ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> དཔྱད་རྩོམ། >> བོད་ཀྱི་གསོ་རིག་གི་གཞུང་ལུགས་ཐོག་མ་གང་ཡིན་ལ་དཔྱད་པ་རགས་ཙམ་བརྗོད་པ།
བོད་ཀྱི་གསོ་རིག་གི་གཞུང་ལུགས་ཐོག་མ་གང་ཡིན་ལ་དཔྱད་པ་རགས་ཙམ་བརྗོད་པ།
[རྩོམ་གྱི་ཡོང་ཁུངས། དྲ་རྒྱ་ལས་བཏུས་པ།] [རྩོམ་པ་པོ། ཐུབ་བསྟན་ཕུན་ཚོགས།] [ཟླ་ཚེས། 10-10-31] [ཀློག་གྲངས། ]

    ང་ཚོས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་སྐབས་སུ་ཐུགས་ཟོན་གནང་དགོས་པའི་དོན་གནད་གལ་ཆེ་ཤོས་ཤིག་ལ། དེང་དུས་བྲིས་པའི་བོད་ཀྱི་ལོ་རྒྱུས་སྐོར་གྱི་དཔྱད་རྩོམ་རྒྱ་བོད་གང་གི་ཡི་གེ་ཡིན་ཡང་། ཕལ་ཆེ་ཤོས་ཀྱིས་སངས་རྒྱས་ཆོས་ལུགས་པའི་མི་སྣ་རྣམས་ཀྱིས་རྩོམ་འབྲི་བྱས་པའི་ཡིག་ཆ་རྙིང་པ་ཁག་དཔྱད་གཞིར་བཟུང་ནས་ཞིབ་འཇུག་བྱས་པ་ལས། གནའ་རབས་བོན་ལུགས་ཀྱི་ཡིག་ཆ་རྙིང་པ་དང་། བོན་ལུགས་མི་སྣས་བྲིས་པའི་ཡིག་ཆའི་སྐོར་སྣང་མེད་དུ་དོར་བཞིན་ཡོད་པ་འདི་ནི། ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་ལྟ་བའི་ཤན་ཞུགས་པ་དེ་གཙང་སེལ་བྱེད་མ་ཐུབ་པའི་སྐྱོན་དུ་སྣང་། བོན་པོ་ཞེས་པ་དང་། སངས་རྒྱས་པ་ཞེས་པ་དེ་ནི་བོད་ཀྱི་ལོ་རྒྱུས་ཀྱི་དུས་རིམ་ནང་དུ། དུས་རབས་མི་འདྲ་བ་གཉིས་སུ་བྱུང་མྱོང་བའི་ཆོས་ལུགས་མི་འདྲ་བ་གཉིས་སམ། ཡུལ་སྲོལ་གོམས་གཤིས་མི་འདྲ་བའི་རིགས་གཉིས་ཡིན་པ་ལས་མི་རིགས་མི་འདྲ་བ་གཉིས་སམ། ཡུལ་གྲུ་མི་འདྲ་བ་གཉིས་མ་ཡིན་པ་ནི་ཀུན་གྱི་མཁྱེན་གསལ་ལྟར་རེད། དེས་ན་གྲུབ་མཐའ་གང་ཞིག་གི་ལོ་རྒྱུས་ཡིན་ཡང་བོད་ཀྱི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཡིན་པས། དེས་བོད་ཀྱི་ལོ་རྒྱུས་ཧྲིལ་པོའི་ཚབ་བྱས་ནས་ཞིབ་འཇུག་བྱེད་མི་རུང་བ་ཤེས་དགོས། 

གཅིག བོད་ཀྱི་གསོ་རིག་གི་གཞུང་ཐོག་མ།

    བོད་འདིར་གསོ་བར་བྱེད་པའི་རིག་པ་ཐོག་མར་བྱུང་བ་ནི། སྟོན་པ་གཤེརན་རབ་མི་བོ་ཆེ་མ་བྱོན་པའི་གོང་དེར་མི་ལོ་ཁྲི་ཕྲག་མང་པོའི་རིང་ལ་བོད་མི་རྣམས་རང་བྱུང་ཁམས་ཀྱི་གནོད་འཚེ་དང་འཐད་རྩོད་ཡུན་རིང་བྱས་ཏེ་རང་གི་ལུས་ཁམས་ལ་ཕན་པར་སྒྲུབ་པའི་ཐབས་ལམ་མང་པོ་ཞིག་ཤེས་ཡོད་པ་ལ། དེའི་ནང་དུ་ནད་གསོ་བའི་རིག་པའང་མི་ཉུང་བ་ཞིག་ཤེས་རྟོགས་བྱུང་ཡོད་པ་ནི་ཆུ་སྐོལ་ཚ་མོས་མ་ཞུ་བའི་ནད་བཅོས་པ་དང་། རྨ་ཁ་ལ་མར་ཁུ་བླུགས་ནས་ཁྲག་གཅོད་པ་སོགས་ཀྱི་རིག་པ་དེ་དག་རེད།

