ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> དཔྱད་རྩོམ། >> འབུམ་བཞི་དང་རྒྱུད་བཞི་གཉིས་ལས་གཏོ་བཅོས་དང་སྨན་བཅོས་ཟུང་འབྲེལ་བྱ་བ་དང་དེའི་ཕན་ནུས་གླེང་བ།
འབུམ་བཞི་དང་རྒྱུད་བཞི་གཉིས་ལས་གཏོ་བཅོས་དང་སྨན་བཅོས་ཟུང་འབྲེལ་བྱ་བ་དང་དེའི་ཕན་ནུས་གླེང་བ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སྐྱང་སྤྲུལ་དྲི་མེད་འོད་ཟེར།] [ཟླ་ཚེས། 10-11-05] [ཀློག་གྲངས། ]

 

— སྐབས་བཅུ་གཉིས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ལ་དབུལ་བྱའི་དཔྱད་རྩོམ་ལས།

      སྨན་འབུམ་དང་རྒྱུད་བཞི་ལས་ནད་རིགས་འགའ་ལ་གཏོ་བཅོས་དང་སྨན་བཅོས་ཟུང་འབྲེལ་དུ་གསུངས་པའི་སྐོར་ཅུང་ཟད་བཤད་པ། བདུད་རྩིའི་བང་མཛོད་སྨན་འབུམ་བཞི་སོགས་གསོ་བ་རིག་པ་བྱུང་བའི་ཁུངས་དང་གསུངས་པའི་གཞུང་དང་། བསྟན་པའི་སྣོད་དང་གསུངས་པའི་གནས་སོགས་དང༌། རིག་པའི་གནས་ལྔའི་གྲས་ཡིན་པ་དང་བཀའ་འཁོར་དང་པོ་ཐེག་རིམ་དགུ་ལས་དང་པོ་ཕྱྭ་གཤེན་ཐེག་པ་ཡིན་པ་དང༌། གསུངས་ཚུལ་དང་དུས་རབས་དང༌། སྨན་འབུམ་བཞི་ཡི་ནང་དོན་མཚམས་སྦྱོར་དང༌། རྐྱེན་གྱི་དབང་ངམ་དགོས་པའི་དབང་གིས་དུས་དང་བསྟུན་པའི་བསྟན་པ་དཔལ་ལྡན་རྒྱུད་བཞི་ཞེས་པར་མཚན་བསྒྱུར་ནས་ལེགས་བསྒྲིགས་གནང་ཚུལ་སོགས་ནི། སྔར་ཁོ་བོས་བྲིས་པའི་གནའ་བོའི་གསོ་རིག་རགས་རིམ་ཞེས་པ་དང༌། རྔ་བ་ཁུལ་ཁོངས་སུ་«བོད་ཀྱི་གསོ་རིག་དར་ཚུལ་སྐོར»ཞེས་པ་དང༌། མཚོ་སྔོན་བོན་བརྒྱ་དགོན་གྱི་དུས་དེབ«དཔྱོད་ལྡན་མཆོད་པའི་མེ་ཏོག»དེབ་གྲངས་དག་ན་ཡོད་པས་འདིར་བསྐྱར་ཟློས་ཀྱི་ངལ་བ་མི་བྱའོ། །
      འདིར་སྐབས་དོན་གཙོ་བོ་བདུད་རྩིའི་བང་མཛོད་སྨན་འབུམ་བཞི་དང་དཔལ་ལྡན་རྒྱུད་བཞི་ལས་ནད་རིགས་ཀྱི་བྱེ་བྲག་གདོན་རྐྱེན་ལས་གྱུར་པ་འགའ་ཞིག་སྨན་དཔྱད་དང་གཏོ་བཅོས་ཟུང་འབྲེལ་དུ་བསྟན་ཚུལ་ཅུང་ཟད་བཤད་པ་ལ། སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི་རིག་པའི་གནས་ལྔ་དང་རྒྱུ་ཡི་ཐེག་པ་གསུངས་དགོས་དོན་ནི། སྣང་སྲིད་ཞི་བདེ་བསྐྱེད་པ་དང༌། སངས་རྒྱས་བསྟན་པའི་གཞི་འདིང་བའི་ཕྱིར་དུ་ཡིན་པ་དང༌། དེ་ལས་ཀྱང་ཕྱྭ་གཤེན་ཐེག་པ་ཐོག་མར་གསུངས་དགོས་དོན་འཁོར་བའི་སེམས་ཅན་ཉོན་མོངས་ཅན་ལ་སྡུག་བསྔལ་བར་བྱེད་པའི་རྒྱུ་ནད་ཀྱི་རིགས་དང༌། རྐྱེན་བར་གཅོད་བྱེད་པའི་བགེགས་ཀྱི་རིགས་གཉིས་ཡིན་པས། དེ་གཉིས་ཀྱི་གནོད་འཚེ་སེལ་ཐབས་ལ་གཏོ་ཡི་སྡེ་དང་དཔྱད་ཀྱི་སྡེ་གཉིས་དང༌། དེ་ཡི་ཆ་རྐྱེན་ནམ་ཡན་ལག་གི་ཚུལ་དུ་མོ་པྲའི་སྡེ་དང༌། གཙུག་ལག་རྩིས་ཀྱི་སྡེ་དང་བཞི་རུ་བསྟན་པ་སྟེ། མདོ་དྲི་མེད་གཟི་བརྗིད་ལས། ཉོན་ཅིག་དཔྱད་བུ་ཁྲི་ཤེས་ལ་སོགས་འཁོར། །ཕྱི་རབས་རྗེས་སུ་འབྲང་བའི་གང་ཟག་རྣམས། །སྙིང་རྗེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། །བྱམས་སེམས་འགྲོ་བ་ཡོངས་ལ་ཕན་གདགས་ན། །བརྒྱད་ཁྲི་བཞི་སྟོང་ཕྱི་ནང་གསང་གསུམ་ལས། །མ་ནོར་ངེས་པའི་དོན་དམ་བསྟན་པ་ནི། །འཁོར་བའི་སེམས་ཅན་ཉོན་མོངས་མ་རིག་པ། །མི་བདེ་སྡུག་བསྔལ་རྒྱུ་རྐྱེན་གཉིས་ཡིན་ཏེ། །དང་པོ་ནད་ཀྱི་རྒྱུ་ནི་མ་རིག་པ། །རྐྱེན་ནི་བར་དུ་གཅོད་པ་འབྱུང་པོའི་བགེགས། །དེ་གཉིས་རྒྱུ་རྐྱེན་གཉིས་སུ་འཛོམས་པ་ཡིས། །མ་རིག་འཁྲུལ་འཁོར་མུན་པའི་སྨག་རུམ་ན། །མི་བདེ་སྡུག་བསྔལ་ཉོན་མོངས་སྦྱོང་བར་བྱེད། །དེ་ལ་རིག་པའི་ཡེ་ཤེས་རྩལ་བསྐྱེད་ནས། །ཕན་པའི་ཐབས་ལ་གཏོ་དཔྱད་གཉིས་ཡིན་ཏེ། །ཞེས་དང༌། ཕྱྭ་གཤེན་ཐེག་པའི་མདོ་ལས། ཕྱྭ་གཤེན་ཐེག་པའི་བོན་སྒོ་ལ། །སྤྱི་རུ་གཏོ་དཔྱད་གཉིས་ཡིན་ཏེ། །སྒོས་སུ་རྣམ་པ་བཞི་རུ་བསྟན། །པྲ་ལྟས་མོ་དང་རྣོ་མཐོང་རྩིས། །ན་གསོ་གཏོ་དང་འཆི་བསླུ་དཔྱད། །རྣམ་པར་བཞི་རུ་ཤེས་པར་བྱ། །ཞེས་གསུངས། དེ་ལས། གཏོ་ཡི་ཆོ་ག་སུམ་བརྒྱ་དྲུག་ཅུ་སོགས་ནི་སྐུ་སྲས་གཅེན་པོ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་གཏོ་བུ་འབུམ་སངས་ལ་གསུངས། སྨན་དཔྱད་ཀྱི་མདོ་རྒྱུད་ཉིས་ཁྲི་ཆིག་སྟོང་སོགས་ནི། སྐུ་སྲས་དམ་པ་སེམས་དཔའ་སེམས་དཔའ་ཆེན་པོ་དཔྱད་བུ་ཁྲི་ཤེས་ལ་བསྟན་པར་གསུངས་ཡོད་དེ། མདོ་དྲི་མེད་ལས། ཕན་པའི་ཐབས་ལ་གཏོ་དཔྱད་གཉིས་ཡིན་ཏེ། །བགེགས་ལ་གཏོས་ཕན་གཏོ་བུ་དག་ལ་བསྟན། །སུམ་བརྒྱ་དྲུག་ཅུ་གཏོ་ཡི་སྨྲང་བཀྲོལ་ཞིང༌། །སྟོང་ཕྲག་དྲུག་ཅུའི་བགེགས་རྣམས་ཞི་དགའ་ནས། །འགྲོ་རྣམས་ཕན་བདེ་བསོད་ནམས་འཕེལ་བ་ཡིན། །ཀུན་རྫོབ་མཚན་མ་དངོས་པོར་བསྟན་ནས་ཀྱང༌། །བསྟན་པ་ཆགས་པའི་ཞིང་དང་གཞི་མར་འགྱུར། །འགྲོ་བ་ཐར་བར་ཁ་ལོ་བསྒྱུར་བའོ། །ནད་ལ་དཔྱད་ཕན་དཔྱད་བུ་ཁྱོད་ལ་བསྟན། །བཞི་བརྒྱ་རྩ་བཞི་ནད་ཀྱི་རྒྱུ་བསྐྱེད་ནས། །འགྲོ་བ་མི་བདེ་སྡུག་བསྔལ་སྦྱར་བ་ལ། །ཉི་ཁྲི་ཆིག་སྟོང་དཔྱད་ཀྱིས་ཕན་བདེ་ནས། །འགྲོ་བ་ཉོན་མོངས་ཟུག་རྔུ་སེལ་བ་ཡིས། །ཐར་བར་ཁ་ལོ་དབྱིངས་སུ་བསྒྱུར་བར་མཛོད། །ཅེས་གསུངས། འབུམ་བཞི་ལས། ནད་ཀྱི་རིགས་དང་དབྱེ་བ་ལས་གདོན་རྐྱེན་གྱི་ནད་ཡོད་ཚུལ་གསུངས་པ་ནི། ཐུགས་འབུམ་གྱི་གླེང་བཞི་ལས། འབྱུང་པོ་སྨྱོ་བརྗོད་གཟའ་དང་ཀླུ་གདོན་ལྔ། །ཞེས་དང༌། བྱིས་པ་ཉེར་སྤྱོད་ན་དང་དེའི་གདོན་གསུམ། །དཔྱད་འབུམ་ལས། བརྒྱ་དང་རྩ་གཅིག་ཀུན་བརྟགས་གདོན་གྱི་ནད། །ཅེས་གསུངས། གསོ་བྱ་ཡན་ལག་བརྒྱད་ཀྱི་གྲས་སུ་གདོན་ནད་ཡོད་པ་ཡང༌། དེ་ལས། ཡན་ལག་ལུས་དང་བྱིས་པ་མོ་ནད་གདོན། །མཚོན་དུག་རྒས་དང་རོ་ཙ་བརྒྱད་དུ་བསྟན། །ཞེས་གསུངས། དེ་བཞིན་དུ། ནད་ཀྱི་རྐྱེན་གྱི་གྲས་སུ་གདོན་གྱི་རྐྱེན་ཡོད་ཚུལ་ནི། དེ་ལས། དེ་ལ་དུས་གདོན་ཟས་དང་སྤྱོད་ལམ་བཞི། །དེ་དག་འཕེལ་ཞིང་ཟད་པར་གྱུར་ནས་ནི། །ཞེས་དང༌། དཔྱད་འབུམ་ཁྲ་བོ་ལས། འབྱུང་བའི་དུས་དང་གདོན་དུག་མི་འཕྲོད་ཟས། །གསོ་བ་ལོག་དང་ལས་ངན་སར་ལས་འབྱུང༌། །ཞེས་སོགས་གསུངས། གདོན་རྐྱེན་ཅན་གྱི་ནད་དེ་གཏོ་མདོས་གཏོང་བ་སོགས་རིམ་གྲོའི་ཆོ་གས་བཅོས་དགོས་པ་ནི། དེ་ལས། ཀུན་བརྟགས་གདོན་ནད་རིམ་གྲོས་གྲོལ་བ་དང༌། །ཞེས་དང༌། སྨན་འབུམ་དཀར་པོ་ལས། བརྒྱ་དང་རྩ་གཅིག་ཀུན་བརྟགས་གདོན་ཡིན་པས། །གདོན་བཅོས་རིམ་གྲོས་སྨན་མེད་ཕལ་ཆེར་འཚོ། །གདོན་བཅོས་མེད་ན་སྨན་དཔྱད་མི་ལེན་བྱེད། །དཔེར་ན་མདའ་ཚབ་གཞུ་ལ་བཙལ་བ་འདྲ། །ཞེས་དང་མན་ངག་རྒྱུད་ཆེན་ལས། བརྒྱ་དང་རྩ་གཅིག་ཀུན་བརྟགས་གདོན་གྱི་ནད། །གདོན་མ་བཅོས་པར་སྨན་དཔྱད་ལེན་མི་འདོད། །གདོན་བཅོས་སྨན་མེད་གྱུར་ཀྱང་འཚོ་བ་ཡོད། །ཅེས་གསུངས། ཕྱྭ་གཤེན་ཐེག་པའི་མོ་རྩིས་གཏོ་དང་སྨན་དཔྱད་རྣམས་སྦྲགས་མར་སྤྱད་དགོས་ཚུལ་ཡང་ཕྱྭ་གཤེནཐེག་པའི་མདོ་ལས། འགྲོ་དྲུག་སེམས་ཅན་མ་རིག་པ། །འཁྲུལ་འཁོར་མུན་པའི་སྨག་རུམ་དུ། །མ་རིག་ནད་ཀྱིས་གདུངས་པ་ལ། །བཟང་ངན་པྲ་ལྟས་མོ་ཡིས་བརྟག །ལེགས་ཉེས་རྣོ་མཐོང་རྩིས་ཀྱིས་གཞལ། །ན་བར་གྱུར་ན་གཏོ་ཡིས་གསོ། །འཆི་བར་འགྱུར་ན་དཔྱད་ཀྱིས་འཚོ། །ཞེས་སོགས་དང་། མོ་རྩིས་གཏོ་དཔྱད་བཞི་བོ་ལ། །ཀུན་གྱི་ཐོག་མ་མོ་ཡི་པྲ། །ཞེས་པ་ནས། བར་དུ་གསོ་རྐྱེན་གཏོ་ཡིས་བྱེད། །ཞེས་སོགས་དང༌། ཐ་མར་ལས་མཐའ་དཔྱད་ཀྱིས་སྡུད། །མི་བདེའི་ཐ་མ་བདེ་བར་སྡུད། །ན་བའི་ཐ་མ་སོས་པར་སྡུད། །གནོད་པའི་ཐ་མ་ཕན་པར་སྡུད། །ཅེས་པ་སོགས་དང༌། བཞི་བ་དཔྱད་ཀྱིས་འཚོ་བ་ལ། །འགྲོ་དྲུག་སེམས་ཅན་མ་རིག་པ། །ཉོན་མོངས་ནད་ཀྱིས་གདུངས་པ་ལ། །ནད་ལ་དཔྱད་ཀྱིས་ཕན་པའི་ཕྱིར། །ནས། མཁས་ཁྱད་ལག་ལེན་ལྡན་པ་ཡིས། །རྒྱུ་རྐྱེན་ཐམས་ཅད་མཐོང་ལ་དཔྱད། །ངོས་འཛིན་ཐམས་ཅད་རྩ་ལ་དཔྱད། །ཕན་གནོད་ཐམས་ཅད་ཆུ་ལ་དཔྱད། །འཆི་སོས་ཐམས་ཅད་ཁམས་ལ་དཔྱད། །དེ་ལྟར་ནད་ངོས་ཟིན་པ་དང༌། །ཚ་གྲང་བད་མཁྲིས་འདུས་པ་ལ། །བསིལ་དྲོད་འཛོམས་པའི་སྨན་སྦྱར་ནས། །ཞེས་པ་ནས། འདུ་བ་ཉི་ཁྲི་ཆིག་སྟོང་ལ། །ཉི་ཁྲི་ཆིག་སྟོང་སྨན་སྦྱར་ནས། །མ་རིག་ཉོན་མོངས་དྲུངས་ནས་འབྱིན། །ཞེས་སོགས་དང༌། དེ་ལྟར་མོ་རྩིས་གཏོ་དཔྱད་བཞི། །སྤྱོད་དང་འཇུག་དང་བརྟག་པ་ཡིས། །སེམས་ཅན་འགྲོ་ལ་སྨན་པར་མཛོད། །ཅེས་གསུངས། 
      གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་ལྔ་ལས། དང་པོ་གདོན་ནད་ཀྱི་རྒྱུ་རྐྱེན་གཞི་མཐུན་ནི། ནད་འབུམ་གྱི་གདོན་ནད་གསོ་བ་ལས། རྒྱུ་རྐྱེན་མཚན་ཉིད་དང༌། དབྱེ་བ་རྟགས་དང་བཅོས་ཐབས་ལྔ་ཡིས་བསྟན། རྒྱུ་རྐྱེན་མི་དགེ་བཅུ་དང་ལས་ངན་སྣ་ཚོགས་སྤྱད། གྲོང་རྒན་ཞིག་རྒོག་གནས་སུ་གྲོགས་མེད་བལྟ། ཕུག་འདྲེ་ཡོད་ན་འགགས་བརྩེག་ཀ་ཆ་ཁྱེར། ལྷ་སྲུང་མཆོད་འོས་ཆག་དང་མྱ་ངན་གདུང༌། ལུས་ངག་མི་གཙང་འབག་ཆོལ་ལས་ལ་ཞུགས། ཞེས་གསུངས། མཚན་ཉིད་ནི། དེ་ལས། གཉིས་པ་མཚན་ཉིད་འབྱུང་པོ་མི་མིན་རྣམས། །ལུས་ངག་ཡིད་ལ་ཞུགས་ནས་སྣང་བར་བསྒྱུར། །ཞེས་གསུངས། དབྱེ་བ་ནི། དེ་ལས།
      གསུམ་པ་དབྱེ་བ་ལྷ་དང་ལྷ་མིན་དང༌། དྲི་ཟ་ཀླུ་དང་གནོད་སྦྱིན་ཚངས་པ་དང༌། སྲིན་པོ་ཡི་དྭགས་གྲུལ་བུམ་བྱད་སྟེམས་དང༌། གཡེང་བྱེད་རོ་ལངས་ཕ་མྱེས་དུར་སྲི་དང༌། དམ་སྲི་རྒྱལ་འགོང་གཤིན་རྗེ་མོ་འདྲེ་དང༌། ཐེའུ་རང་ཕ་རོལ་སྦོད་འདྲེ་དང༌། སྤྱིར་ན་གདོན་ཆེན་བཅོ་བརྒྱད་དེས་བཏབ་འོང༌། ཞེས་དང་གདོན་ལ་འབྱུང་པོའི་གདོན་དང་སྨྱོ་བྱེད་གདོན། བརྗེད་བྱེད་གཟའ་དང་ཀླུ་གདོན་ལྔ་ཡིན་ཏེ། ཞེས་སོ། །དེ་ལྟར་འབྱུང་པོའི་གདོན་རིགས་ལ་བཅོ་བརྒྱད་ལྷག་ཡོད་དེ། སྨྱོ་བྱེད་དང་བརྗོད་བྱེད་གདོན་ནི། དེ་དག་གང་རུང་ཞིག་ཡིན་པར་བཤད། གཟའ་གདོན་ལ་ནང་གསེས་མེ་གཟའ་ཆུ་གཟའ་དང་ར་ཧུ་ལ་སོགས་གཟའ་བརྒྱད་ཡོད་ལ། ཀླུ་གདོན་ལ་རྒྱལ་རིགས་སོགས་ལྔ་དང་གཞན་ཡང་གཉན་ས་བདག་དམ་སྲི་ཐེའུ་རང་སོགས་ཡོད་པ་དང༌། བྱིས་པའི་གདོན་ལ་སྐེམ་པོ་སོགས་བཅོ་ལྔ་ཡོད་པར་གསུངས། སྤྱིར་ཕོ་གདོན་མོ་གདོན་ཀླུ་གདོན་སོགས་གཙོར་བྱས་པའི་གདོན་རིགས་སྟོང་ཕྲག་བརྒྱད་ཅུ་དང༌། ཕྱོགས་བཅུའི་གདོན་རིགས་དང་ལྷ་མ་སྲིན་སྡེ་བརྒྱད་དང་ལན་ཆགས་བདག་པོ་བདག་མོ་སོགས་སྣ་ཚོགས་ཡོད་པར་གསུངས།
      བཞི་བ་བརྟག་ཐབས་སམ་ངོས་འཛིན་བྱེད་ཐབས་ལ། སྤྱིར་ཕྱྭ་གཤེན་ཐེག་པའི་བོན་བཞི་ལས། མོ་པྲ་དང་རྩིས་རིག་ནི་ལེགས་ཉེས་དང་ཕན་གནོད་སོགས་ལྐོག་གྱུར་དང་མ་འོངས་པ་རྣམས་སྔོན་དཔག་གི་ཚུལ་དུ་བརྟག་ཐབས་དང༌། གཏོ་ཆོག་དང་སྨན་དཔྱད་ནི་ནད་དང་གནོད་འཚེ་སེལ་བའི་བཅོས་ཐབས་ཡིན་འདུག ཡང་གསོ་དཔྱད་རང་གཞུང་ལའང་ནད་རིགས་གང་ཡང་ལྟ་རེག་དྲི་བའི་སྒོ་ནས་བརྟགས་ནས་ངོས་འཛིན་ཐབས་ཡོད་པར་མ་ཟད། གདོན་ནད་ཡིན་མིན་དང༌། ཡིན་ན་གདོན་གང་ཡིན་མིག་གིས་བལྟ་བ་ནད་པའི་དྲི་ཆུའི་མདོག་དང་འདྲ་གཟུགས་དང་ཕྱོགས་མཚམས་གང་ན་གདོན་རྟགས་ཡོད་མིན་ལ་བརྟག་པ་དང༌། སོར་མོས་རེག་པ་རྩ་ལ། ངོ་མཚར་རྩ་བདུན་གྲས་ཀྱི་གདོན་རྩ་བརྟག་ཐབས་ལྟར། ནད་པའི་དོན་སྣོད་ཀྱི་རྩའི་འཕར་ཚུལ་ཁྱད་པར་བ་གང་ཡིན་དང༌། མ་བུ་དགྲ་གྲོགས་སོགས་ཀྱི་སྒོ་ནས་བརྟག་པ་དང༌། བླ་རྩའི་འགྱུར་ལྡོག་སོགས་ལ་བརྟགས་ནས་གདོན་ངོ་ཡོད་མེད་དང༌། ཡོད་ཚེ་གདོན་གང་ཡིན་ངོས་བཟུང་བ་དང༌། སྨན་པའི་ངག་གིས་ནད་པའི་ན་ལུགས་སམ་ནད་རྟགས་དང་སྔར་དང་མི་འདྲ་བར་ལུས་ངག་ཡིད་ལ་རྒྱུན་ལྡན་མིན་པའི་མངོན་ཚུལ་ཅི་བྱུང་རྣམས། འབྱུང་གདོན་དང་གཟའ་གདོན་སོགས་གང་གི་ནད་རྟགས་ཡིན་མིན་ལ་གཞུང་ནས་གསུངས་པ་ལྟར་ཞིབ་པར་བརྟག་པ་བཅས། ཕྱོགས་སོ་སོ་ནས་རྟོག་ཞིབ་ལེགས་པར་བགྱིས་པས་ནད་ངོས་ཕལ་ཆེར་ཟིན་ཐུབ། གལ་ཏེ་ངོས་ལེགས་པར་མ་ཟིན་པའམ་དོགས་པ་ཤར་ན། ཕྱྭ་མོ་འདེབས་པའམ་པྲ་ལྟས་ལ་བརྟེན་ནས། ནད་ཕྱྭ་དང་གདོན་ཕྱྭ་སོགས་ལ་བརྟག ཡང་ན་འབྱུང་རྩིས་ལྟར་ནད་རྩིས་ཐང་ཤིང་དང་རྒྱ་ནག་རྡེལ་སྐོར་ལྟར་ལྷ་ས་མི་ས་གདོན་ས་ལ་གང་བབ་སོགས་ལ་ཞིབ་པར་བརྟགས་པས་ངོས་ཟིན་པར་འགྱུར་རོ། །
      ལྔ་བ་ན་ལུགས་སམ་ནད་རྟགས་ལ་བརྟག་པ་དངོས་ནི། གདོན་ནད་ཡིད་སེམས་ལ་ཞུགས་པ་སྨྱོ་བྱེད་དང་བརྗེད་བྱེད་གཉིས་ཏེ་ཡིད་སེམས་འདྲེ་གདོན་གྱིས་ཁ་ལོ་བསྒྱུར་བའི་རྟགས་སུ་དོན་མེད་དུ་ངུ་བའམ་དགོད་པ་དང༌། འཚིག་པ་ཟ་བ་འདུག་མི་ཚུགས་པ་བླ་བརྡོལ་སྨྲ་བ་སོགས་འབྱུང་བ་སྟེ། ཞིབ་པར་ནད་འབུམ་དང་རྒྱུད་ཆེན་ན་གསལ་བ་ལྟར་བརྟག་པར་བྱ། ལུས་སེམས་ཡོངས་ལ་གདོན་ནད་ཞུགས་པ་འབྱུང་པོའི་གདོན་དང་གཟའ་གདོན་དང་ཀླུ་གདོན་དང་བྱིས་པའི་གདོན་དང༌། གཞན་ཡང་སྐྱེས་པའི་ཁུ་བ་འཛག་པ་དང༌། མོ་ནད་ཕལ་བའི་ནང་གསེས་རེ་བཅས་ཡིན་པར་གསུངས་ཤིང༌། དེ་དག་གི་ནད་རྟགས་གདོན་ནད་སོ་སོའི་ལེའུ་ན་གསུངས་པ་ལྟར་ལེགས་པར་འདྲི་རྟོག་བྱས་པས་ལུས་ཀྱི་ན་ཟུག་ཁོ་ན་མ་ཡིན་པར་ལུས་ངག་ཡིད་ལ་མངོན་ཚུལ་མི་འདྲ་བ་དང་རྨི་ལམ་ཡ་མཚན་རྨི་བ་དང་གཉིད་མི་འོང་བ་ལ་སོགས་ཀྱིས་གདོན་རྐྱེན་གྱི་ནད་ཡིན་པ་ངོས་ཟིན་པར་འགྱུར་རོ། །འབྱུང་གདོན་ནད་དང་སྨྱོ་བྱེད་གདོན་ནད་སོགས་ལ། དེང་དུས་གློག་འཕྲུལ་བཀོལ་ཏེ་ལྟ་ཞིབ་བྱས་ཚེ་མིག་ལམ་དུ་མཐོང་རྒྱུ་མེད་སྟབས་ནད་མི་འདུག་ཅེས་ཟེར་འདུག་ཀྱང༌། དོན་དུ་ནད་མེད་པ་མིན་ཏེ་ནད་པ་ལ་གདོན་ནད་ཀྱི་མངོན་ཚུལ་སྔར་མུས་ལྟར་ཡོད་པ་ནི་ཀུན་གྱིས་ཤེས་གསལ་ལྟར་རོ། །
      དྲུག་པ་བཅོས་ཐབས་ལ། ནད་འབུམ་གྱི་འབྱུང་གདོན་བཅོས་ཐབས་ལས། བཅོས་ཐབས་སྔགས་བཟླས་གཏོར་མ་སྦྱིན་བསྲེག་དང༌། །ཀློག་འདོན་མཉམ་འཇོགས་བསྙེན་སྒྲུབ་ཚོགས་བསགས་པས། །འབྱུང་པོའི་གདོན་ཉིད་ཞི་བར་བྱེད་པ་ཡིན། །བྱ་ཀྲི་རྐན་དྷ་ཀ་རི་སྤང་སྤོས་ཤུ་དག་རྨ་བྱའི་སྒྲོ། །ཤིང་ཀུན་སྦྲུལ་སྤགས་སྲན་ཕུག་བྱི་པའི་སྦྲུན། །ཆ་མཉམ་དུ་བས་བདུག་པས་འབྱུང་པོའི་ཁྱེར། །ཙན་དན་གུར་གུམ་སུག་སྨེལ་འབྲས་བུ་གསུམ། །བྱ་ཀྲི་སྐྱེར་པ་སྒྲོན་ཤིང་ཚ་བ་གསུམ། །གན་དྷ་པ་ཏྲ་དུག་ཉུང་པུ་ཤེལ་རྩེ། །ཡུང་དཀར་རྒྱ་སྤོས་ཤུག་པ་སྤྲི་ཡང་ཀུ། །དབྱེ་མོང་རུ་རྟ་ཧོང་ལེན་བོང་ང་དཀར། །སྤང་མ་།བཅང་བ་བོང་བུ་ར་ལུག་སྡོས་རོས་གཅིན་དྲུག་མར་བསྙིང་ལ། །སྦྱར་བས་སྨན་དམར་ཞེས་བྱ་སྟེ། །བཟའ་བྱུག་སྣར་བླུག་གདོན་ལས་མྱུར་དུ་བསྒྲལ། །རིགས་སྔགས་གྲྭ་ལྔ་མཆོད་འབུལ་བགྲགས་ན་ཕན། །གཏོར་མ་རིན་ཆེན་དྲི་སྣ་འབྲུ་སྣ་དང༌། །མེ་ཏོག་འབྲས་ཆེན་ཁུར་བ་དཀར་མངར་བསྣན། །ལྷ་དང་བླ་མ་དྲང་སྲོང་གྲུབ་པ་དང༌། །རྒན་པོ་ལྔ་ལ་ལྷའི་ཁོང་པར་བཏང༌། །ལྷ་ལ་བྱང་ཕྱོགས་ལྷ་མེན་ནུབ་ཏུ་སྦྱིན། །དྲི་ཟའི་གདོན་ལ་བ་ལང་ལམ་མདོ་དང༌། །ཀླུ་དང་མཚུན་ལྷ་འབབ་ཆུའི་འབྲུམ་བུ་ཕྱིན། །གནོད་སྦྱིན་ཆུ་གཉིས་འདུས་པའི་གནས་སུ་བཏང༌། །སྲིན་པོ་ལམ་མདོས་ཚངས་པ་ཤར་དུ་མཆོད། །ཤ་ཟ་ལ་ནི་ནུབ་ཀྱི་ཁང་སྟོང་བཏང༌། །གཏོར་མ་སྦྱིན་བསྲེག་སྨན་དུད་ལས་སོགས་པ། །ཁྱད་པར་རང་རང་འཛིན་པའི་དུས་སུ་བསྟེན། །ཞེས་གསུངས་སོ། །བྱིས་པའི་གདོན་གྱི་བཅོས་ཐབས་ནི། ནད་འབུམ་དང་རྒྱུད་ཆེན་དུ། ཐོག་མར་མཆོད་སྦྱིན་བྱ་བ་དང་བྱིས་གདོན་ལ་གླུད་ཡས་གཏོང་བ་སོགས་ཞི་བའི་བཅོས་བྱ་ལ། དེས་མ་ཐུལ་ན་དྲག་པོའི་བཅོས་བྱ་དགོས་ཚུལ་མདོར་བསྟན་ཙམ་ལས་མ་གསུངས། བྱིས་པའི་གདོན་ཆེན་བཅོ་ལྔའི་མདོས་ཆོག་ནི། འགྲེལ་བ་མེས་པོའི་ཞལ་ལུང་སོགས་དང༌། མན་ངག་བཀའ་རྒྱ་མ་ན་བཀོད་ཡོད་པས་དེ་ལྟར་བྱ་བའམ། ཡང་ན་མདོས་ཆོག་གཞན་ན་བཞུགས་པ་ལྟར་ལག་ལེན་བྱའོ། །གོང་གསལ་གྱི་གཟའ་བཅོས་ཀྱི་སྔགས་དང་འདྲ་གཟུགས་བཅའ་བ་སོགས་སྒེར་བཅོས་རེ་དེ་ལྟར་བྱ་ལ། དེ་དག་ལ་སྔོན་འགྲོ་དངོས་གཞི་རྗེས་བྱའི་ཆོ་ག་སོགས་གཞན་སྤྱི་རྒྱུགས་ལྟར་བྱ་བའི་ཕྱག་ལེན་བསྟར་སྲོལ་ཡོད། དེ་ཡང་སྟོན་པ་གཤེན་རབ་ཀྱི་བཀའ་ལ་རྒྱུ་ཡི་ཐེག་པ་བཞི་བཞུགས་པ་ལས། ཕྱྭ་གཤེན་ཐེག་པ་ན་གཏོ་ཡི་ཆོ་ག་མང་པོ་བཞུགས་ནའང༌། དེ་ཙམ་གྱིས་ཕན་སྐྱེད་ཆེན་པོ་མ་བྱུང་ན་སྣང་གཤེན་གྱི་ཆོ་ག་སྡོངས་སུ་བཙལ་བ་སྟེ། སྣང་གཤེན་ཐེག་པ་ནི་ཕྱྭ་གཤེན་ལས་རྒྱ་ཆེ་གཏིང་ཟབ་ཡིན་པས། ཡར་ལ་མཆོད་ཚོགས་འབུལ་བ་དང་མར་ལ་གླུད་ཡས་སོགས་སྦྱིན་པ་གཏོང་བ་རྣམས་གྱེར་སྒོ་བཞི་དང་སྐད་གཅོང་དགུ་སོགས་ཀྱིས་བདེན་པའི་སྨྲང་བཀྲོལ་ཏེ་མཆོད་སྦྱིན་བཏང་བས་སྣང་སྲིད་ཞི་བདེ་འབྱུང་བ་སོགས་ཕན་འབྲས་ཧ་ཅང་ཆེ་བ་སྟེ། སྤྱི་སྤུངས་སེམས་ལུང་གི་སྣང་གཤེན་སྐོར་ལས། ལྷ་ལ་ཡོན་ཕུལ་བས་སྐྱོབས། བགེགས་ལ་གླུད་བཏང་བས་ཞི། ཞེས་དང༌། ནད་འབུམ་ལས། སྨྲང་གིས་བཀྲོལ་བ་སྣང་གཤེན་དཔུང་ལ་སྦྲོན། །ཞེས་དང༌། སྨན་འབུམ་ལས། གདོན་ཅན་ནད་ལ་སྣང་གཤེན་སྡོངས་འཚོལ་བ། །དཔུང་རོགས་གཞན་ནས་གཡར་ཏེ་དགྲ་འདུལ་འདྲ། །ཞེས་གསུངས་པའི་དོན་ནི། སྨན་དཔྱད་དང་གཏོ་བཅོས་འགའ་ནི་ཕྱྭ་གཤེན་ཐེག་པ་ཡིན་ཞིང་དེས་ཆེར་མ་ཕན་ན། དེ་ལ་སྡོངས་ཟླ་དཔུང་ཆེན་ལྟ་བུའི་སྣང་གཤེན་ཐེག་པའི་ཆོ་ག་ཅི་རིགས་ལག་ལེན་བྱ་ཞེས་གསུངས་པའོ། །ཡང་གོང་དུ། ཞི་བའི་འཇམ་བཅོས་མ་ཐུལ་དྲག་ལ་བསྣུན་ཅེས་དང༌། དེས་ཀྱང་མ་ཐུབ་ཐ་མ་མནན་དང་བསྲེག ཅེས་གསུངས་པའི་དྲག་པོའི་ལས་མཐའ་མནན་གཟིར་དང་སྦྱིན་སྲེག ཟོར་འཕེན་པ། འགུག་སྒྲོལ་བྱ་བ་སོགས་ཕྱྭ་གཤེན་ལ་མེད་པས། འཕྲུལ་གཤེན་ཐེག་པ་དང་སྲིད་གཤེན་ཐེག་པ་ལྟར་རམ། ཡང་ན་གསང་སྔགས་ཀྱི་བསྙེན་སྒྲུབ་ཟབ་མོ་ལ་བརྟེན་ནས་དྲག་པོའི་ལས་མཐའ་སྤྱད་པའི་ཕྱག་ལེན་བཞུགས་པ་ལྟར་བྱའོ། །
      བདུན་པ་གཏོ་བཅོས་དང་སྨན་བཅོས་ཟུང་འབྲེལ་གྱི་ཕན་ནུས། སྔོན་གཤེན་རྒྱལ་སྟོན་པ་མཆོག་དང་སེམས་དཔའ་ཆེན་པོ་རྣམས་དང་རིག་འཛིན་གྲུབ་ཆེན་རྣམས་ཀྱིས་གཏོ་བཅོས་དང་སྨན་དཔྱད་ཀྱིས་སྟོང་གསུམ་གྱི་འཇིག་རྟེན་དང་ལྷ་ཀླུ་མི་ཡུལ་དུ་འགྲོ་ཕན་དཔག་མེད་བྱུང་བ་ནི་མཛད་པ་རྣམ་ཐར་དག་ན་གསལ་བ་ལྟར་ལ། དེང་དུས་སུའང་སྐྱེས་ཆེན་དམ་པ་དང༌། བཙུན་པ་ཁྲིམས་ལྡན་དང་སྔགས་པ་ནུས་ལྡན་དང་འཚོ་བྱེད་མཁས་པ་རྣམས་ལྟ་ཅི་སྨོས། ཐ་ན་བཙུན་པ་འདོན་ཆོག་ཤེས་ཙམ་དག་གིས་རིམ་གྲོ་བཏོན་པ་དང་སྨན་པས་སྨན་བཅོས་བྱས་པས་གདོན་རྐྱེན་ཅན་གྱི་ནད་པ་མང་པོ་ལ་ཕན་ཐོགས་པ་ནི་མངོན་སུམ་པ་ཉིད་དེ་སོམ་ཉི་བྲལ་བ་ནི་བོད་ཀྱི་མང་ཚོགས་ཡོངས་ཀྱིས་ཤེས་གསལ་ལྟར་ལགས་སོ། །
      ཞེས་པའང་སྐབས་བཅུ་གཉིས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ལ་དབུལ་བའི་སྨན་འབུམ་བཞི་དང་དཔལ་ལྡན་རྒྱུད་བཞིའི་མཚམས་སྦྱོར་སོགས་ཀྱི་དཔྱད་རྩོམ་ཞིག་སྨན་མིང་འཛིན་པ་དྲི་མེད་འོད་ཟེར་རང་གིས་བྲིས་པ་ལས། རབ་གནས་༡༧ལྕགས་སྟག་ལོའི་སྟོན་ཟླ་འབྲིང་པོའི་ཡར་ཚེས་ལ། གཏོ་བཅོས་དང་སྨན་བཅོས་ཟུང་འབྲེལ་བྱ་བ་དང་དེའི་ཕན་ནུས་བཅས་ཟུར་དུ་བཀོལ་བའོ། །དགེ་ལེགས་འཕེལ་གྱུར་ཅིག །

༼དཔྱོད་ལྡན་མཆོད་པའི་མེ་ཏོག༽སྤྱིའི་དེབ་གྲངས་བདུན་པ་ལས་བཤུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག