི་ཕུམ་བུམ་དགུ་པའི་བརྒྱུད་རིམ་ནི།
བོན་སྐུ་ཀུན་ཏུ་བཟང་པོ། དེས་ཡབ་འཕྲུལ་གཤེན་སྣང་ལྡན།
ཡུམ་བཟང་ཟ་རིམ་བཙུན། འཆི་མེད་གཙུག་ཕུད།
གསང་བ་འདུས་པ། རྨ་ལོ་དར་དཔྱང་།
ལྷ་གཤེན་ཡོངས་སུ་དག་པ། རྒྱལ་གཤེན་མི་ལུས་བསམ་ལེགས།
ཀླུ་གྲུབ་ཡེ་ཤེས་སྙིང་པོ། སྣང་བ་མདོག་ཅན།
བོན་མོ་སྟག་ཟ་ལི་ཝེར། ཞང་ཞུང་ཨ་ནུ་འཕྲག་ཐག
ཞང་ཞུང་སད་ནེ་གའུ། ཞང་ཞུང་ཁྱུང་ལྷ་དགྲ་འདུལ།
ཞང་ཞུང་ཨུ་གུ་དགྲ་འདུལ། ཞང་ཞུང་ལྷ་རི་དཀར་པོ།
ཞང་ཞུང་ལ་དཀར་ཆེན་མོ། ཞང་ཞུང་ལི་མུར་ཁོད་ཏང་།
ཞང་ཞུང་ཚ་ལ་རྒྱུང་ནེ། ཞང་ཞུང་ར་རིང་།
ཞང་ཞུང་ཁྱུང་དཀར། ཞང་ཞུང་དམུ་ཚ།
ཞང་ཞུང་སྟོང་རྒྱུང་མཐུ་ཆེན། ཞང་ཞུང་ཨ་པོ་ཆབ་དཀར།
ཞང་ཞུང་གཡུང་དྲུང་རྒྱལ་པོ། ཞང་ཞུང་ཚེ་ཡི་རྒྱལ་པོ།
ཞང་ཞུང་ཚེ་མི་ཀུན་སྣང་། ཞང་ཞུང་དོན་རྟོགས་རྒྱལ་པོ།
ཞང་ཞུང་ཨ་ས་གཙུག་ཕུད། ཞང་ཞུང་ཨ་མདན་ཅིང་།
ཞང་ཞུང་དར་མ་ཧྰ་ཏི། ཞང་ཞུང་ཏ་བ་ཧ་ཏི།
ཞང་ཞུང་མུ་ལ་མ་ནོས། ཞང་ཞུང་དར་ར་ལ་ཧ་ཏི།
རིག་འཛིན་གསང་བ་རབ་འབྱམས། ཀུན་འདུལ་རྒྱལ་པོ།
ཐེག་ཆེན་ཀུན་འདུས། ཀུན་རིག་རྒྱལ་པོ།
གཡུང་དྲུང་སྙིང་པོ། ཁུ་བོན་མང་པོ་རྗེ་ལོང་།
མང་རྗེ་ཟླ་མཚན། ཁུ་གཤེན་ཁུ་མང་དགྲ་ལྷ།
གུ་བསྐྱེད་དཔལ་གྱི་གཡུང་དྲུང་གིས་གཏེར་བདག་ཡེ་ཤེས་དཔལ་མོ་ལ་གཉེར་བཅོལ་ནས་གཏེར་དུ་སྦས་སོ། །
ཕྱིས་དུས་སུ་ཁུ་མཛུ་སྲིད་པའི་རྒྱལ་པོས། སྣ་རུ་བྲག་གནམ་སྐས་ཅན་ནས་སྤྱན་དྲངས་ཏེ། ཤཱཀྱ་དཔལ་ལ་བརྒྱུད་ནས་གཏེར་གྱི་བདག་པོར་སྤྲོད་གསུངས་ནས། གཤེན་དམ་པ་རྒྱལ་ཚབས་རིན་པོ་ཆེར་གཤང་ཁྲི་ཆུང་བཅས་ཚང་མ་ཕུལ་ལོ། །
གཤེན་ཆེན་དེས་གཤེན་ལྷ་རྗེ་ཇོ་བཀྲ་ལ། དེས་གཤེན་སྟོན་ནམ་མཁའ་རྒྱལ་མཚན།
དེས་གཤེན་ཡེ་ཤེས་རྒྱལ་མཚནདེས་གཤེན་སྟོན་བློ་གྲོས་སེང་གེ།
དེས་གཤེན་དཔོན་གསས་ཤེས་རབ་རྒྱལ་མཚན། དེས་གཤེན་འགྲོ་བའི་མགོན་པོ།
དེས་གཤེན་ཀུན་མཁྱེན་ཆེན་པོ་ཡེ་ཤེས་བློ་གྲོས། དེས་གཤེན་ཆེན་པོ་བསོད་རྒྱལ་དཔལ།
དེས་གཤེན་ཆེན་པོ་ཀུན་དགའ་དཔལ་ལྡན། དེས་གཤེན་ཆེན་པོ་རྣམ་དག་དྲི་མེད།
དེས་གཤེན་ཆེན་པོ་དབང་གྲུབ་རྒྱལ་མཚན། དེས་གཤེན་ཆེན་པོ་ཕྱོགས་ལེགས་རྒྱལ་མཚན།
དེས་དམུ་གཤེན་མཆོག་སྤྲུལ་ཉི་མ་རྒྱལ་མཚན། དེས་གཤེན་ཆེན་ནམ་མཁའི་རྒྱལ་མཚན།
དེས་གཤེན་གཡུང་དྲུང་ཉི་མའི་རྒྱལ་པོ། དེས་གཤེན་རྒྱལ་བ་ལྷུན་གྲུབ་དཔལ་བཟང་པོ།
དེས་མཚུངས་མེད་བསྟན་པ་འོད་ཟེར་ལ། དེས་གཤེན་གཙུག་ཕུད་འོད་ཟེར།
དེས་མཁན་པོ་རྣལ་དག་འོད་ཟེར་ལ། དེས་མཁས་གྲུབ་ཚེ་དབང་འོད་ཟེར་ལའོ། །
ཞེས་པའི་བར་གྱི་བརྒྱུད་རིམ་འདུག་པ་ལ་དཔྱད་ནས་འབུམ་བཞིའི་བརྒྱུད་རིམ་དང་ལོ་རྒྱུས་སོགས་ལ་ཞིབ་ཏུ་དཔྱད་པ་བྱེད་པའི་གཞིར་མཐོང་ངོ་། །
གཉིས་པ་ལག་ལེན་བསྐྱང་ཚུལ་ནི། གཟི་བརྗིད་ལས། གཉིས་པ་འཇུག་དང་སྤྱོད་པ་ནི། ཐོག་མར་འཇུག་པའི་རིམ་པ་ལ། སེམས་བསྐྱེད་སྙིང་རྗེས་གཞི་བཟུང་ནས། འགྲོ་ལ་ཕན་པའི་སེམས་ལྡན་ཞིང་། མོ་རྩིས་གཏོ་དཔྱད་གང་བསླབ་ཀྱང་། མཁས་པར་བྱ་ལ་ཤེས་པར་བསླབ། ཅེས་དང་། དེ་ཉིད་ལས། བཞི་བ་དཔྱད་ཀྱིས་འཚོ་བ་ལས། འགྲོ་དྲུག་སེམས་ཅན་མ་རིག་པའི། ཉོན་མོངས་ནད་ཀྱིས་གདུང་བ་ལ། ནད་ལ་དཔྱད་ཀྱིས་ཕན་པའི་ཕྱིར། སྨན་པ་བྱང་ཆུབ་སེམས་ལྡན་གྱིས། ། ཚད་མེད་བཞི་ཡི་སེམས་བསྐྱེད་ནས། ། རྒྱལ་བའི་ཚོགས་ལ་སྐྱབས་སུ་འགྲོ། །དྲིན་ལན་མཆོད་པ་མན་དལ་འབུལ། །སངས་རྒྱས་སྨན་ལྷ་མཆེད་བརྒྱད་དང་། །བཻདྰུ་རྱ་འོད་རྒྱལ་པོ་མཆོད། །མཁས་ཁྱད་ལག་ལེན་ལྡན་པ་ཡིས། །རྒྱུ་རྐྱེན་ཐམས་ཅད་མཐོང་ལ་དཔྱད། ། ཅེས་གསུངས་པ་ལྟར་སྨན་པ་གང་གིས་དང་པོ་སྦྱང་བརྡར་ནན་ཏན་དགོས་པ་དང་། དེ་རྗེས་རྒྱུ་ནོར་གཏམ་མི་རེ་བ་སྐངས་སུ་བབས་པའི་ནད་པ་ལ་དམིགས་ཏེ། དེ་ལ་སྡུག་བསྔལ་དང་འབྲལ་བར་འདོད་པའི་སྙིང་རྗེས་ངེས་པར་ཟིན་པ་ཞིག་དགོས་ཡིན། དེ་ལྟ་ཚུལ་བཞིན་དུ་སྦྱངས་པ་མ་སོང་བར་ཚོད་མདའ་བྱས་པ་ཡིན་ན། གཟི་བརྗིད་ལས། གལ་ཏེ་ཐབས་མཁས་ལག་ལེན་དང་། གོམས་འདྲིས་ག་དར་མ་སོང་ན། སྨན་དུ་མི་འགྲོ་དུག་ཏུ་འགྲོ། ནད་པ་མི་སོས་འཆི་ཡུན་ཐུང་། དེ་ཕྱིར་ཐབས་མཁས་ལག་ལེན་གཅེས། ། དེ་ལྟར་མོ་རྩིས་གཏོ་དཔྱད་བཞི། སྤྱོད་དང་འཇུག་དང་རྟོགས་པ་ཡི། སེམས་ཅན་འགྲོ་ལ་ཕན་པར་བྱ། ཞེས་སོགས་གསུངས་པ་ལྟར་ནན་ཏན་དུ་སྦྱང་བ་དང་། བསྒྲུབ་པར་བྱའོ། ཞེས་པའི་བདུད་རྩི་སྨན་གྱི་འབྱུང་ཁུངས་དང་ཁྱད་པར་དུ་འབུམ་བཞིའི་བརྒྱུད་རིམ་གྱི་རྟོགས་བརྗོད་ཉུང་ངུ་ཞིག་ཁྱུང་པོ་རག་ཤི་སྨན་པ་ཚུལ་ཁྲིམས་སངས་རྒྱས་ཀྱིས་གསོ་བ་རིག་པའི་ཕྱག་ལེན་འགྲོ་བའི་ཁམས་ལ་རྒྱུན་ལྡན་དུ་གནས་པ་ནི། འཆད་ཉན་ལ་རགས་ལས་པ་དང་། དེ་ཡང་མཐུན་བརྐྱེན་འཛོམས་ཞིང་འགལ་རྐྱེན་ལས་གཡོལ་བའི་ཐབས་ལ་རགས་ལས་པ་སོགས་གལ་ཆེ་བའི་སྒོ་དུ་མ་ལ་དམིགས་ཏེ། གསོ་རིག་གི་མཆད་སྲོལ་བཙུགས་པ་དང་། དཔེ་རྒྱུན་པར་བསྐྲུན་བྱ་བ་སོགས་ཀྱི་ཕན་བདེའི་གཞི་རྩ་རྒྱ་ཆེ་བ་ཞིག་ཡུལ་བྱོལ་གྱི་གནས་སྐབས་རབ་བྱུང་བཅུ་བདུན་པའི་ནང་དུ་ལོ་མང་རིང་ཐུགས་ཁུར་ཆེན་པོ་བཞེས་ཚེ། ཇི་ལྟར་བསྐུལ་བ་བཞིན་མེ་གླང་ལོ་ཡི་མཇུག་ཏུ་བསྟན་འཛིན་རྣམས་དག་གིས་ཁྲི་བརྟན་ནོར་བུའི་རྩེར་བྲིས་པའོ། །