  གཤེན་རབ་མི་བོ་ཆེ་པུ་རངས་སུ་བྱོན་ནས་སྲིད་དང་། གཡུང་དྲུང་བོན་ཆོས་སྐོར་ལ་མཛད་འཕྲིན་མི་དམན་པ་བྱུང་ཡོད་པའི་སྐོར་དང་། བྱོན་པའི་དུས་ཚོད་བཅས་ལ་དཔྱད་པ་ཟུར་དུ་བྲིས་ཡོད་པས་འདིར་བསྐྱར་དུ་མ་སྨོས། བོད་ཀྱི་གསོ་རིག་གི་གཞུང་ལུགས་ཐོག་མ་དེ་བོན་གྱི་སྟོཔ་ན་གཤེར་རབ་ཀྱི་སྐབས་སུ་བྱུང་ཡོད་པ། ཉེ་ལམ་མདོ་ཁམས་ཉག་རོང་ནས་ཐོན་པའི་བོན་གྱི་བཀའ་འགྱུར་དཔེ་རྙིང་ལག་བྲིས་མ་དེ་ལས་གསལ་ཞིང་། དེ་ལས་བྱུང་བའི་དཔྱད་གཞི་ཁག་ལ་བརྟག་ན། སྐབས་དེར་སྟོན་པ་གཤེན་རབ་ཡབ་སྲས་རྣམས་ཀྱིས་ནད་གསོ་བའི་རིག་པ་ལའང་རྒྱ་ཆེ་གཏིང་ཟབ་ཀྱི་སྒོ་ནས་ཞིབ་འཇུག་གནང་སྟེ། སྔར་གྱི་གནའ་མིས་བྱས་པའི་རིག་པའི་རྨང་གཞའི་ཐོག་ཏུ། རང་ཉིད་ཀྱིས་གསར་གཏོད་བྱས་པའི་རྡུལ་་ཕྲན་གྱི་རིག་པ་སྟེ། དངོས་པོ་ཐམས་ཅད་འབྱུང་བ་བཞི་ཡིས་སྐྱད་པར་བྱས་པའི་རིག་པ་ལ་བརྟེན་ནས་ཕྱི་རོལ་ཡུལ་གྱི་དངོས་རྫས་རིགས་མི་འདྲ་བ་ཐམས་ཅད་ཀྱི་ངོ་བོ་དང་། རང་བཞིན། རོ་དང་ནུས་པ་བཅས་ལ་ཞིབ་ཏུ་དཔྱད་ནས་གསོ་བྱེད་སྨན་རྫས་སུ་བེད་སྤྱོད་གནང་བ་དང་། ནང་སེམས་ཅན་གྱི་ལུས་ཁམས་ལ་བརྟག་ནས། ལུས་གནས་བྱེད་ཀྱི་ཟུངས་། འཇིག་བྱེད་ཀྱི་རྒྱུ། དེ་སྐྱེད་བྱེད་ཀྱི་རྐྱེན། རྐྱེན་ཟློག་བྱེད་ཀྱི་ཐབས། ནང་གང་ལ་གང་ཕན་གྱི་སྨན་སོགས་རིག་པ་ཕྲ་ཞིང་ཞིབ་པའི་སྒོ་ནས་ཞིབ་འཇུག་གནང་སྟེ། རང་གི་གདུང་སྲས་དང་དྲང་སྲོང་དཔྱད་བུ་ཁྲི་ཤེས་སོགས་ལ་གདམས་པའི་གསོ་རིག་སྨན་གྱི་གཞུང་ལུགས་ལ་ཡོངས་གྲགས་སུ་མདོ་དགུ་འབུམ་བཞི་ཟེར་བ་བྱུང་ཡོད་ཀྱང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བོན་ཆོས་དང་རིག་གནས་ཐམས་ཅད་མེར་བསྲེག་པ་དང་། ཕྱིར་གཏོར་བ། མཆོད་རྟེན་འོག་ཏུ་མནན་པ། ཁ་བསྒྱུར་བ་སོགས་ཀྱིས་བསུབ་རྐྱང་བྱས་ཏེ། བོན་གཞུང་དངོས་རྣམས་གང་མོས་སུ་ཁྱབ་སྤེལ་བྱེད་མི་ཆོག་པར་ཆབ་སྲིད་ཀྱི་རྒྱས་བཏབ་ནས་བཞག་ཡོད་སྟབས། ས་ཁུལ་ཁུག་ཀྱོག་འགའ་ཞིག་ཏུ་བོན་གྱི་བཀའ་བསྟན་སོགས་རིག་གཞུང་སྐོར་ཅུང་ཟད་ལུས་ཡོད་པ་དེ་དག་དད་པའི་རྟེན་དུ་བཞུགས་པ་ཙམ་ལས། བལྟ་ཀློག་དང་ཞིབ་འཇུག་གི་ཡུལ་དུ་མ་གྱུར་བར་ལོ་གྲངས་བརྒྱ་ཕྲག་མང་པོ་ཞིག་ཕྱིན་པའི་དབང་གིས་དུས་ཕྱིས་སྨན་གཞུང་འདི་དག་གི་དཔེ་མིང་ཙམ་ལས། དཔེ་ཆ་དངོས་པོ་མཐོང་རྒྱུ་དེ་ཧ་ཅང་དཀོན་པོ་ཞིག་ཆགས་ཡོད་པ་རེད། དེར་བརྟེན་བོན་གྱི་རིག་གཞུང་ལ་ཆེད་གཏད་དུ་ཞིབ་འཇུག་གནང་བའི་མཁས་པ་ནམ་མཁའི་ནོར་བུས་ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་ལས། དཔྱད་འབུམ་ཁྲ་བོ་དང་། སྨན་འབུམ་དཀར་ནག་ཅེས་བྱ་བའི་དཔེ་ཆ་དེ་རིགས་ཀྱི་ཁ་བྱང་ཡོད་པ་ཞིག་ད་ལྟའི་དུས་སུ་རང་རེའི་དབང་པོའི་མངོན་སུམ་དུ་འགྱུར་དཀའ་བ་ཞིག་སྟེ། ལོ་གྲངས་སུམ་སྟོང་བརྒྱད་བརྒྱ་ལྷག་པའི་རིང་ལ་དུས་རབས་ཀྱི་འཕོ་འགྱུར་ཇི་སྙེད་ཅིག་བྱུང་མྱོང་ཡོད་པ་དེ་དག་གི་ནང་དུ་དཔེ་རྙིང་མ་དེ་དག་ལའང་འཕོ་འགྱུར་ཅི་རིགས་ཤིག་བྱུང་ཡོད་པ་ནི་སྨོས་མ་དགོས་ལ། དཔེ་གཞུང་དེ་ག་གི་མཚན་བྱང་དངོས་སུ་ཡོད་པ་དེང་དུས་མཐོང་རྒྱུ་མེད་པ་ཙམ་གྱིས་དཔེ་གཞུང་དེ་དག་གི་དོན་སྟོར་བའམ། རྩ་མེད་དུ་ཆགས་པའམ་མི་བསམ་ཏེ། དེང་དུས་བོད་ཡུལ་ལ་ཡོངས་སུ་གྲགས་པའི་སྨན་གཞུང་རྒྱུད་བཞི་སོགས་ཀྱི་འབྱུང་ཁུངས་ལྟེ་བ་ནི་དཔྱད་འབུམ་ཁྲ་བོ་དང་། སྨན་འབུམ་དཀར་ནག་ཅེས་བྱ་བའི་དཔེ་ཆ་དེ་རིགས་ཀྱི་ཁ་བྱང་ཡོད་པ་ཞིག་ད་ལྟའི་དུས་སུ་རང་རེའི་དབང་པོའི་མངོན་སུམ་དུ་འགྱུར་དཀའ་བ་ཞིག་སྟེ། ལོ་གྲངས་སུམ་སྟོང་བརྒྱད་བརྒྱ་ལྷག་པའི་རིང་ལ་དུས་རབས་ཀྱི་འཕོ་འགྱུར་ཅི་རིགས་ཤུག་བྱུང་པ་ནི་ནི་སྨོས་མ་དགོས་ལ། དཔེ་གཞུང་དེ་དག་གི་མཚན་བྱང་དངོས་སུ་ཡོད་པ་དེང་དུས་མཐོང་རྒྱུ་མེད་པ་ཙམ་གྱིས་དཔེ་གཞུང་དེ་དག་གི་དོན་སྟོར་བའམ། རྩ་མེད་དུ་ཆགས་པའམ་མི་བསམ་ཏེ། དེང་དུས་བོད་ཡུལ་ལ་ཡོངས་གྲགས་སུ་གྲགས་པའི་སྨན་གཞུང་རྒྱུད་བཞི་སོགས་ཀྱི་འབྱུང་ཁུངས་ལྟེ་བ་ནི་དཔྱད་འབུམ་ཁྲ་བོ་དང་། སྨན་འབུམ་དཀར་ནག་དེ་དག་ཡིན་ངེས་པ་ནི། རྒྱུད་བཞིའི་ནང་གསལ་སྨན་མིང་དུ་སླེ་ཏྲེས་དང་། ད་ཧྲིག་ཅེས་པས་མཚོན་ཞང་ཞུང་གི་སྐད་ཤིན་ཏུ་མང་པོ་ཞིག་ཡོད་འདུག་པ་དང་། གཞན་ཡང་འཚོ་བའི་སྐོར་བསྟན་པའི་སྐབས་སུའང་རྒྱ་གར་ནི་མི་སྲིད་ཅིང་། ཞང་བོད་ཀྱི་ཡུལ་ཁོ་ན་ལ་ཡོད་པའི་དངོས་ཆས་ཅི་རིགས་པ་ཞིག་གི་མིང་ཡང་བསྟན་ཡོད་པ་དེ་རྣམས་ཀྱིས་ཤེས་རྟོགས་ཐུབ་ངེས་ཡིན། ཞེས་སོགས་གསུངས་པ་ལ་བརྟག་ན་བོན་གྱི་བཀའ་བསྟན་ཁྲོད་དུ་བཞུགས་པའི་སྨན་གཞུང་འདི་དག་ནི་ཤིན་ཏུ་མཐོང་དཀའ་བ་ཞིག་ཆགས་ཡོད་པ་ཤེས་སོ། །

    གཞན་ཡང་སྔོན་གྱི་དུས་སུ་དཔེ་ཆ་འདི་དག་ཤིན་ཏུ་མཐོང་དཀར་བ་ཞིག་ཡིན་པའི་ཤེས་བྱེད་གཞན་ཞིག་ནི། ཐུའུ་བཀྭན་ཆོས་ཀྱི་ཉི་མས་བོན་གྱི་ལྟ་སྒོམ་སྤྱོད་གསུམ་གྱི་གཞུང་ལུགས་རྣམས་ངོ་སྤྲོད་གནང་བའི་སྐབས་སུ་སྤྱོད་པའི་སྐོར་ལ། ཁམས་བརྒྱད་གཏན་ལ་ཕབ་པའི་འབུམ། དགེ་རྒྱས་ཚོགས་ཆེན་རྫོགས་པའི་འབུམ། གཞན་ཡང་ནད་འབུམ་ནག་པོ། ཚེ་འབུར་ཁྲ་བོ། སྨན་འབུམ་དཀར་པོ། གཏོ་འབུམ་ནག་པོ་སོགས་དང་ཞེས་སྨན་གྱི་གཞུང་ལུགས་དེ་དག་ལྟ་སྐོམ་སྤྱོད་གསུམ་གྱི་གཞུང་ལུགས་རྣམ་ངོ་སྤྲོད་གནང་བའི་སྐབས་སུ་སྤྱོད་པའི་སྐོར་ལ། ཁམས་བརྒྱད་གཏན་ལ་ཕབ་པའི་འབུམ། དགེ་རྒྱས་ཚོགས་ཆེན་རྫོགས་པའི་འབུམ། གཞན་ཡང་ནད་འབུམ་ནག་པོ། ཚེ་འབུམ་ཁྲ་བོ། སྨན་འབུམ་དཀར་པོ། གཏོ་འབུམ་ནག་པོ་སོགས་དང་ཞེས་སྨན་གྱི་གཞུང་ལུགས་དེ་དག་ལྟ་སྒོམ་སྤྱོད་གསུམ་གྱི་ནང་ཚན་སྤྱོད་པ་བསྟན་པའི་གཞུང་དུ་ངོས་འཛིན་གནང་ཡོད་པ་ནི། ལོ་རྒྱུས་ཀྱི་དེབ་ཐེར་ཁག་ནང་འཁོད་པའི་དཔེ་མིང་ཙམ་ལ་བརྟེན་ནས་བོན་ལ་ཞིབ་འཇུག་གནང་བ་ཙམ་ལས། སྐབས་དེར་བོན་གྱི་རིག་གཞུང་དངོས་པོ་དེ་དག་མཐོང་ཐུབ་མེད་པའི་དངོས་རྟགས་ཡིན་པ་དང་། ཡང་དེ་ཉིད་ལས། ཁོ་བོས་མཐོང་བའི་བོན་གཞུང་ཞིག་ན་འདི་ལྟར་སྣང་སྟེ། ཞེས་ལུང་དྲངས་པ་ལ་བརྟགས་ནས་སྐབས་དེར་བོན་གྱི་རིག་གཞུང་རྣམས་ཧ་ཅང་མཐོང་དཀོན་པོ་ཞིག་ཆགས་ཡོད་པར་ངེས།

      མདོ་ཁམས་ཉག་རོང་ཕྱོགས་སུ་བཞུགས་པའི་བོན་ཀྱི་བཀའ་བསྟན་རྙིང་པ་ཉེ་ཆར་སི་ཁྲོན་མི་རིགས་ཞིབ་འཇུག་སོའོ་ཡིས་པར་དུ་བཏབ་པ་དེའི་ནང་སྨན་གཞུང་འདི་དག་གི་དཔེ་ཆ་བཞུགས་འདུག་ལ། ཚིག་གི་སྦྱོར་བ་ཅུང་ཟད་མི་བདེ་བ་ཞིག་སྟེ། ཤོ་ལོ་ཀ་གཅིག་ལའང་ཚིག་རྐང་རིང་ཐུང་མ་ངེས་པ་སྣ་ཚོགས་ཡོད་པ། ས་བཅད་དང་ལེའུ་ཡི་གོ་རིམ་མི་འདྲ་བ་ཙམ་ལས་ནང་དོན་ཕལ་ཆེར་གསོ་རིག་རྒྱུད་བཞི་དང་འདྲ་བ། གཞུང་དེའི་མཇུག་བྱང་དུ། བདུད་རྩིའི་སྨན་གྱི་མདུ་དགུའི་རྒྱུད་རིམ་ནི། སངས་རྒྱས་བསྟན་པའི་གཙོ་བོ་དཔྱད་བུ་ཁྲི་ཤེས་ལ་གསུངས། དེས་དམུ་རྩ་ཏྲ་ཧེ་ལ་བཤད། དེས་གསེར་ཐོག་ལྕེ་འབྱམས་ལ་བཤད། དེས་སྟོང་རྒྱུད་མཐུ་ཆེན་ལ་བརྒྱུད། དེས་གྱིམ་ཚ་རྨ་ཆུང་ལ་བརྒྱུད། དེས་བན་དེ་མི་བདུན་ལ་བརྒྱུད་དེ་ཆོས་སུ་བསྒྱུར་སྐབས། དཔེ་ཆ་མེ་ལ་བསྲེག་པའི་གྲབ་བྱེད་དུས། བོན་པོ་མི་བདུན་གྱིས་ཁྱེར་ནས་གཙང་སྟོད་བྱེ་མ་གཡུང་དྲུང་གསང་ཕུག་ཏུ་སྦས། ཕྱིས་དུས་ལ་བབ་ཙམ་ན། གཙང་གི་གཤེན་པོ་བུ་འཚོ་སྲིད་པའི་རྒྱལ་པོ་ཞེས་པས་གཏེར་ཞལ་ཕྱེས་ནས། རྨེའུ་མཁས་པ་དཔལ་ཆེན་ལ་གདམ་པའོ། ། བསྟན་པའི་གསལ་བྱེད་ཁམ་ཡུལ་རྐ་གྱི་བཙུན་པ་དྲུང་མུ་ཉི་ཝེར་གྱིས་བགྱིས་པ་སརྦནྟུ། ཞེས་གསལ་བ་འདི་དག་གིས་བོན་དར་བའི་དུས་ནས་བོད་ལ་དཔེ་ཆ་ཡོད་པ་གསལ་བ་དང་། དཔྱད་བུ་ཁྲི་ཤེས་ན་བཟུང་རིམ་པ་བརྒྱུད་དེ་གསོ་རིག་གི་གཞུང་ལ་ཁ་སྣོན་དང་ལེགས་བཅོས་བྱས་ཏེ་འཐུས་སྒོ་ཇེ་ཚང་དུ་ཕྱིན་ཡོད་པ་ཤེས་ཐུབ། དེ་ལྟར་གཤེན་རབ་མི་བོ་ཆེའི་གདམས་ངག་གི་རྒྱུན་དེ། དྲང་སྲོང་དཔྱད་བུ་ཁྲི་ཤེས་སོགས་ལས་བརྒྱུད་དེ་རིམ་བཞིན་དར་སྤེལ་བྱུང་བའི་གསོ་རིག་གི་གཞུང་འབུམ་བཞིར་གྲགས་པ་ལ། ཐུགས་འབུམ་མཁའ་སྔོན་ཞེས་པ་དེའི་ཁ་བྱང་ཡོངས་རྫོགས་ལ། བདུད་རྩི་སྨན་གྱི་དགུ་ལས་གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན་བཞུགས་པ་དབུ་ཕྱོགས་ལེགས་ཞེས་ཤོག་ལྡེབ་བཅུ་གསུམ་ཡོད་པ་དེའི་ནང་དོན་གཙོ་བོ་ནི། ནད་ཅན་དང་ནད་མེད་པའི་ལུས་ཀྱི་དབྱེ་བ། ནད་དང་། ལུས་ཟུངས་དང་། དྲི་མ་གསུམ་གྱིས་ལུས་གནས་པ་དང་འཇོམས་པར་བྱེད་ཚུལ། ནད་ཀྱི་རྒྱུ་རྐྱེན། དབྱེ་བ། འཇུག་སྒོ། གནས། རྒྱུ་བའི་ལམ། ན་སོས་སྐྱེད་པའི་ནད། ཡུལ་གྱིས་སྐྱེད་པའི་ནད། དུས་ཀྱིས་སྐྱེད་པའི་ནང། དེ་དག་ལས་བཅོས་སུ་རུང་བའི་ནང་དང་། བཅོས་ཐབས་མེད་པའི་ནད་གང་གང་། ནད་སོ་སོར་བརྟག་ཐབས། བཅོས་ཚུལ། ཟས་དང་། སྨན་སྤྱོད་ལམ། དཔྱད་བཅས་ཀྱི་བརྟེན་ཚུལ་རྣམས་མདོར་དྲིལ་ནས་བསྟན་ཡོད་པ་ཞིག་རེད།

    སྨན་འབུམ་དཀར་པོ་ཞེས་པ་དེའི་ཁ་བྱང་ཡོངས་ལ། སྡུག་བསྔལ་ཞི་བྱེད་གསོ་རིག་སྨན་འབུམ་དཀར་པོ་ཞེས་བྱ་བ་བཞུགས་པ་ལེགས་སོ། ། ཞེས་ཤོག་ལྡེབ་ཆིག་བརྒྱ་བཅོ་བརྒྱད་ཡོད་པ་དེའི་ནང་དོན་གཙོ་བོ་ནི། རྩ་ཆུ་བརྟག་ཐབས། སྨན་གྱི་སྦྱོར་སྡེབ། ནད་སྨན་སྤྲོད་ཚུལ། དཔྱད་ཀྱི་ལག་ལེན་སོགས་ལག་ལེན་དངོས་ཀྱི་ཐད་ལ་སྨན་འབུམ་མཁའ་སྔོན་ལས་རྒྱས་པ་ཞིག་འདུག

    དཔྱད་འབུམ་ཁྲ་མོ་ཞེས་པ་དེའི་ཁ་བྱང་ཡོངས་རྫོགས་ལ། སྡུག་བསྔལ་ཞི་བྱེད་གསོའ་བྱེད་དཔྱད་འབུམ་ཁྲ་བོ་ཞེས་བྱ་བ་བཞུགས་པའི་དབུས་ཕྱོགས་ལེགས་སོ། ། ཞེས་ཤོག་ལྡེབ་བདུན་ཅུ་དོན་གཅིག་ཡོད་དེའི་ནང་དོན་གཙོ་བོ་ནི། ལུས་ཆགས་ཚུལ། ལུས་ཀྱི་མཚན་ཉིད། ནད་ཀྱི་རྒྱུ་རྐྱེན། ནད་ཀྱི་དབྱེ་བ། ནད་སློང་རྐྱེན། སྤྱོད་ལམ་སྣ་ཚོགས་ལ་བརྟེན་ནས་ལུས་ལ་ནད་འགོག་ཐབས། སྨན་རྫས་ངོས་འཛིན་དང་། དེ་དག་གི་རོ་ནུས་སྦྱོར་སྡེབ་བཅས་བསྟན་ཡོད་པ་དང་། དེ་ལས་རྩྭ་སྨན། ཤིང་སྨན། ས་སྨན། རྡོ་སྨན། སྲོགས་ཆགས་ཀྱི་ལུས་ལ་ཡོད་པའི་སྨན་རྫས་བཅས་བསྡོམ་པས་སྨན་སྣ་སུམ་བརྒྱ་ལྷག་ཙམ་ཞིག་ངོས་འཛིན་གནང་འདུག

   ནད་འབུམ་ནག་པོ་ཞེས་པ་དེའི་ཁ་བྱང་ཡོངས་རྫོགས་ལ། སྡུག་བསྔལ་ཞི་གསོལ་བྱེད་ནང་འབུམ་ནག་པོ་ཞེས་བྱ་བ་བཞུགས་པ་ལེགས་སོ། ཞེས་ཤོག་ལྡེབ་བཞི་བརྒྱ་ཞེ་བརྒྱད་ཡོད་པ་དེའི་ནང་དོན་གཙོ་བོ་ནི། ནག་སོ་སོའི་རྒྱུ། སློང་རྐྱེན། ན་ལུགས། བརྟགས་ཐབས། བཅོས་ཚུལ། སྨན་གྱི་བསྡུ་སྦྱོར་སོགས་རེ་རེ་བཞིན་རྒྱས་པར་ཕྱེས་ནས་བཤད་པ་ཞིག་རེད།

   དེ་ལྟར་སྨན་འབུམ་བཞི་པོ་དེ་དག་གོང་གསལ་བརྒྱུད་རིམ་བཤད་པའི་མཛད་བྱང་ལ་བརྟག་ན་སྟོན་པ་གཤེན་རབ་ཀྱིས་གསོ་བ་རིག་པའི་ཐབས་ཀྱི་ཉམས་མྱོང་རྣམས་ཟིན་བྲིས་སུ་བཏབ་དེ་དག དྲང་སྲོང་དཔྱད་བུ་ཁྲི་ཤེས་སོགས་རྗེས་འཇུག་རྣམས་ཀྱིས་ཁ་སྣོན་དང་རྒྱས་སྤྲོས་ཅི་རིགས་བྱས་ནས་རིམ་བཞིན་འཕེལ་རྒྱས་བྱུང་སྟེ་གསོ་རིག་འབུམ་བཞི་འདི་གྲུབ་པ་གསལ་པོར་མཐོང་ཐུབ། དེས་ན་བོད་ཀྱི་གསོ་རིག་གཞུང་ལུགས་ཀྱི་ཐོག་མ་ནི་སྤྱི་ལོའི་སྔོན་གྱི་ལོ་ངོ་བརྒྱ་ལྷག་ཙམ་གྱི་གོང་ན་གཤེན་རབ་ཀྱི་སྲས་ཆེ་བ་དཔྱད་བུ་ཁྲི་ཤེས་སོགས་ཀྱིས་གསོ་རིག་གི་ཉམས་མྱོང་རྣམས་ཟིན་བྲིས་སུ་བཏབ་ཡོད་པ་དེ་དག་ཡིན་ལ། དེ་ནི་གསོ་རིག་འབུམ་བཞི་དང་། རྒྱུད་བཞི་སོགས་གྲུབ་བྱེད་ཀྱི་རྨང་གཞི་ཡང་ཡིན་པར་ངེས། དེ་ལྟར་གནའ་རབས་ཀྱི་གཞུང་ལུགས་ལོ་རྒྱུས་དང་ལྡན་པའི་མཛད་བྱང་ཅན་གྱི་དཔེ་རྙིང་མངོན་སུམ་མཐོང་རྒྱུ་ཡོད་པ་འདི་ཡིས། རྒྱལ་པོ་གཉའ་ཁྲི་བཙན་པོའི་གོང་རོལ། རྒྱ་ནག་ཏུ་ཁྲུན་ཆིའུ་དུས་རབས། རྒྱ་གར་དུ་ཤྰཀྱ་ཐུབ་པ་བྱོན་པའི་དུས་རབས་དེར། རང་རེ་བོད་ཀྱི་ཡུལ་འདི་ལ་མི་ཡི་ལུས་ཁམས་བདེ་ཐང་ཡོང་བ་དང་། ནད་རིགས་འགོག་བཅོས་བྱེད་ཐབས་སོགས་ཀྱི་ཤེས་རིག་གི་ཚད་གཞི་མཐོན་པོ་ཆགས་ཡོད་པ་གསལ་བ་མ་ཟད། རྒྱལ་པོ་སྲོང་བཙན་སྒམ་པོའི་གོང་དུ་གནའ་བོའི་བོད་མི་རྣམས་ལ་ནད་ཀྱིས་ཟིན་ཚེ། འཆི་བ་ཁོ་ན་སྒུག་སྟེ་སྡོད་པའི་དུད་འགྲོ་ནང་བཞིན་གྱི་གླེན་ལྐུགས་ཡིན་པར་འཛིན་པའི་ལོག་རྟོག་ཀྱང་སེལ་ཐུབ།

གཉིས། གསོ་རིག་རྒྱུད་བཞིའི་འབྱུང་ཁུངས་དངོས།

      བོད་ཀྱི་གསོ་རིག་རྒྱུད་བཞི་ནི། ཕྱི་ནང་གི་ནད་རིགས་ཐམས་ཅད་ཀྱི་ངོ་བོ། རྒྱུ་རྐྱེ། བརྟག་ཐབས། གསོ་ཚུལ་སོགས་ཆ་ཡོངས་སུ་ཚང་བ། ཆེས་ཕུན་སུམ་ཚོགས་པའི་གཞུང་ལུགས་ཤིག་ཡིན་ལ། དེ་ལྟ་བུའི་བསྟན་བཅོས་ཁྱད་དུ་འཕགས་པ་ཞིག་རྩོམ་དགོས་ན། མི་རབས་མང་པོའི་མཁས་པ་རྣམས་ཀྱིས་བསགས་པའི་ཉམས་མྱོང་གི་ཟིན་བྲིས་དང་། ཡིག་ཆ་མང་པོ་ཞིག་དཔྱད་གཞིར་འཛིན་ས་མེད་པ། གང་ཟག་གཅིག་གིས་མི་ཚེ་གཅིག་ལ་སྦྱོང་སྟོབས་ཀྱི་ཡོན་ཏན་ཁོ་ནས་སྐབས་དེའི་དུས་སུ་གཞུང་ལུགས་འདི་འདྲ་བ་ཞིག་འགྲུབ་མི་ཐུབ་པ་ནི་སུས་ཀྱང་ཤེས་སླ།

