ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> དཔྱད་རྩོམ། >> བོད་ཀྱི་ནང་པའི་སྐོར་ལ་རགས་ཙམ་དཔྱད་པ།
བོད་ཀྱི་ནང་པའི་སྐོར་ལ་རགས་ཙམ་དཔྱད་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། མང་སྤྲུལ་དགེ་བཤེས་བསོད་ནམས་གཡུང་དྲུང་།] [ཟླ་ཚེས། 10-07-05] [ཀློག་གྲངས། ]

         སྤྱིར་ཕྱི་ནང་གི་གྲུབ་མཐའི་སྐོར་ལ་རྩོད་པ་ཆེན་པོ་ཞིག་སྔོན་ཙམ་ནས་ཡོད་པའི་རྐྱེན་གྱི་གཙོ་བོ་ནི་བདག་འཛིན་མ་རིག་པའི་དབང་གིས་ཆགས་སྡང་ཞིག་མངོན་དུ་གྱུར་ཏེ་དེས་རང་ལྟ་ལ་མཆོག་འཛིན་དང་གཞན་ལྟ་ལ་དམན་པར་བལྟས་ཏེ་སྒྲོ་སྐུར་གྱི་བཤད་ཡམ་ཆེས་ཆེར་དར་ཁྱབ་བྱུང་བས་ཕན་ཚུན་གྱི་རྩོད་གླེང་དེ་བྱུང་། དེ་ཡང་སྤྱིར་མི་དང་སྒོས་སུ་བོད་མི་རྣམས་ལ་ཕྲག་དོག་གི་གཞི་རྩ་དབྱར་སའི་རླན་ལྟ་བུ་ཞིག་ཡོད་ཁར་ཕྱོགས་ཞེན་གྱི་ཆར་རླུང་གཡོས་ཏེ་ཞི་བདེའི་སྐམ་ས་རྩ་མེད་འགྲོ་བའི་རྒྱུ་རྐྱེན་མི་འདོད་ཐོག་བབ་དུ་ཡོད་བཞིན་ཡོད་རེད། རྐྱེན་ངན་དེ་དག་འགོག་ཆེད་དུ་རང་རེ་བོད་མི་རྣམས་ལ་ཟབ་གླིང་གཡུང་དྲུང་གི་བོན་རང་དང་དམ་པའི་ཆོས་རྒྱུད་ཁག་བཞི་སོགས་ལ་རང་མོས་ཀྱིས་སྤྱོད་སྐལ་དང་ལྡན་པ་དེ་ནི་སྔོན་བསོད་ནམས་ཀྱི་བཟང་བསགས་པའི་བདེ་འབྲས་ཀྱི་ལྗང་བུ་ཡིན་པ་ངོ་ཤེས་ཐོག་རང་རང་གི་གྲུབ་མཐའ་གང་ཡིན་གྱི་སྤང་བླང་གི་གནད་ལ་ལེགས་པར་བསླབ་ཅིང་གཞན་ལ་སྒྲོ་སྐུར་མེད་པར་བཞུགས་རྒྱུ་ནི། དལ་རྟེན་བཟང་པོ་ཆུད་ཟོས་སུ་མ་སོང་བར་དགོས་གལ་ཆེ་ཡང་། དེ་ལས་ལྡོག་སྟེ་རང་ཅག་བོད་མི་ཕལ་ཆེ་བ་ལ་རང་བསྟོད་གཞན་སྨད་དང་། གྲུབ་མཐའ་ཆོས་བརྒྱུད་གཞན་ལ་སྐུར་འདེབས་དང་སྒྲོ་བཏགས་བྱེད་རྒྱུའི་སྲོལ་ངན་དེ་མཐོ་དམན་ཕལ་ཆེར་ལ་ཡོད་པ་ཟུར་བལྟས་ལེབ་མཐོང་གི་དཔེ་ལྟར་ཡིན་པ་ད་ཡོད་ཀྱི་བསྟན་འབྱུང་དང་དེབ་ཐེར་ཁག་མང་ཆེ་བར་གསལ་བ་མིག་མཐོང་ལག་ཟིན་མངོན་སུམ་གྱི་ཡུལ་དུ་གྱུར་བ་ཁོ་བོས་གསལ་བཤད་དགོས་དོན་ཅི་ཡོད། དེ་ནི་སྡིག་བསགས་རང་ཁུར་དང་རང་ཐོག་ས་སྤུངས་ལྟ་བུའི་ལས་ངལ་འབྲས་ལྕིའི་བྱ་བ་དེའི་རིགས་མཆིལ་མའི་ཐལ་བ་བཞིན་དུ་དོར་ཏེ་དུས་རབས་གསར་བའི་ནང་ལ་ཀླད་པ་གསར་པ་བེད་སྤྱོད་ཀྱི་ཐོག་གོམ་པ་གསར་པ་ཞིག་སྤོ་ཐུབ་པ་གཅིག་གྱུར་བྱུང་ན་ཤ་རུས་དང་སྐད་རིགས་གཅིག་པའི་བོད་མི་ནང་ཁུལ་ལ་མཐུན་འབྲེལ་གྱི་གཞི་རྩ་བརྟན་པོ་ཞིག་ཚུགས་ཐུབ་པ་གདོན་མི་ཟ་བས་སྙིང་ཉེའི་བོད་རིགས་གཞོན་སྐྱེས་རྣམས་ལ་ཁོ་བོས་དེ་དོན་སྙིང་ནས་འབོད་སྐུལ་ཞུ་གི་ཡོད།

ཁྱད་མེད་བོད་ཀྱི་གཅེས་ནོར་ཆོས་ལུགས་ལྔ། །
ཕྱོགས་མེད་སྒོ་གསུམ་དད་པས་བཀུར་གྱུར་ན། །
ཟད་མེད་བསོད་ནམས་ཚོགས་ཀྱི་རྒྱུ་བསགས་ཏེ། །
བླ་མེད་འབྲས་བཟང་ཐོབ་པ་དངོས་པོའི་གཤིས། །    ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

          རྩ་བའི་བརྗོད་བྱ་ནང་པའི་སྐོར་ལ། བཤད་སྲོལ་དང་མཐོང་ཚུལ་འདྲ་མིན་ཅི་རིགས་ཡོད་ཀྱང་། སྤྱིར་གྲུབ་མཐའ་སོ་སོའི་འདོད་གཞུང་མཐའ་ཡས་པའི་ནང་ནས། ཡོངས་གྲགས་ཕྱི་རོལ་པ་དང་ནང་པ་གཉིས་སུ་འདུས་ཤིང་། དེ་ཡང་ཕྱི་རོལ་པ་ནི། རྫོགས་པའི་སངས་རྒྱས་ཀྱི་བསྟན་པའི་ཕྱི་རོལ་དུ་གྱུར་པའི་གྲུབ་མཐའ་ལ་ཞུགས་ཏེ་ལོགས་ལྟའི་དབང་གིས་ངན་སོང་གི་མུ་རུ་སྟེགས་པའི་ལས་སྤྱོད་ལ་བརྩོན་པས་ན་ཕྱི་རོལ་མུ་སྟེགས་པ་ཞེས་བརྗོད་པ་དང་། དེ་ལ་རྟག་ཆད་གཉིས་སོགས་ཀྱི་དབྱེ་ཚུལ་དུ་མར་ཡོད་ཀྱང་འདིར་བཤད་པའི་དགོས་པ་མ་མཐོང་། ནང་པ་ནི་དེ་ལས་ལྡོག་སྟེ་ནང་སེམས་རྒྱུད་ཀྱི་ཉོན་མོངས་དང་ཟག་པ་སོགས་འདུལ་བའི་གཉེན་པོ་བརྟེན་པ་གཙོ་བྱེད་པའི་ཆ་ནས་ནང་། དེ་ལ་བདག་སྒྲ་སྦྱར་པས་ནང་ལ་ཞེས་བྱ་ལ། གཞན་ཡང་མཆོག་གསུམ་སྐྱབས་གནས་སུ་འཛིན་ཞིང་བཀའ་རྟགས་ཕྱག་རྒྱའི་མདོ་བཞི་སོགས་ཁས་ལེན་པའི་རྒྱུ་མཚན་གྱིས་ཡིན་པ་རང་གཞན་གྱི་མཁས་གྲུབ་ཕལ་ཆེར་གྱི་དགོངས་པ་གཅིག་གྱུར་ལྟ་བུ་ཆགས་ཡོད། ཡིན་ནའང་གང་ཟག་རེ་ཟུང་གིས་གཟིགས་ཚུལ་ལ་ནང་པ་ཡིན་ན་སངས་རྒྱས་བཅོལ་ལྡན་འདས་དང་དེའི་རྗེས་འཛིན་གྱི་པན་གྲུབ་རྣམས་ཀྱིས་གསུང་པའི་ཆོས་ལ་སྤྱོད་མཁན་ཁོ་ན་ལས་གཞན་པའི་ནང་པ་མེད་པའི་གསུང་སྒྲོས་གཅིན་ཕྱོགས་ཕན་འགར་གྲགས་བཞིན་ཡོད་པ་དེ་ལ་བརྟེན་ནས་ཕྱི་ནང་གི་གཞོན་སྐྱེས་མཚར་ལོང་ཅན་རྣམས་ཀྱི་བློ་མིག་ཟུམ་པའི་རྒྱུ་རྐྱེན་དུ་འགྲོ་བར་མཐོང་སྟེ། ལྷག་བསམ་གྱི་ཀུན་ནས་བསླངས་ཏེ་དེ་དོན་ལ་འགྲེལ་བཤད་ཕྲན་བུ་ཞིག་བྱུང་ན་དགོས་པར་མཐོང་ནས་ཁོ་བོས་བསམ་འཆར་ཞིག་ཞུ་འདོད་བྱུང་བ་འདི་མཐོང་ཚེ་གང་ཟག་རེ་འགའ་ལ་ཚོར་སྣང་མ་བདེ་བའི་རྐྱེན་གྱིས་ཐུགས་ཟུར་དང་སྤྱན་ཟུར་ཕོག་སྟེ་དགོངས་འགལ་མི་འགྲོ་བ་མི་སྲིད་པས་དེ་ལ་གུས་པས་སྔོན་ནས་གུ་ཡོངས་ངོས་བཟོད་གསན་གནང་རྒྱུའི་རེ་བ་ཞུ་གི་ཡོད། དེ་ཡང་བོད་ཀྱི་ནང་པ་ལ་རིགས་གཉིས་སུ་ཕྱེ་དགོས་པར་སེམས་ཏེ། དཔེར་ན་མི་ཡིན་པ་གང་ཞིག་ལ་ཕ་མ་གཉིས་ཀའམ་དེ་གང་རུང་བོད་པ་ཡིན་ཁར་བོད་ཀྱི་སྐད་ཡིག་ལ་སྤྱོད་པའི་གང་ཟག་ལ་བོད་པ་ཞེས་བརྗོད་པ་དང་། དེ་བཞིན་ཕ་མ་སོགས་གོང་མཚུངས་རྒྱ་གར་བ་ཡིན་ཐོག་རྒྱ་གར་གྱི་སྐད་ཡིག་ལ་ལོངས་སྤྱོད་པའི་གང་ཟག་ལ་རྒྱ་གར་བ་ཞེས་བརྗོད་པའི་བརྗོད་དོན་གཙོ་བ་དེ་ལྟར་ཡིན་པ་བཞིན། སྟོན་པ་གཤེན་རབ་ཀྱི་རྗེས་འཛིན་དང་དེའི་བསྟན་པ་ལ་སྤྱོད་མཁན་རྣམས་ལ་ནང་པ་བཤེན་རབ་པ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་སུ་འཛིན་ཞིང་དེའི་བསྟན་པ་ལ་སྤྱོད་པ་རྣམས་ལ་ནང་པ་སངས་རྒྱས་པ་ཞེས་ཐ་སྙད་བཏགས་ཤིང་དེ་ལྟར་ཁས་བླངས་པ་ཡིན་ན་འགལ་འདུའི་སྐྱོན་གང་ཡང་མེད་ཅིང་བོད་ཀྱི་རྒྱལ་རབས་ཐོག་མའི་དུས་ནས་བོད་ལ་ནང་པའི་བསྟན་པ་ཡོད་པར་སྟོན་ཞིང་བོད་རྒྱལ་ཁབ་ཀྱི་ཆེ་བ་འདོན་པའི་རྒྱུ་ཅི་ཕྱིར་མི་འགྲོ ། གོང་གི་དཔེ་ལྟར་རྒྱ་གར་བ་དང་བོད་པ་གཉིས་གཅིག་ཤོས་མི་མ་རེད་ཅེས་བརྗོད་ན་དེ་ནི་སེམས་ལས་སུ་མ་རུང་བའི་མི་ཞིག་ལས་ཤེས་པ་རང་བཞིན་དུ་གནས་པའི་འགྲོ་བར་སུས་ཀྱང་ངོས་འཛིན་བྱེད་མི་ནུས་སོ། ། དེས་ན་གཡུང་དྲུང་གི་བོན་རིན་པོ་ཆེ་ལ་ཚུལ་བཞིན་སྤྱོད་པའི་གང་ཟག་རྣམས་ནང་པ་ཡིན་པར་ཚད་མ་གསུམ་གྱིས་གྲུབ་སྟེ། དང་པོ་ལ། བཀའ་ཚད་མ་ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་༼ཤོག་གྲངས་༡༦༽ལས། ནང་གཤེན་རབ་ཐེག་པ་བསྡུས་ན་གཉིས། རྒྱུ་དང་འབྲས་བུ་གཉིས་སུ་བཤད་པ་ཡིན། ཞེས་གསུང་པས་གྲུབ་ལ། ༈གཉིས་པ་ནི་རང་གཞན་གྱི་མཁས་པ་གྲུབ་མཐའི་ཕྱོགས་ཞེན་གྱི་མིག་སྐྱོན་དང་བྲལ་ཞིང་ཕྱོགས་ཀུན་གཟིགས་པའི་སྤྱན་དཀྱུས་ཡངས་པའི་སྐྱེས་བུ་རྣམས་ཀྱི་ལྗགས་རྩོམ་དུ་མར་བོན་མང་པར་གཏོགས་པའི་སྒྲུབ་བྱེད་ཀྱི་ལུང་ཡོད་དེ། སུམ་བརྒྱ་པ་ལས། སྐྱབས་གནས་སྟོན་པ་ལྟ་སྤྱོད་འབྲས་བུ་ཡིས། ཕྱི་རོལ་ནང་པའི་ཁྱད་པར་འབྱེད་པར་བྱེད། ཅེས་དང་། ལམ་རིམ་ལས། ཕྱི་རོལ་ནང་པའི་ཁྱད་པར་སྐྱབས་འགྲོས་བྱེད་ཅེས་གསུང་ཞིང་། དེ་བཞིན་ཆོས་ཕྱོགས་ནས་ཀྱང་ལུང་མང་དག་ཞིག་ཡོད་དེ། པད་མ་བཀའ་ཐང་ལས། བོན་དང་ཆོས་གཉིས་བོན་སྔ་བས། ཆོས་ཀྱི་འབྱུང་ཁུངས་བོན་ལ་ཐུག ཆོས་པས་བོན་གཤེ་དམ་ཚིག་ཉམས། རྐྱེན་དེས་རང་བསྟན་རང་གིས་གཤིགས། ཞེས་དང་། ཡང་མཁའ་འགྲོའི་རྣམ་ཐར་༼ཤོག་གྲངས་༡༢༽ལས། ལྷ་དཀོན་མཆོག་གསུམ་དངཿ ཆོས་ཡི་གེ་དྲུག་མཿ སྐུ་ཐུགས་རྗེ་ཆེན་པོས་བོད་ཁམས་རྒྱ་ནག་ཡན་ཁྱབཿ བོན་ནང་པ་དང་ཆོས་གཉིས་ཀ་དརཿའདིའི་སྐབས་བོན་ཆོས་རིས་མེད་པསཿ བསྐོར་པ་སོགས་གཡས་སྐོར་བ་ཕྱག་རྒྱ་ཆེན་པོཿ གཡོན་བསྐོར་བ་རྫོགས་པ་ཆེན་པོཿ ཕྱག་འཚལ་བ་དབུ་མ་ཆེན་པོཿ ཞེས་གླེང་ནས་ཁྱད་མེད་དུ་འབད་དོ། ། ཞེས་དང་། འབྲུག་པ་ཀུན་ལེགས་ཀྱི་ཞལ་ནས། གཤེན་ལྷ་འོད་དཀར་སྤྱན་རས་གཟིགས་དབང་ཡིན། གཙང་མའི་བོན་དང་ཆོས་ལ་ཁྱད་པར་མེད་ཅེས་དང་། གྲུབ་མཐའ་རིན་ཆེན་ཕྲིང་བ་ལས། ཕྱི་པ་ནང་པ་ཙམ་གྱི་ཁྱད་པར་ཡོད་དེ། སྙིང་ཐག་པ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གང་ཟག་དེ་ནང་པ་དང་། དཀོན་མཆོག་གསུམ་ལ་བློ་མི་གཏོད་པར་འཇིག་རྟན་པའི་ལྷ་ལ་སྐྱབས་སུ་འགྲོ་བའི་གང་ཟག་དེ་ཕྱི་རོལ་པ་ཡིན་པའི་ཕྱིར་ཞེས་སོགས་གསུང་པའི་ཕྱིར། ༈གསུམ་པ་ནི་གཡུང་དྲུང་བོན་ལ་ཚུལ་བཞིན་སྤྱོད་པའི་གང་ཟག་རྣམས་བོན་ཅན། ནང་པ་ཡིན་ཏེ། མཆོག་གསུམ་སྐྱབས་གནས་སུ་ཁས་ལེན་པའི་གྲུབ་མཐར་ཞུགས་པའི་གང་ཟག་ཡིན་པའི་ཕྱིར་རམ་སྙིང་ཐག་པ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གང་ཟག་ཡིན་པའི་ཕྱིར་ཞེས་པའི་སྒྲུབ་བྱེད་བཀོད་ན་ཚུལ་གསུམ་མ་གྲུབ་པའི་སྐྱོན་གང་ཡང་མེད་དེ། གོང་བཀོད་ཀྱི་བོད་ཅན་ལ་ནང་པ་ཡིན་མིན་ཤེས་འདོད་ཅན་གྱི་རྒོལ་བ་ནང་པའི་མཚན་མཚོན་གྱི་འབྲེལ་བ་ཤེས་པའི་ངོར། ཕྱོགས་བོན་གྲུབ་སྟེ། ཤེས་འདོད་བོན་ཅན་སྐྱོན་མེད་ལ་ཇི་ལྟར་བཀོད་པ་བཞིན་དུ་ཡོད་ཉིད་དུ་དངོས་སུ་ངེས་པ་ཡིན་ཕྱིར་དང་། རྗེས་ཁྱབ་ཀྱང་གྲུབ་སྟེ། རྟགས་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་ཡོད་པའི་ཕྱིར་ན་ལྡོག་ཁྱབ་དུ་གྲུབ་མིན་ལ་རྩོད་པ་མེད་དོ། ། གཞན་ཡང་གཡུང་དྲུང་བོན་ལ་སྤྱོད་པའི་གང་ཟག་རྣམས་ནང་པར་འཛིན་པའི་བློ་ལ་ཚད་མ་གཞན་གྱིས་བསལ་བྱེད་མེད་པ་བོན་གྱི་གཞུང་ལུགས་ཁག་ལ་ཞིབ་འཇུག་གི་སྤྱན་རས་ཡངས་པོར་ཕྱེས་ཏེ་གཟིགས་ན་ངེས་ཤེས་ཡང་དག་འདྲེན་ནས་པས་སྤྱན་དཀྱུས་སུ་མ་སོང་བར་གནང་གལ་ཆེ། དེར་མ་ཟད་གྲུབ་མཐའ་རིན་ཆེན་ཕྲེང་བ་ལས་སྙིང་ཐག་པ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གང་ཟག་དེ་ནང་པ་དང་ཞེས་གསུང་འདུག་ན། སྙིང་ཐག་པ་དེ་སྐྱབས་གནས་མཐར་ཐུག་འཁོར་བ་དང་ངན་སོང་གི་འཇིགས་པ་སེལ་པའི་གནས་སུ་འཛིན་པ་ལས་གཞན་གྱི་དོན་གང་ཡོད། ༈དང་པོ་ལྟར་ན། སྐྱབས་འགྲོའི་རྣམ་བཞག་ཤེས་པའི་བོན་པོ་རྣམས་ཀྱིས་དཀོན་མཆོག་གསུམ་ལ་སྐྱབས་ཡུལ་འཛིན་ཚུལ་དེ་ལྟར་བཅོས་མིན་ཡིན་སྐོར་བོན་གྱི་གསུང་རབ་རྣམས་ལ་གཟིགས་ཏེ་རྟོགས་རྒྱུ་ལས་འདིར་ཞིབ་བཤད་དགོས་དོན་མེད་ལ། འཇིག་རྟེན་པའི་ལྷ་ལ་བསྟན་པ་བསྲུང་ཕྱིར་ཙམ་དུ་ཕྱག་སྐྱབས་ཀྱི་ཡུལ་དུ་བྱེད་པ་ནི་ནང་པའི་ཆོས་བརྒྱུད་ཁག་མང་ཆེ་བར་ཡོད་པར་སེམས་པས་དེ་ཙམ་གྱིས་སྐྱབས་འགྲོའི་དོན་མ་ཚང་བར་འཇོག་ན་ནང་པའི་མཚན་གཞི་དཀོན་པར་འགྱུར་ལ། མཆོག་གསུམ་འཇིག་ཚུལ་གྱི་རྩོད་པའི་སྐོར་བོན་སྒོ་སྔོན་མར་སོང་བས་བསྐྱར་ཟློས་དགོས་དོན་མེད་དོ། །

གཡུང་དྲུང་བོན་ལུགས་རྟ་བདུན་དབང་པོའི་འོད། །
ལོག་སྨྲའི་ཆུ་འཛིན་མཐུག་པོས་སྒྲིབ་ལགས་ཀྱང་། །
གཟུར་གནས་དཔྱད་རྩོམ་དྲི་གཞོན་ཤུགས་དྲག་གིས། །
སྤྲིན་བསལ་མཁའ་ནོར་རང་མདངས་ཅི་མི་ཐོན། ། ཞེས་བར་མཚམས་ཀྱི་ཚིག་བཅད་དོ། །

      འོ་ན་སྔོན་འདས་དང་ད་བཞུགས་ཀྱི་མཁས་པ་མང་པོས་བོན་ནང་པ་མིན་ཚུལ་གསུང་པ་མང་བས་དེ་རྣམས་གང་ཡིན་ཞེ་ན། དེ་དག་མིང་དོན་མཐུན་ལ་ཕྱོགས་ཀུན་གཟིགས་པའི་མཁས་གྲུབ་གཤའ་མ་ཡིན་ཚེ་སྒྲོ་སྐུར་སྤང་པ་དམ་པའི་རང་གཤིས་ལགས་ན་གཡུང་དྲུང་བོན་ལ་སྤྱོད་པའི་གང་ཟག་རྣམས་ནང་པ་མིན་སྐོར་གསུང་མེད་པའི་ཡིད་ཆེས་བརྟན་པོ་ཡོད་ལ། གལ་སྲིད་ཚིག་ཙམ་ལ་བོན་ནང་པ་མིན་པར་གསུང་པ་ཡོད་ཀྱང་དེ་དག་ལ་དགོངས་གཞི་དང་དགོས་པ་གཞན་ཞིག་ཡོད་པ་སྨོས་མེད་ཡིན་སྟབས་དེའི་རིགས་ལ་ལྟོས་དེ་བཤད་ན་རི་བོང་ཅལ་འདྲོགས་ཀྱི་དཔེ་ལས་མ་འདས། དེ་ལྟར་མིན་པར། དཔོན་པོའི་གོ་ས་དང་། བླ་མའི་ཁྲི། མཁས་པའི་མིང་ཙམ་འཛིན་ཞིང་ཁ་མཁས་དོན་རྨོངས་ཅན་རྣམས་ཀྱིས་དོན་ལ་གནས་མིན་ལ་མ་ལྟོས་པའི་གསུང་སྒྲོས་འདྲ་མིན་ཅི་རིགས་ཡོད་ཀྱང་། དེ་དག་ལ་ཆ་འཇོག་བྱས་ན་ལོང་བས་ལོང་བ་ཁྲིད་པའི་དཔེ་ལྟར་ལགས་ན་དེའི་རིགས་ལ་ཐུགས་ཟོན་གནང་གལ་ཆེ།
       མཐའ་དོན་དུ་ཐ་སྙད་ཀྱི་བཤད་ཚུལ་འདྲ་མིན་གང་ཡོད་ཀྱང་། ཁོ་བོས་ནི། བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཁག་ལྔ་ཀར་གཞི་ལམ་འབྲས་གསུམ་གཏན་ལ་འབེབ་ཅིང་ཕར་ཕྱིན་བཅུ་ཡི་ཉམས་ལེན་ལ་བརྟེན་ནས་ཚོགས་རྣམ་པ་གཉིས་བསགས། མཐར་ཐུག་བླ་མེད་རྫོགས་པའི་འབྲས་བུ་སྒྲུབ་བྱེད་ཀྱི་ཐབས་ཁྱད་པར་ཅན་ཀུན་ལ་ཡོད་པར་འདོན་མི་ཟ་བའི་ངེས་ཤེས་བཅོས་མིན་ཞིག་རང་རྒྱུད་དུ་ཡོད་ལ། དེ་དང་གིས་ཞེ་ན། སུམ་ལྡན་གྱི་བླ་མ་དམ་པ་རྣམས་ཀྱི་ཞལ་གདམ་ཉུང་མིན་ཐོས་ཤིང་། རྒྱུད་གཞུང་ཁག་ལ་ཕྲན་བུ་བལྟས་ཁུལ་གྱིས་ཡིད་ཆེས་རྗེས་དཔག་ཞེས་པ་སྐྱེ་བའི་རྒྱུ་དེ་ལྟར་ལགས་པས་སོ། ། རྩོམ་ཐུང་འདི་ནི་ཁོ་བོས་ལྷག་བསམ་རྣམ་དག་གིས་ཀུན་ནས་བསླངས་ཁུལ་ཡིན་ཀྱང་རྩོམ་པ་པོ་རང་ཉིད་སྐྱེས་སྦྱོང་གི་ཤེས་རབ་ཆ་ཕྲ་བས་ཚིག་དོན་ལ་ནོར་འཁྲུལ་མང་དག་ཞིག་ཡོད་པར་ངེས་ན། མཁྱེན་ཡངས་མཁས་དབང་རྣམས་ཀྱིས་ཐུགས་ཁྲེལ་དང་དགོངས་ཚོམ་མེད་པར་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་བཀའ་དྲིན་མི་ཆུང་བར་ཞུ།
 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག