སྔོན་འགྲོའི་གཏམ། ནང་དོན་གནད་བསྡུས།
བོད་གདོད་མའི་ཆོས་ལུགས་དང་གཡུང་དྲུང་བོན་གཉིས་ཀའི་བོད་ཀྱི་སྲིད་འབྱོར་རིག་གསུམ་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་པ་མ་ཟད། བོན་གྱི་རིག་གནས་ནི་བོད་གནའ་རབས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། དེར་ཞིབ་འཇུག་གི་རིན་ཐང་ལྡན་པ་ཞིག་ཡིན། དུས་སྐབས་སོ་སོའི་འཕེལ་འགྱུར་གྱི་དབང་གིས་ཆོས་ལུགས་དེ་ལ་ལྟ་ཚུལ་སྣ་ཚོགས་བྱུང་བ་དང་ལྷག་པར་དུ་གནའ་རབས་བོན་ཀྱི་བཀའ་འགྱུར་གྱི་པར་གཞི་དང་འབྲེལ་བའི་སྐོར་བརྗོད་པའི་དཔྱད་རྩོམ་མང་པོ་མེད་ལ། དེ་ལ་ཞིབ་འཇུག་ཟབ་མོ་བྱས་ན་བོད་རང་སའི་ལོ་རྒྱུས་དང་རིག་གནས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བར་བསམ་པའི་ཀུན་སློང་སྔོན་དུ་བཏང་སྟེ། གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་བྱུང་ཚུལ་དང་འབྲེལ་པར་གཞིའི་ཕྱི་མོ་བྱུང་ཚུལ་དང་། འཕེལ་འགྱུར་བྱུང་ཚུལ་སོགས་རང་བློས་དཔག་ཚོད་ཀྱིས་བོང་བུའི་ཐེག་ཚོད་ཀྱི་ཁལ་ལྟ་བུ་ཞིག་ཁུར་འདོད་པ་ཡིན།
གངས་ཅན་ལྗོངས་ཞེས་གནའ་བོའི་ཤེས་རིག་གི་རྒྱལ་ཁབ་ཆེན་པོ་རྒྱ་གར་འདི་ལ་བཅུ་ཕྲག་རིག་གནས་སྤྱི་དང་། ཁྱད་པར་དུ་མི་ལོ་སྟོང་ཕྲག་འགའི་ཡར་སྔོན་ནས་ཞང་བོད་རིག་གནས་ཞེས་འཛམ་གླིང་ཤར་ནུབ་ཀུན་གྱི་ཡིད་ཀྱི་སྨོན་པ་འཆོར་ས་ཞིག་ཏུ་འཁུམས་པ་འདི་ལྟ་བུའི་ངོ་མཚར་རིག་གནས་ཤིག་ཡུལ་དུས་ག་འདྲ་ཞིག་ནས་འཕེལ་འགྱུར་ག་འདྲ་བྱུང་ཚུལ་སོགས་བྲི་ན། རིག་གནས་ཀྱི་ཆ་ལ་ཕྱོགས་ཞེན་མེད་པར། གཟུ་བོའི་བློས་དཔྱད་དེ་བདེན་པའི་གཏམ་སྨྲ་དགོས་པ་ལས་ཆོས་ལུགས་གྲུབ་མཐའི་དད་མོས་རྒྱུ་མཚན་དུ་བྱས་ནས་ལོག་པར་སྨྲ་བ་ནི་དོན་ལྡན་ཞིག་ཏུ་མི་འགྲོ་བར་འདོད། དེས་ན་གང་གི་ལོ་རྒྱུས་ཡིག་ཆ་ལ་རིན་ཐང་ལྡན་པ་ཞིག་དང་དྲང་བདེན་ཁུངས་བཙུན་ཞིག་འོང་བར། ད་རེབ་ཁོ་བོའི་རང་རེའི་བོད་ཀྱི་གནའ་རབས་ཡིག་ཆ་ལ་སློབ་གཉེར་ཅུང་ཟད་བགྱིས་པའི་འབྲས་རྟགས་སུ་རང་ཚོད་ཀྱིས་རྫུན་དང་སྒྲོ་སྐུར་ཀྱི་དྲི་མ་རིང་དུ་སྤངས་ཏེ་གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་པར་གཞིའི་ཕྱི་མོ་བྱུང་ཚུལ་མདོ་ཙམ་བརྗོད་འདོད་པ་ཡིན་།
གཡུང་དྲུང་བོན་གྱི་ཆོས་ལུགས་གྲུབ་མཐའ་འདི་ནང་བ་སངས་རྒྱས་པའི་ཆོས་ལུགས་གྲུབ་མཐའ་ཁག་དང་མཉམ་དུ་དུས་རབས་ཁ་ཤས་ཀྱི་རིང་གནས་ཡོད་པས་རིག་གནས་ཀྱི་ཆ་ལ་ཕན་ཚུན་རྟེན་བྱུང་འབྲེལ་གྱི་འབྲེལ་བ་ཅི་ནས་ཀྱང་ཡོད་ལ། དེ་ན་བོན་པོའི་ཆོས་ལུགས་ཀྱི་འབྱུང་ཁུངས་དང་མ་ཡུམ་ལྟ་བུ་གང་རེད་ཅེ་ན། དུས་རིམ་གོང་མའི་ཡ་ཐོག་ཞང་ཞུང་གི་ཤེས་རིག་ལས་ཐོན་པའི་ཉིང་བཅུད་ཡིན་པ་བསྙོན་ཏུ་མེད་ལ་བོན་གྱི་ཞིབ་འཇུག་ཆེད་མཁས་པ་དག་གིས་ཀྱང་དེ་ལྟར་དུ་འདོད། དེ་དང་འབྲེལ་ནས་འགྲོ་བ་མིའི་བྱུང་ཚུལ་དང་རྒྱལ་རབས་དར་ཚུལ། ཡེ་གེ་ཡོད་ཚུལ་དང་གནའ་བོའི་ཤེས་རིག་དར་ཚུལ་སོགས་རྒྱས་པར་ཤེས་ཐུབ་ལ་བོན་སྟོན་གཤེན་རབ་མི་བོ་ཆེ་བྱོན་པ་ནས་བཟུང་འཛམ་གླིང་གི་ཡུལ་གྲུ་ཀུན་ལ་བོན་བསྟན་གཞུང་ཤིང་དུ་བྱས་ཏེ་རྒྱ་དཀར་ནག མི་ཉག བལ་བོ། ཨོ་རྒྱན། ཟ་ཧོར། ཁ་ཆེ། ལི་ཡུལ། ཕྲམ། སྟག་གཟིག སུམ་པ། ཞང་ཞུང་། བོད་བཅས་སུ་བསྒྲགས་པ་གསུམ་དང་སྒོ་བཞི་མཛོད་ལྔའི་ཆོས་འཁོར་ཕོན་ཆེན་པོས་བསྐོར་བར་མཛད་ལ་འོལ་མོའི་གླིང་དུ་ལྷ་ཀླུ་མི་གསུམ་གྱི་སློབ་མ་བྱེ་མའི་གྲངས་ལ་འཕྱ་བར་བྱས། མདོ་འདུས་ལས། “འཛམ་གླིང་བྱེ་བ་ཕྲག་བརྒྱ་ནས། བྱང་ནུབ་འོལ་མོ་ལུང་རིང་དེ། གཤེན་རབ་བྱེ་བ་ཕྲག་བརྒྱ་ཡིས། བོན་སྒོ་བསམ་གྱིས་མི་ཁྱབ་བཤད།”ཅེས་དང་། གཡུང་དྲུང་བོན་ཞེས་པའི་གྲུབ་མཐའ་འདི་ཉིད་འཛམ་གླིང་གི་ཡང་སྟེང་དུ་ཆགས་པའི་བོད་གངས་ཅན་གྱི་བསྟན་པ་ཆེན་པོ་རྣམ་གཉིས་ཀྱི་ཡ་གྱལ་ཡིན་པ་དང་དེ་ལས་བྱུང་བའི་བོན་གྱི་བཀའ་འགྱུར་ལ་བོན་བསྟན་སྔ་དར་དང་བར་དར། ཕྱི་དར་བཅས་ཀྱི་དུས་སུ་མདོ་སྔགས་སེམས་གསུམ་དུ་བསྡུས་པའི་བཀའ་མ་དང་གཏེར་མ་སྔ་གནའ་མོའི་དུས་ནས་བྱུང་ཡོད་པར་འདོད། པར་གཞིའི་ཕྱི་མོ་མང་ཆེ་བ་བྲིས་མ་ཡིན་ལ་ཤིང་པར་ཡང་བཅོས་བསྒྱུར་ཡར་སྔོན་ལ་སྣ་མི་འདྲ་བ་གཉིས་བྱུང་། དེ་ནི་ཆུ་ཆེན་པར་མ་དང་ཁྲོ་སྐྱབས་པར་མ་གཉིས་ཡིན། དེ་གཉིས་མ་གཏོགས་བོན་གྱི་བཀའ་འགྱུར་ལ་ཤིང་དཔར་གཅིག་ཀྱང་བརྐོས་མ་མྱོང་མེད། ཡིན་ནའང་དུས་ཀྱི་འཕོ་འགྱུར་དང་བསྟན་པའི་ཆགས་འཇིག་གི་དབང་གིས་དེ་དག་ལ་གནོད་སྐྱོན་ཚབས་ཆེན་པོ་ཐེབས། གངས་ཅན་ལྗོངས་ཀྱི་སྔོན་བྱོན་ལོ་པཎ་བྱེ་བ་ཕྲག་བརྒྱའི་མཛད་པས་ལོ་རྒྱུས་དེབ་ཐེར་དང་རྣམ་ཐར་རྩོམ་རིག་སོགས་བསམ་གྱིས་མི་ཁྱབ་པ་སྣང་ཡང་དེང་སྐབས་རྒྱལ་ཁབ་ཕྱི་ནང་གི་བོན་གྱི་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་ཚོའི་པུར་རྩེ་ལས་ཉེ་པར་འཁྲུངས་བའི་ཞང་བོད་རིག་གནས་དང་འབྲེལ་བའི་དཔྱད་བརྗོད་གྲངས་ཀྱིས་མི་ཟིན་མོད། ཡུལ་མདོ སྨད་ཀྱི་ཕྱོགས་ན་དེང་རབས་བོན་གྱི་ཞིབ་འཇུག་ཆེད་མཁས་པ་ཚེ་རིང་ཐར་དང་མཁར་རྨེའུ་བསམ་གཏན། ནམ་མཁའ་ནོར་བུ་ལ་སོགས་ཀྱིས་མཚོན་པའི་གཡུང་དྲུང་བོན་གྱི་བཀའ་འགྱུར་བྱུང་རབས་ཀྱི་ལོ་རྒྱུས་དཔྱད་རྩོམ་《གཡུང་དྲུང་བོན་གྱི་བཀའ་བརྟེན་གྱི་བྱུང་བ》 དང《གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་ངོ་སྤྲོད་ཆེ་ལོང་ཙམ་ཞུ་བ》ལྟ་བུ་ལས་བོན་པོའི་བཀའ་འགྱུར་གྱི་པར་གཞིའི་ཕྱི་མོ་བྱུང་ཚུལ་དང་འབྲེལ་བའི་དཔྱད་བརྗོད་ཡིག་ཆ་ཁུངས་ཐུབ་རེ་ད་སྔ་ལག་སོན་ཆེར་མ་བྱུང་ཡང་། དེང་གི་དུས་སུ་རིག་པ་དོན་གཉེར་ཅན་གྱི་མཁས་པ་ཁ་ཤས་ཤིག་གིས་རང་རེའི་བོད་ཀྱི་ཆོས་དང་རིག་གནས་ཀྱི་ཁུངས་ཡོད་ཚད་ཆུ་བོ་གངྒའི་ཕ་རོལ་སྟོད་རྒྱ་གར་ཡུལ་ལ་གཏུག་ཅི་ཐུབ་བྱེད་གྱིན་ཡོད་པ་ནི་ཅུང་ཙམ་འོལ་ཚོད་ཆེ་སོང་སྙམ། གནའ་བོའི་ཞང་ཞུང་རིག་གནས་ལས་ཐོན་པའི་གཡུང་དྲུང་བོན་གྱི་བསྟན་པ་ཡང་རྒྱ་གར་ཡུལ་ལ་ཆེ་ཆེར་དར་ཚུལ་དང་བོན་གྱི་མཁས་པ་རྒྱན་དྲུག་གི་གྲས་སུ་རྒྱ་གར་གྱི་མཁས་པ་ལྷ་བདག་སྔགས་དྲོ་བཞུགས་ཚུལ་སོགས་བོན་གྱི་བསྟན་བཅོས་སྔ་མ་ཁག་གི་ནང་ན་གསུངས་འདུག་པས་ཁ་ལ་ཡེ་ནས་མི་གླེང་བའི་དོན་མེད། གླེང་མཁན་ཡང་ཧ་ཅང་ཉུང་བས་དཔྱད་གཞིའི་རྒྱུ་ཆ་འཚོལ་བར་དཀའ་ལས་ཁག་པོ་བྱུང་།
མདོར་ན་རང་ཉིད་བོད་དང་བོན་གྱི་རིག་གནས་ལ་དད་ཅིང་ཁྱུང་གི་རུས་རྒྱུད་ལ་སྐྱེས་བའི་མི་བུ་ཞིག་གི་སེམས་ཀྱི་དད་འདུན་དང་སློབ་དཔོན་དམ་པའི་བཀས་བསྐུལ་བའི་ངོར་ལོ་རྒྱུས་རིང་ལ་མི་རིགས་རང་གི་ཁྱད་ཆོས་དང་ལྡན་པའི་རིག་གཞུང་རླབས་པོ་ཆེ་བཀའ་དང་བཀའ་བརྟེན་གཉིས་སུ་ཡོད་པ་ལས་འདིར་བཀའ་འགྱུར་གྱི་དཀར་ཆག་སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་གྱི་དཀར་ཆག་དང་ཀུན་གྲོལ་གྲགས་པའི་བཀའ་འགྱུར་དཀར་ཆག སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་སའོ་བོད་ཀྱི་རིག་གནས་ཞིབ་འཇུག་ཁང་གིས་དཔར་པའི་བོན་གྱི་བཀའ་འགྱུར་དཀར་ཆག ད་དུང་ཤེས་མེད་ཚོར་མེད་ངང་ས་རྡུལ་གྱི་ཁྲོད་དུ་གནས་བཞིན་པའི་དཔེ་རྙིང་འགའ་དང་འབྲེལ་ཡོད་ཀྱི་དཔྱད་རྩོམ་རེ་གཉིས། དཔེ་དེབ་སུམ་ཅུ་ལྷག་གི་རྒྱུ་ཆ་རྣམས་རྒྱུན་པར་བསྡུ་གསོག་བྱས་པ་ལ་བརྟེན་ནས་བོན་པའི་བཀའ་འགྱུར་གྱི་བྱུང་རིམ་དང་པར་གཞིའི་སྐོར་ཀྱི་སྟོང་ཆ་དེ་སྐོང་ཐུབ་པའི་འདུན་པ་ཆེ་རུ་བཅངས་བ་ཡིན། ད་རེབ་ཁོ་བོའི་དཔྱད་གཞི་དུ་མར་གཞི་བཅོལ། རང་གི་ལྟ་བའི་ཟུར་བརྒྱན། ཡེ་གེ་མང་པོ་གུང་བསྒྲིགས་ནས་གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་བྱུང་ཚུལ་དང་འབྲེལ་པར་གཞིའི་ཕྱི་མོ་བྱུང་ཚུལ་གྱི་སྔར་མེད་པའི་དཔྱད་གཞི་གསར་བ་འདི་ཀུན་ལ་ཕྱོགས་སུ་སྤྲིངས་པའོ།།