     ལོ་རྒྱུས་ཀྱི་ཐོག་ཏུ་རྒྱུད་བཞི་བཀའ་ཡིན་པ་དང་། གཏེར་མ་ཡིན་པ་དང་། གཡུ་ཐོག་པའི་བསྟན་བཅོས་ཡིན་པ་བཅས་བཤད་ཚུལ་མི་འདྲ་བ་གསུམ་ཙམ་བྱུང་མྱོང་ཡང་། དོན་དངོས་ལ་རྒྱུད་བཞི་པར་མ་དང་། བྲིས་མ་གང་ཡིན་ཡང་རྩོམ་པ་པོ་གང་ཡིན་གསལ་པོར་བཀོད་པའི་མཛད་བྱང་ཅན་གྱི་དཔེ་ཆ་ཞིག་དེང་གི་བར་དའང་མཐོང་རྒྱུ་མེད་པ་སྟེ། དཔེར་ན་སྡེ་དགེའི་ཤིང་པར་གྱི་རྒྱུད་བཞིའི་མཇུག་ཏུ། རང་ཅག་ཁ་བ་ཅན་པ་ཉིད་དང་ཉེ་བར་འཚམ་པའི་གསོ་རིག་གི་གཞུང་ལུགས་ཁྱད་དུ་འཕགས་པ། དཔལ་ལྡན་རྒྱུད་བཞི་ཞེས་ཡོངས་སུ་གྲགས་པ་འདི་ཉིད། ཆོས་རྗེ་རང་བྱུང་བ་དང་། བུ་སྟོན་ཐམས་ཅད་མཁྱེན་པ་དང་། སྟག་ཚང་ལོ་ཙྰ་བ་ཤེས་རབ་རིན་ཆེན་དུས་ཕྱིས་ཟུར་མཁར་བློ་གྲོས་རྒྱལ་པོ་སོགས་གཡུ་ཐོག་པ་ཉིད་ཀྱིས། ཡན་ལག་བརྒྱད་པ་སོགས་འཕགས་ཡུལ་གྱི་གཞུང་དང་། སོ་ར་ར་ཛ་སོགས་རྒྱ་ནས་བསྒྱུར་བའི་གཞུང་དང་། འཁོར་ལོ་རྒྱལ་པོའི་བེ་བུམ་སོགས་ཞང་ཞུང་ནས་བསྒྱུར་བའི་གཞུང་རྣམས་ཀྱི་དགོངས་པ་བླངས་ནས་བརྩམས་པར་བཞེད་པ་དང་། འགའ་ཞིག་གིས། བདག་ཅག་གི་སྟོན་པ་སྨན་རྒྱལ་གྱི་སྐུར་བཞེངས་ནས། རྗེས་སུ་གནང་བའི་བཀའ་དངོས་སུ་བཞེད་དཔ་དང་། འགའ་ཞིག་གིས་བཀའ་དངོས་ཡིན་ཡང་། སློབ་དཔོན་པདྨས་བསམ་ཡས་དབུ་རྩེར་གཏེར་དུ་སྦས་པ། གྲྭ་མངོན་དབང་ཕྱུག་འབར་གྱིས་ཕྱུང་བའི་གཏེར་མར་བཞེད་པ་སོགས་ཡོད་པ་དོན་ལ་ཇི་ལྟར་ཡང་ ། ཞེས་སོགས་གསུངས་པ་ལྟར་རེད། ཡིན་ནའང་སྔོན་གྱི་མཁས་པ་ཟུར་མཁར་བློ་གྲོས་རྒྱལ་པོ་དང་། བླ་སྨན་བཀྲ་འབུམ་ས་སོགས་དོན་གྱི་གནད་སགང་ལ་དཔྱད་པ་བཟོད་པའི་ཐུགས་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་ནི། བཀའ་དང་གཏེར་མ་ཡིན་པ་རིག་པ་བརྒྱ་ཕྲག་གི་སྒོ་ནས་བཀག་སྟེ། གཡུ་ཐོག་ཡོན་ཏན་མགོན་པོས་གསོ་རིག་ཡན་ལགས་བརྒྱད་པ་དང་། འགྲེལ་པ་ཟླ་ཟེར་སོགས་གཞི་བཟུང་། རང་ཉིད་ཀྱི་རིག་པའི་འཕྲུལ་མང་པོས་བརྒྱན་ཏེ་བརྩམས་པའི་བསྟན་བཅོས་ཡིན་པ་བསྒྲུབས་ཀྱང་། བོན་གྱི་བཀའ་བསྟན་ཁྲོད་དུ་ཡོད་པའི་གསོ་རིག་འབུམ་བཞི་ལ་དཔྱད་གཞི་བྱས་ཡོད་པའི་ཚིག་ཟུར་ཙམ་ཡང་མི་གསལ་བ་ནི་གཙོ་བོ་སྐབས་དེར་དཔེ་ཆ་འདི་རིགས་ཧ་ཅང་མཐོང་དཀའ་བ་ཆགས་ཡོད་པ་དང་། གལ་སྲིད་མཐོང་ཀྱང་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཀྱི་ལྟ་བ་དང་བསྟུན་དགོས་པའི་གཞན་དབང་ཙམ་དུ་ཡིན་པར་ཟད།

    འོ་ན་གསོ་རིག་རྒྱུད་བཞིའི་འབྱུང་ཁུངས་དངོས་གང་ཡིན་ཞེ་ན། གྲུབ་མཐའི་ལ་རྒྱ་དང་། ཕྱོགས་རིས་ཀྱི་ཞེན་པས་མ་བཅིངས་པར་བློ་གཟུ་བོར་གནས་པའི་སྒོ་ནས་དཔྱད་ན། གཡུ་ཐོག་ཡོན་ཏན་མགོན་པོས་སྤྱི་ལོའི་དུས་རབས་བདུན་པའི་་ནང་དུ་ཀོང་པོ་སྨན་ལུང་དུ་སྨན་གྱི་སྦྱོང་གྲྭ་འཛུགས་སྐབས་དཔྱད་བུ་ཁྲི་ཤེས་ནས་བརྒྱུད་དེ་རིམ་བཞིན་འཕེལ་རྒྱས་བྱུང་བའི་གསོ་རིག་འབུམ་བཞི་ཞེས་པའི་གཞུང་དེ་ལ། ཚིག་རྐང་རྣམས་མཐའ་གཅིག་ཏུ་དགུ་ཚིག་ཏུ་བཅོས་ནས་ཚིག་གི་སྦྱོར་བ་ལ་སྙན་ཆ་བཏོད། ལེའུ་དང་ས་བཅད་རྣམས་ལ་འོས་ཐོབ་ཀྱི་བཅོས་བསྒྲིགས་བྱས། རྒྱ་དཀར་ནག་ནས་བསྒྱུར་བའི་གསོ་རིག་གིས་གསོས་བཏབས། དབུ་ལ་བོན་ལུགས་ཀྱི་མཆོད་བརྗོད་ཡོད་པ་དེ་དག་དང་། མཇུག་གི་མཛད་བྱང་རྣམས་མི་མངོནཔ་འི་དབྱིངས་སུ་རྒྱས་བཏབ་སྟེ། གསོ་རིག་རྒྱུད་བཞི་ཞེས་མཚན་གསོལ་ནས་སྨན་པ་རྣམས་ཀྱི་གཟིགས་སྟེགས་སུ་གནང་བར་ངེས་ཏེ། གསོ་རིག་རྒྱུད་བཞིའི་མཇུག་ཏུ་རྩོམ་པ་པོ་གང་ཡིན་དངོས་སུ་བྲིས་པ་ཞིག་མེད་པའི་ཕྱིར་དང་། སྐབས་དེར་བོན་ལ་སངས་རྒྱས་ཆོས་ལུགས་ཀྱི་གཞུང་གི་བཀའ་ཡིས་བརྡུང་བརྡེག་ཐེབས་བཞིན་པའི་སྐབས་དང་འཁེལ་ཡོད་པའི་ཕྱིར་རོ། །

   གཞན་ཡང་བོད་ཁམས་སིལ་བུར་འཐོར་བའི་སྐབས་སུ་བོད་ཀྱི་རིག་གནས་སྤྱི་ལོའི་ལོ་རྒྱུས་ལ་གཏོར་བརླགས་ཚབ་ཆེན་ཕྱིན་ཡོད་སྟབས། བསྟན་པ་ཕྱི་དར་གྱི་སྐབས་སུ་ལོ་རྒྱུས་དངོས་ལ་ཞིབ་འཇུག་བྱས་ཀྱང་དངོས་དོན་ཇི་བཞིན་མ་རྙེད་པ་དང་། སྐབས་དེར་སངས་རྒྱས་ཆོས་ལུགས་ལ་བསྙེན་བཀུར་དང་། ཆེ་བསྟོད་བྱེད་པའི་ཚ་རླབས་གསར་པ་ཞིག་འཕྱུར་བཞིན་ཡོད་སྟབས་སྔར་ཡོད་ཀྱི་ཆོས་དང་རིག་གནས་ཐམས་ཅད་ཀྱི་འབྱུང་ཁུངས་ལ་ཞིབ་འཇུག་བྱེད་པའི་སྐབས་སུ་རྩ་བ་བོན་ལ་གཏུགས་པ་ནི་སུས་ཀྱང་མི་འདོད་པ་ཞིག་ཏུ་ཆགས་ཡོད་པ་རེད།

གསུམ། བོད་ཀྱི་གསོ་རིག་གི་སློབ་གྲྭ་ཐོག་མ།

      སྤྱིར་བོད་ཀྱི་ཡུལ་འདིར་ཆོས་དང་རིག་གནས་ཀྱི་སློབ་སྦྱོང་བྱེད་ཡུལ་གཙོ་བོ་ནི། བོན་གྱི་འདུ་གནས་དང་། ཆོས་ཀྱི་དགོན་སྡེ་རྣམས་ཡིན་ལ། དེ་དག་ལ་གཙུག་ལག་ཁང་ཞེས་པའི་རྒྱུ་མཚན་ཡང་དེ་ཡིན། དེས་ན་དུས་རབས་རིམ་བྱུང་གི་ནང་དུ་སོ་སོའི་མོས་འདུན་ལ་བརྟེན་ནས་སློབ་གཉེར་བྱས་ཏེ་ཆོས་དང་རིག་གནས་ལ་མཁས་པ་མང་པོ་ཞིག་བྱུང་ཡོད་ཀྱང་། བོད་ཀྱི་རྒྱལ་པོས་ཐད་ཀར་བདག་སྐྱོང་གནང་བའི་ཆེད་ལས་ཀྱི་སློབ་གྲྭ་འཛུགས་རྒྱུའི་ཐོག་མ་དེ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བྱུང་བ་ཡིན། དེས་ན་གསོ་རིག་གི་སློབ་གྲྭ་ཐོག་མ་དེའང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བཙུགས་པ་གཡུ་ཐོག་རྣམ་ཐར་ལས་གསལ་ཏེ། གཡུ་ཐོག་ཡོན་ཏན་མགོན་པོ་དགུང་ལོ་ལྔ་བཅུ་ང་ལྔ་པ་ཆུ་སྟག་སྟེ་སྤྱི་ལོ་༧༦༢པའི་ལོ་དེར་ཀོང་པོ་སྨན་ལུང་དུ་བཙུགས། སྐབས་དེར་སློབ་མ་སུམ་བརྒྱ་ཙམ་བསྡུས་ཤིང་སློབ་གྲྭའི་དབུ་འཛིན་དང་། སློབ་དཔོན་གཉིས་ཀ་གཡུ་ཐོག་པས་གཅིག་ལྕོགས་གནང་། བོན་ལུགས་ཀྱི་ཐ་སྙད་ལ་གསོ་རིག་མདོ་དགུ་འབུམ་བཞི་ཞེས་པ་དེ་ཉིད་དུས་རབས་ཀྱི་དགོས་མཁོ་དང་བསྟུན་ནས་མགོ་མཇུག་རྩོམ་རྣམས་གསར་དུ་བརྗེས་ཤིང་། ཚིག་གི་སྡེབ་སྦྱོར་ལ་ལེགས་བཅོས་མཛད་དེ་གསོལ་རིག་རྒྱུད་བཞི་ཞེས་པའི་མཚན་གསོལ་ནས་གཞུང་དེ་ཉིད་ལ་འཆད་ཉམ་མཛད། སློབ་སྦྱོང་གི་ཡུན་ཚད་ལོ་བཅུ་རེ་གཏན་འབེབས་གནང་སྟེ། སྨན་པ་གསར་ཐོན་རྣམས་ལ་སོ་སོའི་ཡོན་ཏན་གྱི་ཚད་གཞི་དང་བསྟུན་པའི་རིག་གནས་ཀྱི་ཐོབ་ཐང་གི་མིང་དུ་འབུམ་རམས་པ་དང་། རབ་འབྱམས་པ་དང་། བཀའ་བཅུ་པ། བསྡུས་ར་བཅས་རིམ་པ་བཞི་ཕྱེས། དེ་དག་སོ་སོ་ལ་ཚང་དགོས་པའི་ཆ་རྐྱེན་ནི། སྨན་པ་འབུམ་རམས་པ། འདིའི་ཡོན་ཏན་གྱི་ཚད་ལ་གཡུ་ཐོག་རྣམ་ཐར་ལས། སྨན་པ་འབུམ་རམས་པ་བྱ་བའི་གཞུང་ཚད་ནི། དཔལ་ལྡན་རྒྱུད་བཞི་རྩ་འགྲེལ་ཆ་ལག་ཁ་སྐོང་མདོ་བྱང་། ཕྱོགས་རིས་ཀྱི་སྨན་པ་དགུས་བསྒྱུར་བའི་གསོ་དཔྱད་ཀྱི་དཔེ་རྣམས་དང་། བོད་ཀྱི་མཁས་པ་མི་དགུས་མཛད་པའི་དཔེ་རྣམས་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་སོ་མ་ར་ཛ་དང་། ཨོ་རྒྱན་རིན་པོ་ཆེས་མཛད་པའི་བདུད་རྩི་བུམ་པ་། སླབོ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པོ་བསྡུས་པ། དྲང་སྲོང་དཔལ་ལྡན་ཕྲེང་བས་མཛད་པའི་དྲང་སྲོང་སྙན་བརྒྱུད། ཁ་ཆེ་བ་ཏ་ཟླ་དགས་མཛད་པའི་ཚིག་དོན་ཟླ་ཟེར་སོགས་ཀྱི་རྩ་འགྲེལ་ཁ་སྐོང་ཆ་ལག་རྣམས་བློ་ལ་ཐོན་ཅིང་། དེ་གད་གི་དོན་ལག་ལེན་དུ་བསྒྲིལ་ཤེས་པ་ལ་བྱའོ། ། ཞེས་སོ། ། སྨན་པ་རབ་འབྱམས་པ། འདིའི་ཡོན་ཏན་གྱི་ཚད་ལ་གཡུ་ཐོག་རྣམ་ཐར་ལས། སྨན་པ་རབ་འབྱམས་པའི་གཞུང་ཚད་ནི། རྒྱུད་བཞི་རྩ་འགྲེལ ། ཆ་ལག་ཁ་སྐོང་མདོ་བྱང་། བོད་ཀྱི་མི་དགུས་མཛད་པའི་གདམས་པ་དང་། བསྟན་བཅོས་སོ་མ་ར་ཛ་དང་། བདུད་རྩི་བུམ་པ་རྩ་འགྲེལ་ཆ་ལག་དང་བཅས་པའོ། ། སྨན་པ་བཀའ་བཅུ་པ། འདིའི་ཡོན་ཏན་གྱི་ཚད་ལ་གཡུ་ཐོག་རྣམ་ཐར་ལས། རྒྱུད་བཞི་རྩ་འགྲེལ་ཆ་ལག་ཁ་སྐོང་མདོ་བྱང་དང་བཅས་པའོ། ། སྨན་པ་བསྡུས་ར་བ། འདིའི་ཡོན་ཏན་གྱི་ཚད་ལ་གཡུ་ཐོག་རྣམ་ཐར་ལས། རྩ་བཤད་ཕྱི་གསུམ་རྩ་འགྲེལ་ཆ་ལག་ཁ་སྐོང་མདོ་བྱང་དང་བཅས་པའོ། ། གཞན་ཡང་རྒྱུད་བཞིའི་ཆ་ལག་རེ་ཙམ་ཐོན་པ་རྣམས་ཀྱི་སློབ་གྲྭ་བ་རྣམས་ལ་ཐུག་པ་སྐོལ་བ་དང་། གཡུ་ཐོག་པའི་བང་ཆེན་རྒྱུགས་པ་སོགཀ་ཀྱི་ཞབས་ཞུས་བསྒྲུབ་དགོས་པ་སྣང་། དུས་དེར་སྨན་པ་འབུམ་རམས་པ་ལྔ་བཅུ། སྨན་པ་རབ་འབྱམས་པ་ལྔ་བཅུ། སྨན་པ་བཀའ་བཅུ་པ་བརྒྱ་ཙམ་བྱུང་བ་དེ་དག་གིས་སློབ་གྲྭའི་ཐུགས་འགན་གཙོ་བོ་བཞེས་ཤིང་། དགུང་ལོ་རེ་ལྔ་པའི་སྐབས་སུ་རྗེ་གཡུ་ཐོག་པ་ཉིད་མདོ་ཁམས་དར་རྩེ་མདོ་བརྒྱུད་ནས་རྒྱ་ནག་སོགས་ལ་ཕེབས་ཏེ་འགྲོ་བ་ནད་པ་མང་པོའི་དོན་མཛད། སླར་ཀོང་པོ་སྨན་གྲྭ་རུ་ཕེབས་པ་དང་ཕྱོགས་མཐའ་དག་སོགས་ལ་ཕེབས་ཏེ་འགྲོ་བ་ནད་པ་མང་པོའི་དོན་མཛད། སླར་ཀོང་པོ་སྨན་གྲྭ་རུ་ཕེབས་པ་དང་ཕྱོགས་མཐའ་དག་ནས་འོངས་པའི་གསོ་རིག་ལ་ཐོས་བསམ་བྱེད་པའི་སྨན་པ་སྟོང་ཕྲག་ཙམ་བྱུང་བ་དེ་རྣམས་ཀྱི་ཞབས་ཞུས་ལ་བརྟེན་ནས། སྨན་གྱི་སློབ་གྲྭའི་འདུ་ཁང་ལྟ་ན་སྡུག་ཅེས་པ་བཏབ། སྨན་གྱི་དཀའ་གནད་སྐོར་ལ་བགྲོ་གླེང་མཛད་དེ་ཐེ་ཚོམ་གྱི་མདུད་རྒྱ་རྣམས་རེ་རེ་བཞིན་དཀྲོལ། བོད་ཀྱི་གསོ་བ་རིག་པ་ཞེས་སྙན་པའི་གྲགས་པ་ཕྱོགས་མཐའ་དག་ན་ཁྱབ། ལྷག་པར་དུ་དབུལ་ཕོངས་ཀྱི་ནད་པ་རྣམས་ལ་སྔར་མེད་པའི་བརྩེ་བ་ཆེན་པོའི་གཟིགས་སྐྱོང་ཐོབ་པས་མཆོག་དམན་སྐྱེ་བོ་ཀུན་གྱིས་བཀུར་སྟི་དང་བསྔགས་བརྗོད་ཐོབ། རྗེ་གཡུ་ཐོག་པས། གསོ་བ་རིགས་པའི་རྒྱུད་འཛིན་གྱི་སློབ་མ་རྣམས་ལ་དུས་རྟག་པར་སློབ་གསོའི་གདམས་ངག་ནན་གསུངས་གནང་བ་ནི། ཁྱེད་རྣམས་རང་འདོད་ཁོག་འགྲས་སེར་སྣ་ངན་གཡོ་བོར་ལ། བྱང་ཆུབ་སེམས་ཀྱི་གཞི་བཟུང་། འགྲོ་བ་ནད་པིའ་དོན་དུ་གཉེར། མཐོ་གྲོགས་དང་ཁེ་ཚོང་མ་བྱེད། ངན་སློང་མཐའ་ནས་སྐྱོངས། མི་ངོ་ཟས་ངོ་མ་ལྟ་བར་ནད་ལ་ཕན་པའི་སྨན་དཔྱད་མཛོད། ཕྱོགས་ཆ་ཉེ་རིང་སྤོངས་ལ་ཀུན་ལ་ཕན་པའི་སྨན་པ་མཛོད། བདག་བཟུང་གི་གནས་མ་བརྟེན་པར་རྒྱལ་ཁམས་ཕྱོགས་མེད་འགྲིམས་ལ་ནད་པ་ཕྱོགས་མེད་ལྟོས། ཆེ་བཙུན་གྱི་བླ་སྨན་མ་བྱེད་པར་སྤྲང་ལོང་བརྩེ་བས་སྐྱོངས་། ནག་ཆང་ཕྱོགས་སུ་མ་འདོད་པར་དཀར་གསུམ་ལྟོ་ལ་བསྟེན། རྟ་དྲེལ་བཞོན་པ་སྤོངས་ལ་ནད་པའི་བྲན་དུ་རྒྱུགས། མི་ཤེས་ཤེས་པར་མ་རློམས་རྒས་ཀྱང་སློབ་གཉེར་མཛོད། མི་སྲོག་ལ་ཚོད་ལེན་མ་བྱེད་མི་ཤེས་པ་ངོས་ལོངས། སྒོ་གསུམ་ཆོས་ཕྱོགས་སུ་འབུད་ལ་ཕྱི་མའི་ལམ་སྣ་ཟུངས། ཞེས་སོགས་སྨན་པའི་ཀུན་སྤྱོད་ཀྱི་སྐོར་ལ་བསླབ་བྱ་ལེགས་པོ་གནང་ཡོད་པ་རེད། དེ་ལྟར་གསོ་རིག་སློབ་གཉེར་བ་རྣམས་ཀྱིས་སྲུང་བྱའི་སྒྲིག་ཁྲིམས། སློབ་སྦྱོང་གི་ཡུན་ཚད། རང་གི་ཡོན་ཚད་དང་བསྟུན་པའི་ཐོབ་ཐང་གི་མིང་སོགས་གཏན་འབེབས་མཛད་དེ་ཐུན་མོང་སྤྱིའི་རྩ་འཛུགས་ཅན་གྱི་སློབ་གྲྭ་ཞིག་ཏུ་ཆགས་པ་རེད།

༼གཡུ་མཚོའི་གཞིས་ཁྱིམ༽ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག