ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་གཙོ་བོར་སྲིད་པ་སྤྱི་མདོས་ཞེས་པའི་ཡིག་རྙིང་འདི་བྱུང་བའི་དུས་ཚོད་དང་དེ་ཡི་གེར་འགོད་མཁན་གྱི་དུས་ཚོད་ལ་དཔྱད་པ་བཏང་སྟེ། ཡིག་རྙིང་འདི་བྱུང་བའི་དུས་སྐབས་ཀྱི་རྩོམ་རིག་བརྩམས་ཆོས་ཀྱི་ཐུན་མིན་གྱི་ཁྱད་ཆོས་ལ་དཔྱད་ཡོད། འདིར་ཡིག་རྙིང་འདིའི་ཁྲོད་ཀྱི་ཕྲད་དང་རྣམ་དབྱེ་དང་། དུས་གསུམ་གྱི་རྣམ་གཞག ཚིག་སྦྱོར་གྱི་སྡེབ་སྟངས། ཐ་སྙད་ཀྱི་གོ་དོན་ཐད་ཀྱི་འགྱུར་བ་བཅས་ཁག་བཞིར་དབྱེ་ནས་དཔྱད་པ་བཏང་ཡོད་པའོ།།
གཙོ་གནད་ཚིག བོན། ཡིག་རྙིང་། སྲིད་པ་སྤྱི་མདོས། བརྡ་སྤྲོད་ཀྱི་ཁྱད་ཆོས།
གླེང་གཞི།
མི་རིགས་གང་དང་གང་ཞིག་ཡིན་རུང་སྐད་དང་ཡི་གེ་ནི་མི་རིགས་དེའི་བླ་སྲོག་ལྟ་བུ་ཡིན་ཞིང་། སྐད་དང་ཡི་གེ་ནི་མི་རིགས་ཤིག་གི་འཚོ་གནས་དང་རྟེན་གཞིའམ། ཡང་ན་མི་རིགས་དེའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་ལོ་རྒྱུས་ཀྱི་རྐང་ཚུགས་ཐུབ་མིན་བཅས་ལ་རག་ལས་པས། ང་ཚོས་དུས་ནམ་ཡང་རང་ཉིད་ཀྱི་ཕ་མེས་ཡང་མེས་ཀྱི་ཤུལ་བཞག་གཅེས་ནོར་སྐད་དང་ཡི་གེ་ལ་སྲུང་སྐྱོབ་བླ་ལྷག་ཏུ་བྱེད་དགོས་པ་མ་ཟད། དུས་དང་རྣམ་པ་ཀུན་ཏུ་བྱ་བའི་ཆོས་ཉིད་དང་བསྟུན་ནས་དེར་ཞིབ་འཇུག་དང་སྔོག་འདོན་གྱིས་དེ་དག་གི་རིན་ཐང་གོང་ནས་གོང་མཐོར་དུ་གཏོང་དགོས། རང་རེ་བོད་མི་རིགས་ཀྱི་སྐད་དང་ཡི་གེའང་དེ་ལས་མ་འདས་ཏེ། དེང་གི་ཆར་ཐུན་མོང་དུ་བརྗོད་པའི་དུས་རབས་བདུན་པའི་ནང་བོད་རྒྱལ་སྲོང་བཙན་སྒམ་པོས་སློབ་དཔོན་ཐོན་མི་སོགས་རྒྱ་གར་དུ་བཏང་བ་དང་། དེ་ལས་སློབ་དཔོན་ཐོན་མི་མཆོག་གིས་བོད་ཀྱི་ཡི་གེ་དང་བརྡ་སྤྲོད་ཀྱི་བསྟན་བཅོས་རྣམ་གཞག་བརྒྱད་སོགས་གསར་གཏོད་མཛད་པ་ནས་བཟུང་། བོད་ཀྱི་མཁས་པ་རིམ་བྱོན་རྣམས་ཀྱིས་རང་ཉིད་ཀྱི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་ད་ལྟའི་ཐུན་མིན་གྱི་བོད་ཡིག་འདིར་འཕེལ་རྒྱས་སུ་བཏང་། བཀས་བཅད་ཐེངས་གསུམ་ལས་བོད་ཀྱི་བརྡ་སྤྲོད་དང་སྐད་ལ་བསྲེགས་བཅད་བརྡར་གསུམ་གྱི་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ཡོད་ཅིང་། རིམ་བཞིན་བོད་ཀྱི་རིག་གནས་མ་ལག་ཁྲོད་ཆེས་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཏུ་གྲུབ་ཡོད། ཡིན་ཡང་དུས་ཀྱི་འཕེལ་འགྲོས་ཀྱི་ཆོས་ཉིད་ལས་མཁས་པ་རེར་རང་ཉིད་ཀྱི་བཞེད་པ་མི་མཐུན་པ་རེ་མཆིས་པས་ན། བོད་ཀྱི་སྐད་དང་ཡི་གེ་དེའང་ཐོན་མིས་གསར་བཟོ་མཛད་པ་མ་ཡིན་པར་བོད་རང་ས་ནས་སྐྱེས་པའི་བོན་ཆོས་ཀྱི་སྐབས་ནས་རང་ལ་སྐད་དང་ཡི་གེ་ཡོད་པར་བཤད་ལ། དེ་ནི་ཞང་ཞུང་ཡིག་རྒན་སྨར་ཡིག་ཏུ་འགྱུར་བ་སོགས་བཞེད་པ་མི་མཐུན་པ་མང་པོ་ཡོད། སློབ་བུ་བདག་གིས་རང་རེའི་བོད་ཡིག་འདི་ཐོན་མིའི་སྔོན་ནས་ཡོད་པའི་བཞེད་པ་དེར་འདོད་དེ། ཐོན་མིས་བོད་ཀྱི་ཡི་གེ་ལས་སྟེང་གི་ཅ་ཆ་ཇ་གསུམ་དང་སྨད་ཀྱི་ཞ་ཟ་འ་གསུམ་དེ་ཉིད་ཞང་ཞུང་ནས་འོང་བའི་ལམ་འགྲོ་བ་དེ་དང་ཁ་བརྡ་བྱས་པ་ལས་བཟོས་པའི་བཤད་ཚུལ་དང་། གཞན་བོན་གྱི་ཡིག་རྙིང་སོགས་གང་ལ་བལྟས་ཀྱང་བོད་ཡིག་ནི་ཐོན་མིས་གསར་གཏོད་མཛད་ཅེས་པའི་ལྟ་བར་མི་འཐད། ཞིབ་དཔྱད་བྱས་ཀྱང་འདིར་སྐབས་ཀྱི་འཆད་ བྱར་མ་ལགས་པས་མ་སྤྲོས།
འདིར་འཆད་བྱར་གྱུར་པ་ནི་བོན་གྱི་ཡིག་རྙིང་ཁག་ལས་«སྲིད་པ་སྤྱི་མདོས»ཞེས་པ་དེ་ཡིན་ཞིང་། ཡིག་རྙིང་འདི་ག་དུས་བྱུང་བར་མཁས་པ་རེར་བཞེད་ཚུལ་མང་པོ་ཡོད་ཅིང་། མཁར་རྨེའུ་བསམ་གཏན་ལགས་ཀྱིས་ཁོང་གི་གསུང་རྩོམ་དུ་དཔེ་ཆ་དེ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་དཔེ་རྒྱུན་ཞིག་ཡིན་པ་དང་། དེ་ནི་བོན་གྱི་གཤེན་ཆེན་གཅེ་འོད་ཀྱི་དུས་སྐབས་སུ་བྱུང་བ་ཞིག་ཡིན་པ་རགས་ཙམ་ལས་གསུངས་མེད། ཡིག་རྙིང་འདི་ཡི་གེར་འགོད་ མཁན་དང་དེ་བྱུང་བའི་དུས་རབས། ཡིག་རྙིང་རང་སྟེང་གི་ཁྱད་ཆོས་སོགས་ཀྱི་ཐད་ནས་བལྟས་ན་བྱུང་བའི་དུས་ཚོད་ནི་ཧ་ལམ་ཐག་གཅོད་བྱེད་ཐུབ་པ་སྟེ།
གཅིག ཡིག་རྙིང་མཇུག་ཏུ་༼སྲིད་པ་སྤྱི་སྐོང་སྣང་སྲིད་ཀྱི་སྤྱི་མདོས་ཟབ་མོ། དཔོན་གསས་ཐམས་ཅད་ཀྱི་སྲུང་བའི་གོ་ཁྲབ་གཤེན་ཆེན་པོ་གཅེན་འོད་ནས་རིམ་པར་བརྒྱུད་པ། སངས་པོ་ཁྲིན་ཁོད་བདག་གིས་ཡི་གེར་བརྒྭབས་པ་༽ཞེས་ད་ལྟའི་བོན་གྱི་མཁས་པ་རྣམས་ཀྱིས་སངས་པོ་ཁྲིན་ཁོད་ཀྱི་མིང་ལ་ར་སངས་ཁྲི་ན་ཁོད་ཀྱང་ཟེར་བ་དང་། ཡང་ལོ་རྒྱུས་ཀྱི་དུས་རིམ་ནང་དུ་ར་སངས་ཁྲི་ན་ཁོད་ཞེས་པའི་མི་གཉིས་བྱུང་བར་བཤད་དེ། གཅིག་ནི་སྟག་གཟིག་གཉན་གཟིགས་དང་གནམ་རི་སྲོང་བཙན་གཉིས་ཀྱི་སྐུ་གཤེན་ཡིན་པར་གསུངས་པ་དང་། ཅིག་ཤོས་ནི་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བྱུང་བའི་བོན་གྱི་མི་སྣ་ཞིག་ཡིན་པར་གསུངས། བདག་གིས་དཔྱད་ན་འདིར་འཆད་བྱར་གྱུར་པའི་ར་སངས་ཁྲི་ན་ཁོད་ཅེས་པ་འདི་ཉིད་ཁྲི་སྲོང་གི་སྐབས་སུ་བྱུང་བ་དེ་ཡིན་པར་འདོད་དེ། དང་པོ་༼ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་༽དུ་ཁྲི་སྲོང་ལྡེ་བཙན་གྱིས་གཡོ་ཐབས་ཀྱིས་ཞང་ཞུང་རྒྱལ་པོ་བགྲོང་པའི་ཤུལ་དུ་རྒྱལ་ས་ཁྱུང་པོ་སྟག་སྒྲ་དོན་གཙུག་གིས་བཟུང་ནས་རྒྱལ་ཁྲིམས་དང་བོན་ཁྲིམས་གཉིས་ཀ་མཉམ་དུ་བསྐྱངས། ཁྱུང་པོ་དཔལ་གྱི་གིར་ཏིའི་སྲས་མཆོག་གི་སྒྲོན་མ་དཔུང་སྒྲ་ཟུར། དེའི་སྲས་བཀྲ་རྒྱལ། དེའི་སྲས་ལེགས་མགོན། དེའི་སྲས་ཁྱུང་པོ་གྱེར་ཆེན་བློ་མེད། དེའི་སྲས་ར་སངས་ཁྲི་ནེ་དང་ར་སངས་ཁོད་རམ་གཉིས་ཞེས་ཁྲི་སྲོང་སྐབས་སུ་བྱུང་བར་བཞེད་པ་དང་། ཡང་གཏེར་མཛོད་དུ་གཏེར་མའི་ལོ་རྒྱུས་བརྗོད་སྐབས་སུ་གཏེར་སྟོན་གྱིས་གཏེར་ཇི་ལྟར་དྲངས་ཚུལ་ལ་སྤྱི་དང་བྱེ་བྲག་ཏུ་དབྱེར་ཡོད་ཅིང་། སྤྱིའི་སྒོ་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་སྦས་པའི་གཏེར་རྣམས་གཤེན་ཆེན་ཀླུ་དགའ་སོགས་ཀྱིས་དྲངས་པ་དང་། དེར་སྦས་ཚུལ་ལ་ཁྲི་སྲོང་གི་དུས་སུ་དྲན་པ་དང་། བེེ་རོ་གཉིས་ཀྱིས་ལྷ་སའི་ཡེར་པོའི་རྫོང་ལ་སྦས་པ་ཞེས་དེ་དག་གི་ནང་དུ་སྲིད་པ་སྤྱི་མདོས་སོགས་མདོས་གཉིས་ཞེས་ཡིག་རྙིང་འདི་ཡོད་པར་གསུངས་ཡོད། འདི་དག་ལ་གཞིགས་ན་ཡིག་རྙིང་འདི་ནི་ཁྲི་སྲོང་སྐབས་སུ་བྱུང་བ་རིམ་གྱིས་རིགས་བསྒྲེ་བྱེད་ ཐུབ།
གཉིས། བོན་གྱི་ཡིག་རྙིང་འདིའི་ཚིག་སྦྱོར་དང་བརྡ་སྤྲོད་ཀྱི་ཁྱད་ཆོས་སོགས་གང་གི་ཐད་ནས་བལྟས་ཀྱང་དེ་ནི་སྐད་གསར་བཅད་བྱས་རྗེས་སུ་བྱུང་བ་ཞིག་ཡིན་ཏེ། དེའི་ཚིག་གི་སྦྱོར་བའི་ཁྱད་ཆོས་དང་སྡེབ་སྟངས་ཐད་བཙན་པོའི་རྒྱལ་རབས་ཀྱི་མགུར་གླུའི་ཁྱད་ཆོས་དང་མཐུན་མོད། འོན་ཀྱང་གི་གུ་ཕྱིར་ལོག་དང་བརྡ་རྙིང་མང་པོ་མེད་པར་གཞིགས་ན་དེ་ནི་སྐད་གསར་བཅད་བྱས་ནས་ཅུང་མ་འགོར་བར་བྱུང་བའི་ཡིག་རྙིང་ཞིག་ཡིན་པར་སྙམ་ཡང་མཐའ་གཅིག་ཏུ་ཁ་ཚོན་གཅོད་ཐབས་བྲལ།
དང་པོ། ཡིག་རྙིང་ལས་ཕྲད་དང་རྣམ་དབྱེའི་སྐོར་ལ་དཔྱད་པ།
དེ་ཡང་འདིར་ཡིག་རྙིང་ཁྲོད་ཅུང་ཁྱད་ཆོས་ལྡན་པའི་ཐོབ་ཐང་གི་སྐོར་རེ་རེ་བཞིན་བརྗོད་ན།
༡ སླར་བསྡུའི་སྐོར།
དེའང་༼མཁས་ཆེན་མཁྱེན་རབ་འོད་གསལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས༽ནང་བོད་ཡིག་གི་བརྗོད་པ་ཇི་སྙེད་པ་ནི་ཆོས་ཅན་བརྗོད་པའི་མིང་དང་། ཆོས་བརྗོད་ཀྱི་མིང་། བྱ་བའི་ཚིག་ཕྲད་རྣམ་དབྱེ་བཅས་ལས་གྲུབ་པ་ཞིག་ཡིན་ཞེས་པ་བཞིན་ཆོས་ཅན་བརྗོད་པའི་མིང་དང་། ཆོས་བརྗོད་ཀྱི་མིང་། བྱ་བའི་ཚིག་གི་མཐར་སླར་བསྡུའི་ཕྲད་སྦྱར་བའི་སྣང་ཚུལ་དེ་ཡིག་རྙིང་ཁྲོད་དུ་ཡོད་པ་དཔེར་ན། འོག་ན་ཀླུ་གཙང་ངོ། ཡར་ལ་གཞི་གཙང་ངོ། རྫས་གཙང་ངོ། ཞེས་ཆོས་བརྗོད་ཀྱི་མིང་མཐར་སླར་བསྡུའི་ཕྲད་སྦྱར་ཡོད་པ་དང་། ཡང་བསང་ངོ། གྲངས་བསག་གོ་ཞེས་བྱ་བའི་ཚིག་གི་མཐར་སླར་བསྡུའི་ཕྲད་སྦྱར་བའོ། །
༢ འབྲེལ་སྒྲ་དང་བྱ་ཚིག་གི་སྐོར།
ཡིག་རྙིང་ཁྲོད་འབྲེལ་སྒྲའི་ཕྲད་གི་གྱི་ཀྱི་འི་ཡི་ལྔ་བོ་དེ་རྟེན་དང་བརྟེན་པ་དང་། ཁྱད་གཞི་དང་ཁྱད་ཆོས་བརྗོད་པའི་ཚུལ་ལ་འཇུག་པའི་དཔེ་མང་བ་སྟེ། དཔེར་ན། འཕྲག་གི་བླ་བསང་། སྟེང་གི་བླ་བསང་། བཤམས་བཤམས་ཀྱི་མཆོད་པ་འབུལ། གནག་ཕྱུགས་ཀྱི་གླུད་ཀྱིས་བརྔན་ཞེས་གི་དང་ཀྱི་བཀོལ་བ་ཅུང་མང་བ་དང་། བསང་ཕུལ་ནང་དུ་སྐྱབ་དང་སྐྱོབ་མ་གྱིས། བྱེས་ལ་ལམ་ཡག་གྱིས། ན་ཚ་ཞི་བ་གྱིས་ཞེས་སྐུལ་བ་དང་བསྔོ་སྨོན་གྱི་དོན་དུ་སྦྱར་བ་ཡོད་པའོ། །
༣ ནི་སྒྲའི་སྐོར།
རྩ་བར་ནི་སྒྲ་དགར་དང་བརྣན་པར་འཇུག་ཞེས་པ་ནང་བཞིན། ཡིག་རྙིང་འདིའི་ཁྲོད་དུ་བརྣན་པ་གཞི་གཅིག་ལ་ནན་ཏན་དུ་དམིགས་པའི་དོན་དུ་སྦྱར་བ་ཤིན་ཏུ་མང་སྟེ། མེ་ཏོག་ནི་ཅི་ལི་ལི། གཙང་ཆབ་ནི་སིལ་ལི་ལི། སྤྱན་འདྲེན་ནི་སུ་འདྲེན་ན། ཞེས་ཚིག་རྐང་རེ་རེའི་ནི་དེ་མེད་པར་བཏང་ན། མེ་ཏོག་ཅི་ལི་ལི་དང་གཙང་ཆབ་སིལ་ལི་ལི་ཞེས་དོན་གྱི་གཞི་ལ་འགྱུར་བ་བྱུང་མེད་ཀྱང་། ཚིག་གི་སྦྱོར་བ་དང་ཉམས། ཚིག་ནུས་བཅས་ལ་འགྱུར་བ་བྱུང་ཡོད་དེ། ༼མཁྱེན་རབ་འོད་གསལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས༽ནང་དུ་ནི་སྒྲ་རེ་སྦྱར་བས་དོན་གང་ཡིན་པ་ངེས་ངེས་བྱེད་པའམ་ནན་ཏན་བྱེད་པའི་དོན་ཡིན་པས་བརྣན་པའི་དོན་ཞེས་ནུས་པ་གལ་ཆེན་ཞིག་འདོན་བཞིན་པ་མཚོན་ནོ། །
༤ སྤྱི་སྒྲའི་སྐོར།
དེ་ཡང་ཅི་ཇི་སུ་གང་སྤྱི་སྒྲ་སྟེ་ཞེས་སྤྱི་སྒྲའི་ཕྲད་ནི་སུམ་ཅུ་བའི་གཞུང་ལས་བསྟན་པའི་གང་སྒྲ་དང་མཚུངས་པར་འགྲོ་སྟེ། ༼ལེགས་བཤད་ལྗོན་དབང་༽ལས། ཞིག་སྟེ་སླར་འདྲ་ཕྱིར་ལ་ཅི། ། སྙེད་སྲིད་ལྟར་བཞིན་སྐད་ལ་ཇི། ། ཞེས་པ་བཞིན་ཅི་ཇི་སུ་རྣམས་ཡིག་རྙིང་ཁྲོད་བྱུང་བ་བཀོད་ན། སྤྱན་འདྲེན་ནི་སུ་ལ་འདྲེན། གཤེན་རབ་ནི་ཅི་བགྱིས་ན། མདོས་ཐག་ནི་ཅི་ཆེ་སྟེ། བཙན་རྗེ་ནི་ཅི་ལ་བགྱིས། སུ་བཞུགས་སུ་མི་བཞུགས། ཞེས་ནི་སྒྲ་དང་སྦྱར་ཏེ་ཚིགས་བཅད་ཀྱི་ཁ་སྐོང་བའི་ཕྲད་དུ་བཟུང་ནས་གཞན་ལ་དྲི་བ་འདོན་པ་དང་། ཡང་ན་རང་གིས་རང་ལ་དྲི་བ་འདོན་ཚུལ་གྱིས་གཞན་ལ་གནས་ཚུལ་བརྗོད་པ་ལྟ་བུ་སྟེ། ཚིག་རེ་རེའི་ཁྲོད་དུ་ནུས་པ་གལ་ཆེན་རེ་ལྡན་པས་གཞན་གྱིས་ཉན་ན་གོ་བདེ་བ་དང་། རང་གིས་བརྗོད་ན་བརྗོད་བདེ་བ་ཞིག་ཏུ་ལགས་པའོ། །
༥ ལྷག་བཅས་ཀྱི་ཕྲད།
བོན་གྱི་ཡིག་རྙིང་སྲིད་པ་སྤྱི་མདོས་ནང་ལྷག་བཅས་ཀྱི་ཕྲད་དེ་གསུམ་ལས་སྟེ་དང་ཏེ་མ་གཏོགས་བཀོལ་བ་མེད་དེ། དེ་གཉིས་དྲི་བ་འདོན་པ་དང་ཚིག་དོན་ལྷག་མ་གཞན་ཡོད་ན་འདྲེན་པ་དང་། ཡང་ན་ཚིགས་བཅད་ཀྱི་རྐང་པ་ཁ་སྐོང་བ་སོགས་ཀྱི་སྐབས་སུ་སྦྱར་ཡོད་པ་སྟེ། བཞུགས་པ་ནི་ཅི་ཆེ་སྟེ། གདན་ནི་ཅི་ཆེ་སྟེ་ཞེས་བཞུགས་པ་དང་གདན་མཚམས་སྦྱོར་བའི་ཚིག་སྦྱོར་བའི་ཚིག་ཕྱི་མ་དེ་འདྲེན་ཕྱིར་སྟེ་སྦྱར་ཡོད་པ་དང་། ཡང་སྟེང་གི་ལྷ་བསྙེན་ཏེ་ཞེས་ཚིག་ཕྱི་མ་འདྲེན་པའི་དུས་ལ་ཏེ་སྦྱར་ཏེ་འདྲེན་པ་ལྟ་བུ་ཡིན་ནོ། །
དེ་མིན་ཡིག་རྙིང་ཁྲོད་དུ་ད་དུང་ལ་དོན་དང་། ན་སྒྲ། དགག་པའི་སྒྲ། འབོད་པའི་སྒྲ་སོགས་ཀྱི་ཕྲད་འགའ་རེ་ཡོད་མོད། འདིར་རེ་རེ་བཞིན་མ་དྲངས་སོ། །
གཉིས་པ། དུས་གསུམ་གྱི་རྣམ་གཞག་ལས་བྱ་ཚིག་སྦྱོར་སྟངས་དང་མིང་གི་ཟློས་ཚིག་སྐོར།
༡ དུས་གསུམ་གྱི་རྣམ་གཞག་ལས་བྱ་ཚིག་སྦྱོར་སྟངས།
ཡིག་རྙིང་ལས་འདས་ཚིག་གི་སྐོར་ལ། བསྣམས། བཅད། བཏབ། ཁྲོས། འཁྲུགས། འཁྱུགས། བཀོལ། བཅིབས། གྲགས། ཐོབ། འགྲོགས། ཕབ། བརྔན། བཏང་། དཀྲུགས། ཕོག བཅོལ། འགྲོགས། ཞེས་འདས་ཚིག་ཕལ་ཆེར་ནི་བྱས་ཟིན་གྲུབ་ཟིན་དོན་དུ་འཇུག་སྟེ། རྗོད་པའི་གནས་སྐབས་དེའི་སྔོན་ལ་བྱ་བ་ཞིག་མཇུག་རྫོགས་མ་ཐག་གི་དོན་སྟོན་པའི་ཆེད་དུ་བྱ་ཚིག་གི་ནུས་པས་རྗོད་པའི་གནས་སྐབས་སུ་བྱ་བ་དེ་འདས་ནས་མེད་པ་མཚོན་པ་ཡིན།
ད་ལྟ་བའི་བྱ་ཚིག་ལ། གནོན། འཐིབ། འདྲེན། བསང་། ཟློག འབུལ། གཏོང་། འཚུབ། སློང་། འགྲུབ་སོགས་ལྟ་བུ།
དེ་ཡང་ཨ་ལགས་དོར་ཞིའི་«བརྡ་སྤྲོད་དོན་འགྲེལ་གསལ་གནད་ཀུན་གསལ»དུ་དུས་གསུམ་རྣམ་གཞག་ལས་ད་ལྟ་བའི་ཚིག་ལ་རིགས་བཅུ་བཞིར་དབྱེ་ཡོད་ཅིང་། དེ་ལྟར་དུ་དབྱེ་ན་ཡིག་རྙིང་འདིའི་ད་ལྟ་བའི་བྱ་ཚིག་ནི་དངོས་གཤིས་སྟོན་པ་དང་། ཡང་ན་རྣམ་འགྱུར་བྱེད་སྟངས། བྱེད་ལས་འདས་པ་སྟོན་པའི་ཚིག་གམ། བྱ་བའི་གནས་ཚུལ་བརྗོད་པའི་བྱ་ཚིག་དག་ཡིན་ནོ། །
མ་འོངས་པའི་སྐོར་ལ། འཐིབ། བཀོལ། བསང་། བསྐང་། བརྔན། གནང་། འཚུབ། དཀྲུགས། འགྲུབ། བཅོལ་ལྟ་བུ། སྤྱིར་མ་འོངས་པའི་ཚིག་གིས་དུས་མ་འོངས་པ་སྟོན་པ་ཡིན་ཀྱང་། རྗོད་བྱེད་ཚིག་གི་དབང་གིས་ད་ལྟ་མ་འོངས་ཀྱི་རྣམ་པ་དང་། འདས་པའི་རྣམ་པ་སྔ་ཕྱིའི་རིགས་དང་། འདས་མ་འོངས་ཀྱི་རྣམ་པ་དང་ད་ལྟ་བའི་རྣམ་པ་ཞེས་རིགས་གཉིས་བྱུང་བ་ལས་ཡིག་རྙིང་ཁྲོད་དུའང་དེ་གཉིས་ཀྱི་རྣམ་པ་བྱུང་ཡོད་དོ། །
སྐུལ་ཚིག་སྐོར་ལ། ཕོབ། ཟློག འགྲོགས། མནོལ། དཀྲུགས། ཕོག་ལྟ་བུ། དུང་དཀར་རིན་པོ་ཆེས་སྐུལ་ཚིག་ནི་སྨྲ་བརྗོད་ཀྱི་དོན་ཤེས་པའི་གང་ཟག་དང་། སེམས་མེད་པའི་དངོས་པོ་ལ་རྟོག་བཏགས་བྱས་ནས་སྐུལ་ཚིག་བརྗོད་པ་ཞེས་གསུངས་ཡོད་དེ། དེ་ལས་བཏགས་ཡུག་གྱི་སེམས་མེད་ཀྱི་དངོས་པོ་དང་། སྨྲ་བརྗོད་ཀྱི་ཡུལ་མིན་པའི་སེམས་ཅན་སོགས་ལ་སྐུལ་ཚིག་འཇུག་པ་ཕུད། བྱ་བ་བརྗོད་པའི་ཡུལ་གྱི་རང་བཞིན་དང་བྱས་རྗེས་སྟོན་པ། ཡང་ན་བྱ་ཡུལ་སྟེང་གི་བྱས་རྗེས་གྲུབ་ཟིན་སྟོན་པའི་སྐུལ་ཚིག་ཀྱང་འདིར་དྲངས་ཡོད་དོ། །
གཟུགས་མི་འགྱུར་བའི་བྱ་ཚིག་ལ། བཞུགས། འབར། སྤྲུལ། ཆགས། གཟེར། མཆོད། གསོལ། འཁོན། རྨས། ཕུད་སོགས་ལྟ་བུ། བྱ་ཚིག་འདི་དག་ནི་དུས་གསུམ་རྣམ་གཞག་ཁྲོད་དུ་འདས་མ་འོངས་ད་ལྟ་གསུམ་གར་གཟུགས་མི་འགྱུར་བའི་བྱ་ཚིག་ཡིན་ཏེ། དུས་གསུམ་གར་གཟུགས་གཅིག་བསྟན་ཏེ་རྗོད་པའི་ཚིག་གི་དོན་སྟོན་པར་བྱེད་པ་ཡིན་ནོ། །
༢ མིང་གི་གྲུབ་ཚིག་ལས་ཟློས་སྒྲའི་རྣམ་པ།
“ཟློས་སྒྲའི་རྣམ་པའི་མིང་ཞེས་པ་ནི་འདོད་རྒྱལ་གྱི་མིང་དག་གི་རྨང་གཞིའི་ཐོག་དར་འཕེལ་བྱུང་བའི་མིང་གི་གྲུབ་ཚུལ་གྱི་རྣམ་པ་ཁྱད་པར་བ་ཞིག་སྟེ། སྒྲ་ཚིགས་གཅིག་གམ་ཚེག་ཁྱིམ་གཅིག་ཅན་གྱི་མིང་ངམ་ཐ་སྙད་བསྐྱར་ཞིང་བཟློས་ནས་གྲུབ་པའི་མིང་འདུས་མའི་རིགས་ཤིག་ལ་ངོས་འཛིན་དགོས་སོ། ། ཞེས་གསུངས་ཡོད་ཅིང་། རྗོད་བྱེད་ཚིག་དེའི་དགོས་མཁོ་དང་བྱེད་ནུས་ཀྱི་དབང་གིས་ཟློག་སྒྲ་སྟེ་མིང་དེ་བསྐྱར་ཞིང་ཟློས་ན་ཚིག་ཉམས་ཕུན་སུམ་ཚོགས་པ་ཞིག་ཐོན་ནུས་པ་དང་། རང་བོད་ཀྱི་སྐད་ལ་མཚོན་ན་ངག་ཡིག་ཐོག་གཉིས་ཀའི་བརྡ་སྤྲོད་ཀྱི་འཕེལ་སྟངས་ལ་ཁྱད་པར་ཅུང་མཆིས་མོད། ཡིན་ཡང་ཟློས་སྒྲའི་མིང་དག་གིས་སྐད་ཆའི་གནས་བབ་སོ་སོར་བརྗོད་དོན་གང་རུང་ཞིག་གི་ཁྱད་ཆོས་དང་རང་བཞིན་འབུར་དུ་བཏོད་ནུས་པ་མ་ཟད། ཚིག་སྦྱོར་གྱི་ཉམས་ཀྱང་ལྷག་ཏུ་འདོན་ཐུབ་པས་བོད་ཀྱི་ཁ་སྐད་དང་ཡང་ན་རྒྱུན་བཀོལ་གྱི་ངག་ཐོག་རྩོམ་རིག་ཁྲོད་དུ་བཀོལ་བ་ཤིན་ཏུ་མང་། དེའང་སྲིད་པ་སྤྱི་མདོས་ཀྱི་ནང་དུ་ཟློས་སྒྲ་རིགས་མི་འདྲ་བ་རིགས་གསུམ་ནས་མངོན་ཡོད་དེ། འདིར་གདུགས་དཀར་བཀྲ་ཤིས་ལགས་ཀྱི་དཔྱད་རྩོམ་ཁྲོད་བཀོལ་བའི་མིང་གི་འབོད་ཚུལ་ལྟར་དྲངས་ན། སྒྲ་ཚིགས་ནི་སྐད་ཆ་རིག་པའི་གཞུང་དུ་མི་རྣམས་ཀྱིས་ཚོར་རུང་གི་ཆེས་རུང་བྱུང་གི་སྒྲ་གདངས་ཀྱི་སྡེ་ཚན་ཞིག་ཡིན་པ་དང་། རྒན་ཚེ་དབང་ལྷ་མོས་སྒྲ་ཚིགས་ནི་སྒྲ་རྒྱུ་གཅིག་གམ་སྒྲ་རྒྱུ་འགའ་ཤས་ལས་གྲུབ་པ་ཞིག་རེད། བོད་པའི་སྐད་ལ་མཚོན་ནས་བཤད་ན། ཚེག་བར་རམ་ཚེག་ཁྱིམ་ནི་སྔ་ཕྱིའི་ཚེག་གི་བར་ཡིག་འབྲུ་གཅིག་ནས་བཞི་བར་གང་ཡོད་དགོས། དཔེར་ན། སྒྲུབ་ལྟ་བུ་ནི་སྒྲ་ཚིགས་གཅིག་ཡིན་ཞིང་ཡིག་འབྲུ་གཉིས་ཀྱི་ས་ཁོངས་འཛིན་ཡོད་ཅེས་གསུངས། དེ་ལྟར་ན་སྒྲ་ཚིགས་ནི་ཡི་གེ་ལས་ཆེས་ཆུང་བའི་སྡེ་ཚན་ཡིན་ཏེ། སྒྲུབ་པ་ལྟ་བུ་ནི་སྒྲ་ཚིགས་གཉིས་ཀྱིས་གྲུབ་པ་ཡིན།
ཀ སྒྲ་ཚིགས་རྐྱང་ཟློས་རྣམ་པ།
སྒྲ་ཚིགས་རྐྱང་ཟློས་ནི་སྒྲ་དོན་གཟུགས་གསུམ་མཚུངས་པའི་མིང་གཅིག་ཟློས་ཏེ་གྲུབ་པའི་མིང་འདུས་མ་ཞིག་ཏུ་ངོས་བཟུང་ཆོག་ལ། དེར་གྲུབ་ཚུལ་གྱི་ཆ་ནས་ཟུང་ཟློས་དང་གསུམ་ཟློས་ཀྱི་རྣམ་པ་གཉིས་དང་། མིང་གི་ངོ་བོའི་ཆ་ནས་ཁྱད་ཆོས་དང་བྱ་བ་སྟོན་པ། བྱེ་བྲག་གསལ་བྱེད་དང་རྣམ་འགྱུར་གསལ་བྱེད་བཅས་རིགས་བཞིར་བསྡུས་པ་ལས་འདིར་ཡིག་རྙིང་ཁྲོད་ཀྱི་སྒྲ་ཚིགས་རྐྱང་ཟློས་ཀྱི་རིགས་དག་ནི་བྱ་བ་སྟོན་པའི་མིང་གི་ཟློས་སྒྲ་ཡིན་ཏེ། བཤམས་བཤམས། བསམ་བསམ། དགའ་དགའ། སྡང་སྡང་། གདོན་གདོན། ཞེས་དུས་འདས་པ་གསལ་བྱེད་རྣམས་བཟློས་པ་ན། ལས་ཅི་རིགས་བྱེད་པའི་ནུས་པའམ་བྱེད་པོའི་རྩོལ་བ་དང་ཤུགས་ཀྱི་ཚད་ཇེ་མཐོར་གཏོང་བ་དང་། ཚིག་གམ་མིང་དེའི་སྟོན་པའི་ངང་ཚུལ་གསོན་ཉམས་ལྡན་པར་སྟོན་པ་ཡིན་ནོ། །
ཁ། མིང་མཐའ་ཟློས་པའི་རྣམ་པ།
སྒྲ་ཚིགས་ཕྱི་མ་དེ་ཟློས་སྒྲའི་རྣམ་པར་གྲུབ་པ་སྟེ་ཁྱད་ཆོས་དང་བྱ་བ་བརྗོད་པའི་མིང་གང་ཞིག་གི་མཐར་ངང་ཚུལ་ལམ་རྣམ་པ་དང་ཡིད་འགྱུར་གསལ་བྱེད་ཀྱི་ཟློས་སྒྲ་བྱུང་བའི་མིང་འདུས་མའི་རྣམ་པ་ཞིག་ཡིན། དེ་ལས་མང་ཆེ་ཤོས་ནི་སྒྲ་ཚིགས་གསུམ་ཅན་གྱི་བདག་ཉིད་དེ། ཡིག་རྙིང་ལས་མེར་རེ་རེ་དང་། ཤ་ར་ར། ཐོ་རོ་རོ། ཅི་ལི་ལི། ཁྲོལ་ལོ་ལོ། ཐུ་ལུ་ལུ། སྤུ་ལུ་ལུ། འཁྱིལ་ལི་ལི། སིལ་ལི་ལི། ཝལ་ལ་ལ། ཏལ་ལ་ལ་ཞེས་སྒྲ་ཚིགས་གསུམ་ཅན་བཅུ་གཅིག་དེ་བྱ་བ་དང་ཁྱད་ཆོས་བརྗོད་པའི་མིང་ཡིན་ཞིང་། དེ་ལྟར་བཀོལ་ན་མིའི་སྣང་ངོར་ཇི་ལྟར་ཚོར་བའི་ངང་ཚུལ་དང་རྣམ་འགྱུར་གསལ་བ་དང་གསོན་ཉམས་ཐོན་པའི་ནུས་པ་འདོན་པ་ལས་གཞན། བརྗོད་བདེའི་དབང་གིས་གོམས་སྲོལ་ཞིག་ཏུ་གྲུབ་པའི་སྣང་ཚུལ་ཀྱང་ཡོད་པའོ། །
ག བར་བཅུག་ཏུ་ཟློས་པའི་རྣམ་པ།
དེ་ནི་གདངས་དང་དོན་འདྲ་བའི་སྒྲ་ཚིགས་མཐུན་པ་གཉིས་ཀྱི་བར་དུ་ཚེག་བར་ཐོག་མའི་ཡང་འཇུག་གི་སྒྲ་མཚུངས་ཤིང་ཨ་ལི་གཉིས་པ་སྦྱར་བའི་སེ་སྒྲས་ཆོད་དེ་ཟློས་སྒྲའི་རྣམ་པ་བྱུང་བ་ཞིག་ཡིན་ཏེ། ཡིག་རྙིང་ལས། འཁྱུགས་སེ་འཁྱུགས། ལྷམས་སེ་ལྷམས། ཐིབས་སེ་ཐིབས། ཐིམས་སེ་ཐིམས། བུམས་སེ་བུམས། ཞུམས་སེ་ཞུམས། ལིངས་སེ་ལིངས། བྲེམས་སེ་བྲེམས། ཁྲིགས་སེ་ཁྲིགས། ཧྲིབས་སེ་ཧྲིབས། ལྷུབས་སེ་ལྷུབས། ལམས་སེ་ལམས། ཕུངས་སེ་ཕུངས། ཧྲུགས་སེ་ཧྲུགས། ལྡེམས་སེ་ལྡེམས། ཡེམས་སེ་ཡེམས། ཁྲོབས་སེ་ཁྲོབས། ཡམས་སེ་ཡམས། ཞམས་སེ་ཞམས། ཆེམས་སེ་ཆེམས། ཞེས་སྒྲ་ཚིགས་མཐུན་པ་གཉིས་ཀྱི་བར་དུ་སྒྲའི་གྲུབ་ཆ་གཞན་ཞིག་སྦྱོར་བའི་སྲོལ་འདི་ནི་བཙན་པོ་ཁྲི་སྲོང་སྐབས་ཀྱི་བོད་ཀྱི་སྐད་དང་ཡི་གེའི་གྲུབ་ཆའི་ཆ་ཤས་ཤིག་ཏུ་གྱུར་ལ། སྐབས་དེའི་ངག་དང་ཡི་གེའི་ཁྲོད་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པར་བལྟས་ན་དེ་དུས་སུ་བོད་ཀྱི་སྐད་དང་ཡི་གེ་འཕེལ་རྒྱས་ཕྱིན་ནས་ཡུན་རིང་འགོར་བ་མཚོན་ཐུབ། དེས་མ་ཟད་སྲོལ་དེ་ལོ་རྒྱུས་ཀྱི་འཕེལ་རིམ་གང་མང་ཞིག་བརྒྱུད་ནས་ད་ལྟའི་བར་མ་ཉམས་པར་གནས་ཡོད་དེ། ཟློས་སྒྲ་རྣམ་པའི་མིང་གི་སྦྱོར་བ་ནི་བོད་ཀྱི་དམངས་ཁྲོད་ཀྱི་གླུ་གཞས་དང་ཡང་ན་གཏམ་དཔེ། མགུར་གླུ་དང་ཤགས། རྒྱུན་ལྡན་གྱི་ཁ་སྐད་སོགས་ཀྱི་ནང་དུ་བཀོལ་རྒྱ་ཤིན་ཏུ་ཆེ། དེ་ལས་སྒྲ་ཚིགས་གསུམ་ཅན་གྱི་རྣམ་པ་འདིས་མིང་རང་སྟེང་གི་ཆོས་ཉིད་ཅིག་ཡོད་པ་ནི་སྒྲ་ཚིགས་མཐུན་པ་གཉིས་ཀྱི་བར་དུ་བཅུག་པའི་སྒྲ་དེ་ནི་སྒྲ་ཚིགས་སྔ་ཕྱིའི་ཡང་འཇུག་དབྱངས་ཨེ་ལྡན་ཅན་ཏུ་གྱུར་ནས་དམངས་ཀྱིས་བརྗོད་བདེ་བའི་སྐད་ཀྱི་གོམས་སྲོལ་ཀྱི་ཁྱད་ཆོས་ཤ་སྟག་ཡིན་ལ། དབྱངས་ཨེ་ལྡན་ཅན་ནི་སྒྲའི་སྡེབ་སྦྱོར་གྱི་དབང་དང་སྒྲའི་ལྕི་ཡང་དབང་གིས་སྦྱར་བ་ཡིན་ཞིང་། དེར་སྒྲ་ཚིགས་ལ་ཐུན་མིན་གྱི་ཁྱད་ཆོས་ཤིག་བསྣན་ཏེ་ཚིག་དེ་སྔར་ལས་བརྗོད་བདེ་རང་དབང་དང་། གསོན་ཉམས་དོད་པོ། མིའི་སྣང་ངོར་ཡིད་དགའ་ཉམས་སྤྲོ་བའི་ཚོར་བ་ཞིག་སྟེར་བའོ། །
མདོར་ན། བཙན་པོ་ཁྲི་སྲོང་སྐབས་བྱུང་བའི་སྲིད་པ་སྤྱི་མདོས་ལྟ་བུའི་ཡིག་རྙིང་དུ་བརྡ་སྤྲོད་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པ་འདི་དག་དེང་གི་སྐད་དང་ཡི་གེ་ནང་དུ་རྒྱུད་འཛིན་བྱས་ཏེ་ཡི་གེའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་པ་དང་། དེ་ལས་གཅིག་ནས་ཁྲི་སྲོང་སྐབས་ནས་རང་བོད་ཀྱི་སྐད་དང་ཡི་གེ་འཕེལ་རྒྱས་ཕྱིན་ནས་བོད་ཡིག་ཉིད་ཕུན་སུམ་ཚོགས་པ་ཡིན་པ་རྟོགས་པ་དང་། གཉིས་ནས་དེང་གི་ཆར་འདི་དག་གིས་མུ་མཐུད་དུ་རང་སྐད་ཡིག་ཁྲོད་གོ་གནས་འགངས་ཆེན་བཟུང་སྟེ་དར་སྤེལ་དང་མིང་རྒྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པ་ཡིན་ནོ། །
གསུམ་པ། ཚིག་སྦྱོར་གྱི་སྡེབ་སྦྱོར་སྟངས་དང་དེའི་ཁྱད་ཆོས།
ཁྲི་སྲོང་སྐབས་སྦས་པའི་གཏེར་མ་འདི་ལ་ཐུན་མིན་གྱི་སྐད་ཆའི་སྒྱུ་རྩལ་གྱི་ཆ་ཕུན་སུམ་ཚོགས་པ་ཞིག་ལྡན་པ་མཟད། ཚིག་སྦྱོར་སྡེབ་སྟངས་ཀྱི་ལྷུ་འགྲིག་ཅིང་རྗོད་བྱེད་ཀྱི་རྩལ་མཚར་དུ་དངར་བས་ཕྱུག་པ་དང་། གསོན་ཉམས་པའི་སྨྲ་སྒོས་ཕྱུག་པས་ན་བོད་ཀྱི་སྐད་དང་ཡི་གེའི་རིན་ཐང་བླ་ལྷག་ཏུ་མངོན་ཐུབ་པ་སྟེ།
༡ ཚིག་གི་སྡེབ་སྟངས་ཀྱི་ཆ་ནས་རྒྱན་བཀོལ་ཚུལ་ལ།
དཔེར་ན། སྤོས་བཏུལ་གདན་འདྲེན་པའི་སྐབས་སུ་སྐུ་དྭངས་དུང་བདར་འདྲ། སྐུ་གཏོས་རི་ལས་བརྗིད། སྡང་མིག་གློག་ལྟར་འཁྱུགས། དགའ་དགའ་ལ་མ་མ་འདྲ། སྡང་སྡང་ལ་གཤེད་མ་འདྲ། མཚུངས་པའི་དཔེ་སྦྱར་བ་ནི། ལུས་དང་གྲིབ་བཞིན་འགྲོགས། ཐོད་དཀར་ནི་སྤྲིན་ལྟར་འཁྲིགས། མི་འབྲལ་གྲིབ་ལྟར་འགྲོགས། ཞེས་དཔེ་དང་དཔེ་ཅན་གཉིས་མཚུངས་པ་གསལ་བྱེད་ཀྱི་སྒྲས་མཚུངས་པར་བྱས་ཏེ་དཔེ་དེས་དཔེ་ཅན་མཚོན་པའི་སྡེབ་སྦྱོར་གྱི་ཁ་ཤིན་ཏུ་འཕྲོད་པ་དང་། འཆད་བྱའི་དོན་དེ་དྲང་པོའི་ངག་གིས་རང་བཞིན་དུ་བརྗོད་པ་ནི་སྙན་ངག་གི་ཆ་ལྡན་པ་ལྟ་བུར་སྣང་། ཡང་གཏི་མིག་གི་ཞྭ་ནག་ཕུད། མཐུ་སྟོབས་ཚང་སྟང་འབར། མྱི་རལ་ལན་བུ་ན། ཐོག་སེར་ཤ་ར་ར། མྱི་སློག་ཆ་ག་ན། དབལ་སེར་ཐོ་རོ་རོ། དགུང་སྨན་དམུ་བདུད་ནི། གཞའ་ལམ་ཐིམས་སེ་ཐིམས། བཙན་ཐིས་མ་མོ་ནི། སྤྲིན་ལམ་ལྷམས་སེ་ལྷམས། དོག་བདག་ཀླུ་གཉན་ནི། ན་བུན་བུམས་སེ་བུམས། ཞེས་གཏི་མུག་དང་མཐུ་སྟོབས་དེ་ཞྭ་ནག་དང་ཚང་སྟང་འབར་བའི་གཟུགས་སུ་བྱས་པས་ཚིག་གི་རྗོད་པའི་ནུས་པ་ལ་སྔར་ལས་ཉམས་དང་ལྡན་པར་གྱུར་བ་དང་། ཚིག་གི་སྨྲ་ནུས་ཀྱི་ཚད་དེ་ཇེ་མཐོར་དང་ཉིང་བསྡུས་ཀྱིས་བརྗོད་གཞི་དོན་དེ་སྒྱུ་རྩལ་གྱི་ཆ་ཕྱུག་པའི་སྒོ་ནས་མཚོན་པར་བྱས་ཡོད།
༢ ཚིག་རྐང་རེ་རེའི་གྲུབ་ཚུལ་དང་སྡེབ་ལུགས་ཀྱི་སྐོར།
བོད་བཙན་པོའི་དུས་ཀྱི་རྩོམ་རིག་བརྩམས་ཆོས་ཀྱི་རྣམ་པར་བྱུང་རིམ་ཕྲ་ཞིབ་ཀྱིས་སྦྲེལ་ཏེ་བརྩམས་ཆོས་ཧྲིལ་བོར་གསོན་ཉམས་ལྡན་པར་བྱས་ལ་ཡིག་གྲངས་ཉུང་བ་མ་ཟད། རྩོམ་ལུས་ཧྲིལ་བོར་བབ་ཆགས་པའི་ཁྱད་ཆོས་ཀྱིས་ཕྱུག་ཡོད་དེ། སྲིད་པ་སྤྱི་མདོས་ཀྱི་ཡིག་རྙིང་ཧྲིལ་བོའི་ཚིག་གི་གྲུབ་ཚུལ་ནི་ཆེས་ཉུང་བ་ཚེག་བར་གཅིག་དང་གཉིས་ཅན། ཆེས་རིང་བ་ནི་ཚེག་བར་བཅུ་ཡས་མས་ཀྱིས་གྲུབ་པ་དང་། རྩོམ་ཧྲིལ་བོར་ཁྱབ་གདལ་དུ་སོང་བ་ནི་ཚེག་བར་ལྔ་ཅན་དང་དྲུག་ཅན་ཏེ། རིམ་བཞིན་དཔེ་དྲངས་ན་བསྭོ་དང་། མཐུ་ནུས་ཀྱིས་སྣང་སྲིད་ལྷ་འདྲེ་ཐམས་ཅད་གོང་ནས་མནན་དང་། བར་ན་གཉན་གཙང་ངོ། འོག་ན་ཀླུ་གཙང་ངོ། ཡར་ལ་གཞི་གཙང་ངོ། ཞེས་དང་། སྤྱན་འདྲེན་ནི་སུ་འདྲེན་ན། སྤྱན་འདྲེན་ནི་གཤེན་རབ་འདྲེན། དགུང་སུམ་གྱི་ཡ་ཤེད་ན། སྤྱན་འདྲེན་ནི་སུ་འདྲེན་ན། ཞེས་ཚིག་གི་སྡེབ་སྦྱོར་ལེགས་ཤིང་ལྷུ་འགྲིག་པ་མ་ཟད། བརྗོད་བྱའི་དོན་དེའང་རྗོད་བྱེད་ཐུན་མོང་མ་ཡིན་པའི་སྒོ་ནས་མཚོན་པར་བྱས་ཏེ་གཞན་ལ་ཟློས་པའོ། །
༣ ཚིག་སྦྱོར་གྱི་ཁྱད་ཆོས།
སྤྱིར་སྲིད་པ་སྤྱི་མདོས་ནི་ལྷ་ཀླུ་གཉན་གསུམ་གྱི་གཏོར་མ། མདོས་རྫས། དཀོར་ཆས། གསེར་སྐྱེམས་གཏོར་མ་སྤྱི་ལྟར་བཤམས་པ་སོགས་གྱེར་བའི་རང་དྲིས་རང་ལན་ཚུལ་གྱིས་མ་མོ་གཤེན་རྗེ་ཐེའུ་རང་སོགས་ཀྱིས་དམ་པའི་ཉེས་པ་བསག་སྐབས་ཚབ་བྱས་དངོས་པོས་འགྱོད་པའི་ནོང་པ་ཐོབ་པར་བཤད་པ་ཞིག་ཡིན་ཞིང་། དེའི་ཚིག་གི་སྦྱོར་བའི་སྒྱུ་རྩལ་གྱི་ཁྱད་ཆོས་ལ།
ཀ ཚིག་སྔ་ཕྱི་འབྲེལ་ཆགས་ཤིང་རོ་བཅུད་ལྡན་པ།
དཔེར་ན། ཡེ་སྲིད་ཀྱི་སོ་མཚམས་ན། སྤྱན་འདྲེན་ནི་སུ་འདྲེན་ན། སྤྱན་འདྲེན་ནི་གཤེན་རབ་འདྲེན། དགུང་སུམ་གྱི་ཡ་ཤེད་ན། ཞེས་དང་། ཡ་གཞི་ལ་གཡང་རི་ཆགས། སྟན་དཀར་ནི་ལིངས་སེ་ལིངས། འབྲུ་དཀར་ནི་གཡུ་འབྲང་ལ། རྟེན་མཁར་ནི་བྲེམས་སེ་བྲེམས། ཕོ་ཏོང་ནི་ཁྲིགས་སེ་ཁྲིགས། ཞེས་ཚིག་སྔ་ཕྱི་ཕན་ཚུན་དབར་འབྲེལ་ཆགས་པ་མ་ཟད། ཀློག་བདེ་ལ་བཅུད་ཀྱིས་སྤྲོས་པའི་ཁྱད་ཆོས་ལྡན།
ཁ ཚིག་བསྡུས་པ་གནད་ལ་ཁེལ་ཞིང་གསོན་ཉམས་ལྡན་པ་དང་། ཁྱད་གཞི་དང་ཁྱད་ཆོས་ཕན་ཚུན་མཐུན་ལ་ཁ་གསལ་གོ་བདེ་བའི་ཁྱད་ཆོས་ལྡན་པ།
དཔེར་ན། ཆུ་རྒྱལ་བཞི་འདུས་མགོ། རི་རྒྱལ་ཏི་སེའི་མདུན། མཚོ་རྒྱལ་མ་པང་འགྲམ། འོལ་ལུང་གཡུ་ཡི་མཁར། ཞེས་རྒྱུན་ལྡན་དུ་ང་ཚོས་ཁ་བརྡ་དང་ཡང་ན་ཡིག་ཐོག་རྩོམ་རིག་གང་རུང་ཞིག་འབྲི་སྐབས་ད་གནས་མཚམས་སྦྱོར་པར་ཚིག་ཅུང་ཙམ་རྙོག་འཛིང་ཆེ་རུང་། འདིར་ཐུན་མིན་གྱི་ངག་རྩལ་དང་སྨྱུག་རྩལ་གྱི་བློ་གྲོས་ལས་ཚེག་བར་ལྔ་བྱས་ཡིག་འབྲུ་ཉི་ཤུས་གནས་དེ་འབུར་དུ་ཐོན་པའི་སྒོ་ནས་བརྗོད་པ་ནི་ཚིག་སྦྱོར་སྤེལ་སྟངས་ཐུན་མོང་མ་ཡིན་པ་ཞིག་རེད་སྙམ། ཡང་སྡོང་ཞན་གྱིས་འདྲེས་བྱུང་ན། གཤེན་ལྷ་ལ་ནོང་པ་ཐོལ། དང་། སྡོང་བ་ནི་བགེགས་དང་སྡོང་། འགྲོགས་པ་ནི་གཉན་དང་འགྲོགས། ཞེས་ཚིག་གི་སྦྱོར་བ་ལྷུ་འགྲིག་པའི་དབང་གིས་སྡེབ་པའི་ཐ་སྙད་དབར་ཁ་འཕྲོད་འོས་མཐུན་གྱི་ཁྱད་ཆོས་ལྡན་པ་མ་ཟད། རྒྱུན་སྤྱོད་ཀྱི་གྲོགས་པོ་ངན་པ་ཞེས་མ་བཀོལ་བར་སྡོང་ཞན་ཞེས་སྟབས་བདེའི་ཚིག་དེ་གཉིས་ཀྱིས་བརྗོད་བྱའི་དོན་དེ་ཕལ་བའི་རྣམ་པའི་སྟེང་ནས་མཚོན་པར་བྱས་ཡོད་པ་ལྟར་དངོས་གནས་ཁྱད་མཚར་བའི་སྨྱུག་རྩལ་གྱིས་སིམ་ཡོད།
ག བརྗོད་དོན་བབ་ཆགས་ཤིང་སྣ་ཉུང་བ་དང་། བསམ་བྱ་དང་ཡིད་འགྱུར་ཤུགས་དྲག་པོའི་སྒོ་ནས་མཚོན་པ། དཔེར་ན། བཙན་རྗེ་ནི་ཅི་ལ་བགྱིས། ཟ་བ་ནི་ཤ་ལ་རྔམ། འཐུང་བ་ནི་ཁྲག་ལ་ཧབ། ཞེས་སྣ་གཅིག་པའི་གདངས་དང་། ཡང་སྡོང་ཞན་གྱིས་འདྲེས་བྱུང་ན། གཤེན་ལྷ་ནི་ནོང་པ་ཐོལ། ཞེས་ཚིག་བསྡུས་ཀྱིས་བརྗོད་གཞི་མཚོན་པར་བྱས་ཡོད་པ་དང་། གསོན་པོ་བླ་ཚེ་བརྟན། གཤིན་པོ་གཤེད་དུ་ཁྲོལ། རྒྱལ་ཁམས་བདེ་ལ་སྐྱིད། སྟོང་ཁམས་དར་ལ་རྒྱས། ཞེས་རང་གི་བརྗོད་བྱའི་དོན་དེ་རྗོད་བྱེད་ཀྱི་ཚིག་བསྡུས་ཤིང་ཡིད་འགྱུར་ཤུགས་དྲག་པོའི་མཚོན་པར་བྱས་ཏེ་བརྗོད་དོན་བབ་ཆགས་སུ་བྱས་ཡོད།
ང་། ཚིག་རྒྱུན་ཐུང་ཞིང་ཁ་ལ་འདྲེན་བདེ་བ། བྱུང་རིམ་སྟབས་བདེ་བ་མ་ཟད། ཡིད་འགྱུར་དྲག་ཅིང་སྨྲ་བརྗོད་ཀྱི་རྗོད་པ་ལ་སྒྱུ་རྩལ་གྱིས་ཕྱུག་པ། དཔེར་ན། དགུང་སྨན་དམུ་བདུད་ནི། གཞའ་ལམ་ཐིམས་སེ་ཐིམས། བཙན་ཐིས་མ་མོ་ནི། སྤྲིན་ལམ་ལྷམས་སེ་ལྷམས། ཞེས་བརྗོད་བྱའི་དོན་དེ་བརྗོད་སྐབས་ཉམས་འགྱུར་གྱིས་ཕྱུག་ཅིང་གསོན་ཉམས་ལྡན་པར་བྱས་ཡོད། ཡང་ཟ་བ་ནི་ཤ་ལ་རྔམ། འཐུང་བ་ནི་ཁྲག་ལ་ཧབ། ཞེས་ཆེས་དཀྱུས་མའི་སྣང་ཚུལ་དེ་ཆེས་བབ་ཆགས་ཀྱི་ཐ་སྙད་ཀྱིས་ཚིག་གི་སྦྱོར་སྟངས་ཐུན་མོང་མ་ཡིན་པ་ཞིག་སྤྱད་དེ་མཚོན་པར་བྱས་ཤིང་། གལ་ཏེ་དེ་ལྟར་མ་བསྡུས་པར་བཙན་རྗེ་དག་གིས་ཤ་དང་ཁྲག་ལ་རོལ་བར་བྱེད་ལྟ་བུར་མཚོན་ན་ཉན་མཁན་ཞིག་གིས་ཉན་ཡང་སྐྱི་གཡའ་དང་འཇིགས་པའི་ཚོར་སྣང་ཞིག་སྟེར་བ་དང་། ཡང་དཔེར་བཞག་ན་རྒྱུན་ལྡན་གྱི་ཁ་སྐད་ལྟར་ཁོང་ཟ་མ་ཟ་རུ་བུད་སོང་དང་། ཁོ་རང་དགའ་སྤྲོས་ངང་ཟ་མ་ཟ་རུ་བུད་སོང་། ཁོང་གིས་འཛུམ་པའི་མེ་ཏོག་ལྷང་ངེར་ཤར་ཏེ་ཟ་མ་ཟ་རུ་བུད་སོང་ཞེས་ཚིག་འདི་དག་གི་སྦྱོར་བ་ལ་འགྱུར་བ་རེ་བྱུང་ན་སྙན་པའི་ཉམས་དང་ལྡན་པས་གོ་སྐོན་བློ་འགུག་གི་ནུས་པ་ཐོན་ཐུབ་ཀྱང་ཡིག་རྙིང་འདིའི་ཚིག་སྦྱོར་ལ་དེ་ལས་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པའོ། །
མདོར་བསྡུས་ན། ཡིག་རྙིང་འདིའི་ཚིག་གི་སྦྱོར་སྟངས་དང་ཐ་སྙད་བཀོལ་སྟངས་ཐད་གཞན་ལས་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་ནི། དེར་ཚིག་བསྡུས་དོན་ཉུང་བ་དང་། སྦྱོར་བ་བབ་ཆགས་ཤིང་རིགས་ཉུང་བ། དོན་བསྡུས་གནད་ལ་ཁེལ་ཞིང་ཚིག་ལ་གསོན་ཉམས་ལྡན་པ་མ་ཟད། ད་དུང་མིའི་སྣང་ངོར་ལྷོད་གཡེང་དང་གོ་བདེའི་སྣང་བ་ཞིག་ཀྱང་སྟེར་ཐུབ་པས་ན། ཁྲི་སྲོང་སྐབས་ཀྱི་ཐུན་མོང་མ་ཡིན་པའི་རྩོམ་སྟངས་འདིས་རྗེས་ཀྱི་བོད་ཀྱི་རྩོམ་རིག་གར་སྟེགས་སུ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། རྩལ་ནུས་ཀྱི་ཐབས་བློ་མང་པོ་ཞིག་ཀྱང་བཞག་ཡོད། གཞན་བརྗོད་བྱ་དང་རྗོད་བྱེད་ལ་རང་དབང་ཆེ་བ་མ་ཟད། བབ་ཆགས་དང་ལྷོད་གཡེང་གྱིས་བསྟན་བྱའི་ནང་དོན་མཚོན་པར་བྱས་ཏེ་རྗོད་བྱེད་མཚོན་ཐབས་ཉིང་བསྡུས་ཀྱིས་ཚིག་གཅིག་གིས་དོན་འགའ་རེ་བརྗོད་པ་དང་། རྗོད་པ་འོས་མཐུན་ལྷུ་འགྲིག་གིས་མིར་བདེ་བའི་ཚོར་སྣང་ཞིག་དབང་མེད་དུ་སྦྱིན་པའོ། །
བཞི་བ། ཐ་སྙད་ཀྱི་གོ་དོན་ལ་འགྱུར་བ་བྱུང་ཚུལ།
དེ་ཡང་བོད་ཀྱི་སྐད་དང་ཡི་གེ་ལ་བཀས་བཅད་གཉིས་དང་སྐད་གསར་བཅད་ཐེངས་གཅིག་བྱས་པ་དང་། ཡང་ན་སྐད་གསར་བཅད་ཐེངས་གསུམ་བྱུང་ཚུལ་སོགས་བཤད་སྲོལ་ཡོད་མོད། འདིར་བཀས་བཅད་གཉིས་དང་སྐད་གསར་བཅད་ཐེངས་གཅིག་གི་བཤད་སྲོལ་གྱི་རྗེས་སུ་འགྲོ་སྟེ། ལི་ཤུའི་གུར་ཁང་དུ་བརྡ་གསར་རྙིང་གི་ཐ་སྙད་བཤད་པ་ལ། ཐུ་མི་ས་འབོར་དང་། བཙད་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་དང་པོར་བྱས་པའི་འགྱུར་རྣམས་ནི། དང་པོའི་བཀས་བཅད་ཀྱིས་བསྒྱུར་བ་སྟེ། སངས་རྒྱས་ཕལ་པོ་ཆེ་དང་། ལུང་སྡེ་བཞི་དང་། མདོ་སྡེ་ཁ་ཅིག་དང་ཤེར་ཕྱིན་གྱི་མདོ་ཁ་ཅིག་སྟེ། སྐད་གསར་བཅད་ཀྱིས་གཏན་ལ་མ་ཕབ་པ་རྣམས་ཏེ། གང་ལ་གག་དང་། དྲི་བསུང་ལ་དྲི་བསྩུང་དང་། བསངས་པ་ལ་བསྩངས་པ་ཞེས་པ་ལྟར་ན། སྲིད་པ་སྤྱི་མདོས་སུ་བསང་དང་བསངས་ཏེ། གཤེན་ལྷ་འོད་དཀར་བསང་། ཕུགས་ཀྱི་ལྷ་བསང་ཞེས་དང་། ཡང་མྱི་རལ་ལན་བུ་ན། ཐོག་སེར་ཤ་ར་ར་དང་། གཤེན་རབ་མྱི་བོ་ཆེ་སོགས་མྱི་དང་མྱེར་ཡ་བཏགས་པ་དེ་དག་གི་ཐ་སྙད་གཞིགས་ན་བཀས་བཅད་དང་པོ་བྱས་མ་ཐག་བྱུང་བ་ཡིན་པ་རྟོགས་ཐུབ། ཡང་ལི་ཤུའི་གུར་ཁང་དུ་བཀས་བཅད་གཉིས་པ་ནི་ཁྲི་རལ་བ་ཅན་ཡན་ཆད་དུ་སྐ་ཅོག་ཞང་གསུམ་ལ་སོགས་པས་མཛད་པ་དང་། གསུམ་པ་ནི་ལོ་ཆེན་རིན་ཆེན་བཟང་པོའི་དུས་སུ་མཛད་པར་གསུངས་ཤིང་བཀས་བཅད་བར་བ་བཞིན་དུ་མང་བ་གསུངས་ཏེ། ཡིག་རྙིང་འདིའི་ཁྲོད་དུ་གཏི་མུག་ལ་ཐིབ་རྨུག་དང་། མི་རྗེ་ལ་མྱི་རྗེ། མེ་འབར་ལ་མྱེ་འབར། འཇའ་ཚོན་ལ་གཞའ་ཚོ། བརྔན་ནི་མཆོད་པ་དང་། འབེབས་པ་ལ་དབབ་པ། ཐོགས་པ་ལ་བསྣམས་པ། བཙན་པོ་ལ་བཙད་པོ་དང་། མཐུད་ལ་འཐུད། ད་དང་ན་བརྗེ་རེས་དང་། མ་དང་འ་བརྗེ་རེས་བྱས་པ་སོགས་ཀྱི་བརྡ་རྙིང་མང་དུ་མཐོང་ཞིང་། ཡིག་རྙིང་འདིའི་ཐ་སྙད་དང་ཚིག་སྦྱོར་གྱི་སྡེབ་སྟངས། ཡང་ན་ཚིག་གི་གྲུབ་སྟངས་སོགས་ལ་བལྟས་ན་དེའི་སྐབས་ཀྱི་མི་རྣམས་ཀྱི་ཤེས་རིག་གི་རྩལ་ཤིན་ཏུ་མཐོ་བ་དང་། ཐ་སྙད་དག་ཀྱང་བསྲེགས་བཅད་བརྡར་གསུམ་བྱས་པ་ལྟ་བུའི་ཁྱད་ཆོས་ཐོན་ཡོད།
༡ བོན་ཞེས་པའི་ཐ་སྙད་ཀྱི་གོ་དོན།
སྲིད་པ་སྤྱི་མདོས་ནང་བོན་ཞེས་པ་ཟློས་པའི་དོན་ལ་གོ་དགོས་ཏེ། འཛབ་ཀྱི་སྙིང་པོ་བཤད་སྐབས་སུ་བསྭོ་བསྭོ་རཾ་རཾ་ཐིས་ཛྭོ་ཐིས་རཾ་རཾ་བསྭོ་རཾ་དུན་ཐ་བྲུྃ། འདི་བོན་པ་ན། དཔོན་གསས་ལུས་ལ་མེ་སྟག་འཕྲོ། མཐུ་ནུས་ཀྱིས་སྣང་སྲིད་ལྷ་འདྲེ་ཐམས་ཅད་གོང་ནས་མནན། ཞེས་འཛབ་ཀྱི་སྙིང་པོ་དེ་ཡང་ཡང་ཟློས་པ་ལས་དེའི་ནུས་པས་དཔོན་གསས་ཀྱི་ལུས་ལ་མེ་སྟག་འཕྲོ་བར་བྱས་པ་དང་། ལྷ་འདྲེ་ཐམས་ཅད་གོང་ནས་མནན་པ་སོགས་ཀྱི་ནུས་མཐུ་བྱུང་བ་མཚོན་ཞིང་། གལ་ཏེ་དེ་དག་ཡང་ཡང་བསྐྱར་ཟློས་མ་བྱས་ན་ནུས་པ་དེ་འདྲ་མི་འབྱུང་བ་ཡིན། དེ་བས་བོན་ཞེས་པ་ནི་ཡང་ཡང་བཟླ་བའམ་འདོན་པའི་དོན་ཡིན། གཞན་བོད་ཀྱི་མཁས་པ་རྣམས་ཀྱིས་བོན་ལ་འགྲེལ་བཤད་བརྒྱབ་པ་རེ་རེ་དྲངས་ན།
ཀ བོན་ལ་འོན་ཏེ། ཨ་མདོ་དང་ལྷ་སའི་ས་ཆ་ཁ་ཤས་སུ་བ་དང་འ་གཉིས་བརྗེ་རེས་བྱས་པ་ལས་བོན་པོ་ལ་འོན་པོ་དང་། བོད་ལ་འོད་ཅེས་འབོད་པར་གཞིགས་ནས་འོན་གྱི་བརྡ་རྙིང་སྟོན་པའམ་བྱིན་པའི་དོན་དུ་གོ་བར་བྱེད་པའི་འདོད་ཚུལ་དང་།
ཁ། ཡང་མཁས་དབང་དགེ་ཆོས་ཀྱི་གསུངས་ལས་ད་དང་ན་གཉིས་བརྗེ་རེས་ཀྱིས་བོད་དང་བོན་གཅིག་པ་ཡིན་པའི་འདོད་ཚུལ།
ག བོན་ནི་ཤེས་བྱ་དང་ལམ། འཁོར་བ། མྱང་འདས། ཡིད་ཀྱི་ཡུལ། དོན། གསུང་རབ་བཅས་བདུན་ལ་འཇུག་པ་ཞེས་སྙན་དུ་བོན་པས་ན་ཞེས་པ་དེ་ཡང་བཟློ་བའམ་འདོན་པའི་དོན་ཏུ་སེམས།
ང་། ཞང་ཞུང་གི་སྐད་གྱེར་དང་དོན་གཅིག་པའི་འདོད་ཚུལ།
ཅ། བོན་ཞེས་པ་པོ་ཟིའི་སྐད་ཀྱི་གཡར་མིང་ཡིན་ཞིང་། དེའི་གོ་དོན་ནི་རྩ་བ་དང་། རྨང་གཞི། རྩ་བའི་རྩེ་མོ། མཐིལ་ངོས་ཞེས་པའི་འདོད་ཚུལ་དང་།
ཆ། བོན་ནི་东巴ཡི་གནའ་མིང་ཡིན་པར་བཤད་དེ་སྔགས་འདོན་པ་པོ་ལ་གོ་ཞེས་དང་། གཞན་ཕྱི་རྒྱལ་གྱི་མཁས་པའི་ལྟ་ཚུལ་ལ།
1950Hoffman schmidtཡིས་གསུངས་པ་ལྟར་ན་བོན་པོ་ནི་དཔོན་པོ་ང་། བོན་པ་ཞེས་པ་ཡང་ཡང་བཟླས་པ་དང་། ཡང་ཡང་དབྱངས་ཀྱི་ཚུལ་དུ་བཟླས་པའི་དོན། G•Uray 和•Snellgrveགཉིས་ཀྱིས་གསུངས་པ་ལྟར་ན། བོན་ཞེས་པ་སྤྱིར་ན་འབོད་པ་དང་གསོལ་ཞིང་འབོད་པའམ། ཚིག་དབྱངས་སུ་ལེན་པ་དང་ངག་ནས་བསྐྱར་བ། དབྱངས་སུ་ལེན་པའི་དོན་སོགས་བཤད་ཚུལ་འདི་དག་གཞིར་བཞག་དང་། ལྷག་པར་དུ་ཡིག་རྙིང་དང་བོན་གྱི་ཡིག་ཆ་གཞན་དག་ལ་བལྟས་ནས་ཕན་ཚུན་བསྡུར་ན། བོན་ཞེས་པ་ནི་ཡང་ཡང་བཟླས་པ་དང་། འདོན་པ། ཡང་ན་དབྱངས་སུ་གྱེར་ཏེ་ཡང་ཡང་ངག་ནས་ལེན་པའི་དོན་ལ་འཇུག་པར་འདོད་དོ། །
༢ བསང་དང་བསང་གི་དོན་འགྱུར་ཚུལ།
བསང་དང་བསང་མཆོད་ནི་བོད་མི་ཞིག་ཡིན་ཕྱིར་ང་ཚོའི་ནམ་རྒྱུན་གྱི་འཚོ་བ་དང་འབྲལ་ཐབས་མེད་ལ། སུས་ཀྱང་སྒྲ་དོན་འདྲེས་འཛིན་གྱི་བློ་ངེས་རུང་བའི་ཐ་སྙད་ཅིག་ཡིན། ཡིན་ནའང་བསང་ཞེས་པའི་ཐ་སྙད་འདིའི་དོན་དང་ཚིག་གཤིས་ལ་འགྱུར་བ་བྱུང་ཡོད་དེ། སྲིད་པ་སྤྱི་མདོས་སུ ། བསང་ངོ་བསང་ངོ་ལྷ་བསང་ངོ། གཤེན་ལྷ་འོད་དཀར་བསང་། མནོལ་རྨུག་དང་འཁོན་འགྲས་བསང་། ཞེས་པའི་བསང་ནི་བྱ་ཚིག་ཡིན་ཏེ། དངོས་པོ་གང་ཞིག་གི་མི་གཙང་བ་དེ་སེལ་བར་བྱེད་པའི་ལས་ལ་བྱ་ཞིང་། ཡང་མཁར་རྨེའུ་བསམ་གཏན་ལགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་སུ་བསང་ཞེས་པའི་ཚིག་ནི་བྱ་ཚིག་བསང་བ་ཞེས་པ་ལས་མཆེད་པ་དང་། དེ་ནི་དྲི་ཞིམ་བརྒྱུད་ནས་བྱབས་ཁྲུས་བྱེད་པ་ཞེས་གཙང་སེལ་བྱས་པར་གོ། ཡིན་ནའང་དེང་སྐབས་བསང་ཞེས་པ་ནི་ཡོངས་ཁྱབ་ཀྱིས་མིང་ཚིག་ཏུ་ངོས་འཛིན་ཏེ། བསང་ཕུད་དགོས་པ་དང་། བསང་ཨེ་ཕུད་ཅེས་བྱ་བ་ཞིག་བྱེད་པའི་གཞི་ལ་ངོས་འཛིན་པར་བྱེད། ཡོངས་ཁྱབ་ཀྱིས་བསང་ནི་ཤུག་པ་དང་། ཕྱེ་མར། འོ་ཟས་སོགས་ཀྱིས་བརྒྱན་ཏེ་མེར་སྦར་དགོས་པའི་ལས་དེ་ལ་བསང་ཞེས་འབོད་པ་ལས་སྔོན་དུས་ཀྱི་བསང་ངོ་ཞེས་པའི་སྐབས་ཀྱི་གོ་དོན་དང་ཡོངས་སུ་མི་མཐུན་པའོ། །
༣ ཞེ་སའི་ཚིག་སྦྱར་བ་མང་བ།
སྐྱེམས་གླུད་ལ་ཡུ་ཏིས་བརྔན། ཁྲག་གླུད་ལ་ཆབ་ཀྱིས་བརྔན། ཞེས་ཆང་ལ་ཡུ་ཏི་དང་། ཁྲག་ལ་ཤི་ཆུ་དང་། ཤ་ལ་ཤེ་ཐུན་སོགས་ཀྱི་ཐ་སྙད་བཀོལ་ཏེ་བརྗོད་བྱའི་ངག་དེ་ཉམས་དང་ལྡན་པར་བྱས་ཏེ་ཡིད་དབང་འཕྲོག་པར་བྱས་ཡོད་པར་བལྟས་ན། སྐབས་དེར་ཐ་སྙད་སྡེ་ཆེ་ཞིང་སྣ་མང་ཕུན་སུམ་ཚོགས་པ་མ་ཟད། ཁྱབ་རྒྱ་ཆེ་ལ་བཀོལ་སྟངས་འདྲ་མིན་སྣ་ཚོགས་ཡོད་པ་རྟོགས་ཐུབ་བོ། །
མཐའ་དཔྱད།
དེ་ཡང་སྲིད་པ་སྤྱི་མདོས་ཞེས་པའི་ཡིག་རྙིང་འདི་ནི་གླེང་གཞིའི་ནང་བཤད་ཟིན་པ་ལྟར་བྱུང་བའི་དུས་ནི་བོད་ཀྱི་བཙན་པོ་ཁྲི་སྲོང་དུས་སུ་ཡིན་ལ་ཡི་གེར་འགོད་མཁན་ར་སངས་ཁྲི་ན་ཁོན་ལགས་དང་འདིར་ཡིག་རྙིང་རང་སྟེང་གི་བརྡ་སྤྲོད་ཀྱི་ཁྱད་ཆོས་དང་། དེ་མིན་ལེགས་བཤད་གཏེར་མཛོད་སོགས་སུ་འཁོད་པའི་གནས་ཚུལ་ལ་གཞིགས་ཏེ་སྡོམ་ཚིག་ཙམ་བཀོད་པ་དང་། འཆད་བྱའི་དོན་གྱི་གཙོ་བོ་ཡིག་རྙིང་ཁྲོད་ཀྱི་ཕྲད་དང་རྣམ་དབྱེ། ཚིག་སྦྱོར་དང་དེའི་སྡེབ་སྟངས་སོགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཇི་ལྟར་ལྡན་ཚུལ་དང་བཀོལ་སྟངས་ཁྱད་མཚར་བ་གང་དག་ཡོད་ཚུལ་བཅས་བརྗོད་པ་མ་ཟད། ཡིག་རྙིང་འདི་ཉིད་བོད་བཙན་པོའི་སྐབས་ཀྱི་མགུར་གླུའི་ཁྱད་ཆོས་དང་མཐུན་པ་མ་ཟད། ཡིག་རྙིང་ཁྲོད་ཀྱི་ཐ་སྙད་དང་བརྡ་རྙིང་སོགས་ལ་གཞི་བཅོལ་ནས་དེ་ནི་བཀས་བཅད་བྱས་པའི་རྗེས་སུ་བྱུང་བའི་ཡིག་རྙིང་ཞིག་ཡིན་པ་དང་། ཚིག་སྦྱོར་སྤེལ་སྟངས་ལ་ཚིག་ཉུང་ཞིང་དོན་བསྡུས་པ་དང་། ཁྱད་གཞི་དང་ཁྱད་ཆོས་ཀྱི་ལྷུ་འགྲིག་པ། ཚིག་སྦྱོར་བབ་ཆགས་ཤིང་གསོན་ཉམས་ལྡན་པའི་ཁྱད་ཆོས་ལྡན་པ་མ་ཟད། དོན་གྱི་ཉིང་བཅུད་དམ་རྡོག་རྡོག་དེ་ཡིག་འབྲུ་གཉིས་གསུམ་ཙམ་གྱིས་མཚོན་པར་བྱས་ཡོད། ཡང་ལ་ལར་བརྗོད་བྱའི་དོན་དེ་དྲི་བའི་ཚུལ་གྱིས་བཤད་དེ་ཁ་གསལ་གོ་བདེའི་རང་བཞིན་ལྡན། ངག་ཐོག་རྩོམ་རིག་ནི་རང་དབང་ཆེ་ལ་བརྗོད་དོན་སྟབས་བདེ་དང་། རྗོད་པ་ལྷོད་ལ་བབ་པ་ཞིག་ཡིན་པ་མ་ཟད། མིའི་སྣང་ངོར་སྟབས་བདེའི་ཚོར་སྣང་ཞིག་སྦྱིན་ཐུབ་སྟེ། ཡིག་རྙིང་འདིར་ཁྱད་ཆོས་དེ་དག་ལྡན་ལ་མཚམས་ལར་ཚིག་བསྡུས་བྱས་ཏེ་བརྗོད་དོན་མཚོན་པར་བྱས་པས་དངོས་གནས་ཧ་ལས་དགོས་པའི་ཚད་དུ་སླེབས་ཡོད། རྒྱན་གྱིས་མ་ཕྱུག་ཀྱང་ཚིག་སྦྱོར་སྡེབ་སྟངས་ལ་ཐུན་མོང་མ་ཡིན་པའི་དོན་འཁྱོལ་གནད་ཁེལ་གྱི་ཁྱད་ཆོས་ལྡན་པས་བཙན་པོ་ཁྲི་སྲོང་སྐབས་ཀྱི་བོད་ཀྱི་སྐད་དང་ཡི་གེའི་རྩོམ་རྩལ་ངོ་མཚར་བ་ཞིག་ཡིན་པ་མཚོན་ཡོད་པ་མ་ཟད། དེ་དག་གིས་རྗེས་ཀྱི་བོད་ཀྱི་རིག་གནས་ཁྲོད་གོ་གནས་གལ་ཆེན་དང་ཤུགས་རྐྱེན་དང་ནུས་པ་ཆེན་པོ་འདོན་དང་འདོན་བཞིན་ཡོད་ཅིང་། ང་ཚོ་རྗེས་རབས་བོད་ཀྱི་ན་གཞོན་རྣམས་ཀྱིས་རང་རིགས་ཀྱི་རིག་གནས་བང་མཛོད་ཆེན་མོའི་སྒོ་འཕེར་ཡངས་པོར་ཕྱེ་སྟེ་སྔར་ལས་འཕེལ་རྒྱས་དང་ཡང་ན་ཞིབ་འཇུག་གིས་མུ་ནས་མུ་མཐུད་དུ་འཕེལ་རྒྱས་སུ་གཏོང་དགོས་པ་ནི་ང་ཚོའི་རྟག་བརྟན་གྱི་ངེས་འཛིན་དང་དམ་བཅའ། འགན་འཁྲི་དང་འོས་འགན་ལགས་སོ། །
དཔྱད་གཞིའི་ཡིག་ཆ།
༡ ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད། མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ལོའི་ཟླ་༩པར་པར་གཞི་དང་པོ།
༢ མཁར་རྨེའུ་བསམ་གཏན་གྱི་གསུང་རྩོམ་ཕྱོགས་བསྒྲིགས། མདའ་དང་འཕང་། སྨད་ཆ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༩པར་པར་གཞི་དང་པོ།
༤ ཀརྨ་སི་ཏུ་ནས་བརྩམས། ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོའི་ཟླ་༢པར་པར་གཞི་གཉིས་པར་བསྒྲིགས།
༤ ཚེ་དབང་ལྷ་མོས་བརྩམས། བོད་ཀྱི་བརྡ་སྤྲོད་རིག་པའི་རྣམ་བཤད་སྔོན་མེད་རིག་པའི་འཕྲུལ་ཤེལ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༨ལོའི་ཟླ་༡༠པར་པར་གཞི་དང་པོ་བསྒྲིགས།
༥ གདུགས་དཀར་བཀྲ་ཤིས། བོད་སྐད་ཀྱི་མིང་གི་གྲུབ་ཚུལ་ལས་ཟློས་སྒྲའི་རྣམ་པར་མདོ་ཙམ་དཔྱད་པ། མདོ་སྨད་ཞིབ་འཇུག གླེགས་བམ་གསུམ་པ། མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ༢༠༠༨ལོའི་ཟླ་༡པར་པར་གཞི་དང་པོ་བསྒྲིགས།
༦ རྒྱ་ཡེ་བཀྲ་བྷོས་གཙོ་སྒྲིག་མཛད། བོད་ཀྱི་རྩོམ་རིག་ལོ་རྒྱུས་སྐལ་བཟང་མིག་སྒྲོན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ལོའི་ཟླ་༣པར།
༧ དག་ཡིག་ཕྱོགས་བསྒྲིགས་མུ་ཏིག་ཚོམ་བུ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ལོའི་ཟླ་༨པར་པར་གཞི་དང་པོ་བསྒྲིགས།
༨ ཀུན་བཟང་བློ་གྲོས་ཀྱིས་བརྩམས། ཞང་བོད་ཀྱི་ལོ་རྒྱུས་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ་མ་བཅོས་གསེར་གྱི་ཡང་ཞུན། མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ལོའི་ཟླ་༦པར་པར་གཞི་དང་པོ་བསྒྲིགས།
༩ དོར་ཞི་གདོང་དྲུག་སྙེམས་བློས་བརྩམས། བརྡ་སྤྲོད་དོན་འགྲེལ་ཟབ་གནད་ཀུན་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ལོའི་ཟླ་༢པར།
༡༠ མཁྱེན་རབ་འོད་ཟེར་གྱིས་བརྩམས། མཁྱེན་རབ་འོད་ཟེར་གྱི་གསུང་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༣ལོའི་ཟླ་༢པར་པར་གཞི་དང་པོ།