བརྡ་ཆད་གཙོ་བོ། བོན། གཡུང་དྲུང་བོན། བཀའ། བཀའ་འགྱུར། པར་གཞི།
དོན་ཚན་དང་པོ། དཔྱད་གཞིར་གདམས་པའི་དགོས་པ་དང་དམིགས་ཡུལ།
དཔྱད་རྩོམ་འདི་འདྲ་ཞིག་འབྲི་བའི་དམིགས་ཡུལ་ནི། སངས་རྒྱས་གཡུང་དྲུང་བོན་གྱི་ཤེས་རིག་ལ་མཚོན་ན་སྔོན་བྱུང་ལོ་རྒྱུས་ཀྱི་རྒྱུན་རིང་ལ་གཏིང་ཟབ་ཅིང་རྒྱ་ཆེ་བའི་ཤེས་རིག་སྣ་ཚོགས་དང་གནད་འདུས་ཤིང་ངོ་མཚར་བའི་གནས་ལུགས། རྟོགས་དཀའ་ཞིང་བསླུ་བ་མེད་པའི་རིག་པའི་བདེན་པ་སོགས་བསམ་ན་དོན་ཆེ་ཞིང་། སྦྱངས་ན་བག་ཆགས་སད་པའི་རིན་ཐང་གཞལ་མེད་ཀྱི་བསམ་བློའི་ཤེས་རིག་གི་རྒྱགས་ཕྱེ་མང་པོ་ཞིག་མཆིས་པའི་རྐྱེན་གྱིས་ཡིན་ལ། ལྷག་པར་དུ་གཡུང་དྲུང་བོན་ནི་སྟོན་པ་གཤེན་རབ་མི་བོས་སྲོལ་ཕྱེ་བའི་བསྟན་པ་ལ་ཟེར་ཞིང་། དེ་ནི་སྡུག་བསྔལ་བྲལ་འདོད་དང་། བདེ་བ་ལྡན་འདོད་ཀྱི་སེམས་ཅན་ཚང་མའི་བསོད་ནམས་ཀྱི་བགོ་སྐལ་དུ་ལོངས་སུ་སྤྱོད་རྒྱུ་མ་དགོས་སྤྱི་ལ་བཞག་པའི་ཕན་བདེའི་ནོར་བུ་ཆེན་པོ་ཞིག་རེད། སྟོན་པའི་གདུལ་བྱ་སོ་སོའི་མོས་པ་དང་། སེམས་ཁམས། བློ་སྟོབས་དང་མཐུན་པར་བོན་སྒོ་བརྒྱད་ཁྲི་བཞི་སྟོང་དང་། ནང་གསེས་ལ་ཕྱི་ཐེག་པ་རིམ་དགུ། ནང་སྒོ་བཞི་མཛོད་ལྔ། གསང་བ་ཕྱི་ནང་གསང་གསུམ། མཐར་ཐུག་ཉམས་སུ་ལེན་རྒྱུ་མདོ་སྔགས་སེམས་གསུམ་གྱི་རྣམ་གཞག་འདི་ནི་རང་བྱུང་ཚན་རིག་གི་རྣམ་པ་ཤས་ཆེ་ཞིང་། ཆ་ཚང་ལ་གོ་རིམ་ཡོད་པ། གནས་ལུགས་ཀྱི་དཔུང་མཐུག་ཅིང་ཞིབ་ཚགས་ལྡན་པ་སོགས་ཀྱི་སྒོ་ནས་ངོ་སྤྲོད་བྱས་ཡོད་པས་ལུས་སེམས་ཀྱི་དོན་ལ་དཔྱོད་པར་བློ་སྒོ་འབྱེད་པ། མི་རྣམས་ཀྱིས་བོན་པོའི་ཤེས་རིག་གི་རིན་ཐང་རྟོགས་པ་དང་དེའི་དོན་ལ་སྤྲོ་བས་འཇུག་པ། ཉིང་དགོས་སུ་བོན་པོའི་བཀའ་འགྱུར་གྱི་པར་གཞི་མི་འདྲ་བ་སོ་སོ་ཞིབ་ཏུ་བཀྲལ་ནས་དེང་གི་གཞོན་སྐྱེས་རེ་གཉིས་ཀྱིས་བོན་པོའི་ཆོས་ལུགས་ལ་སྨྲ་བ་ངན་པའི་ལོག་རྟོགས་ལྡོག་པ། བོན་པོའི་ཤེས་རིག་ལ་ཞིབ་འཇུག་གནང་མཁན་ཚོར་དཔེ་མང་ཀློག་པའི་ངལ་བ་མི་དགོས་པར་དཔྱད་གཞིའི་རྒྱུ་ཆ་མཁོ་སྤྲོད་བྱེད་པ་བཅས་ཀྱི་ཆེད་དུ་དམིགས་ནས་བྲིས་པ་ཡིན།
དོན་ཚན་གཉིས་པ་། ད་ལྟའི་ཞིབ་འཇུག་གི་གནས་བབ།
དེང་སྐབས་ཆོས་ལུགས་ཞིབ་འཇུག་པ་རྣམས་ཀྱིས་ཆོས་ལུགས་དེ་སྐད་བརྡ་རིག་པ་དང་། ཆོས་ལུགས་ལོ་རྒྱུས་རིག་པ། ཆོས་ལུགས་སྤྱི་ཚོགས་རིག་པ། ཆོས་ལུགས་ཞིབ་བསྡུར་རིག་པ་སོགས་རིག་ཚན་མང་པོར་བགར་ནས་ཞིབ་འཇུག་བྱེད་བཞིན་ཡོད་ཀྱང་། བན་བོན་གྱི་ཆོས་ལུགས་རིག་གནས་ལས་འཆམ་མཐུན་བསམ་བློས་དེང་རབས་སྤྱི་ཚོགས་སུ་ཐོན་པའི་ནུས་པ་དང་། ནང་བ་སངས་རྒྱས་པའི་ཆོས་ལུགས་ཀྱི་ཆོ་གའི་གྲས་སུ་གནའ་རབས་བོན་གྱིས་རིག་གནས་ཀྱི་ཁྲག་རྒྱུན་སིམ་ཡོད་པའི་ལྟ་བ་གླེང་མཁན་ཧ་ཅང་ཉུང་། ལྷག་པར་དུ་རྒྱལ་ཁབ་ཕྱི་ནང་གི་བོན་གྱི་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་ཚོའི་པུར་རྩེ་ལས་ཉེ་བར་འཁྲུངས་པའི་ཞང་བོད་རིག་གནས་དང་འབྲེལ་བའི་དཔྱད་བརྗོད་གྲངས་ཀྱིས་མི་ཟིན་མོད། དེང་སྐབས་བོན་གྱི་ཞིབ་འཇུག་ཆེད་མཁས་པ་ནམ་མཁའ་ནོར་བུ་དང་མཁར་རྨེའུ་བསམ་གཏན། སྟོང་ཆེ་ཚེ་རིང་ཐར་གསུམ་གྱིས་མཚོན་པའི་གཡུང་དྲུང་བོན་གྱི་བཀའ་འགྱུར་བྱུང་རབས་ཀྱི་ལོ་རྒྱུས་དཔྱད་རྩོམ 《གཡུང་དྲུང་བོན་གྱི་བཀའ་བརྟེན་གྱི་བྱུང་བ》དང《གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་ངོ་སྤྲོད་ཆེ་ལོང་ཙམ་ཞུ་བ》 ལྟ་བུ་ལས་བོན་པོའི་བཀའ་འགྱུར་གྱི་པར་གཞིའི་ཕྱི་མོ་བྱུང་ཚུལ་དང་འབྲེལ་བའི་དཔྱད་བརྗོད་ཡིག་ཆ་ཁུངས་ཐུབ་རེ་ད་སྔ་ལག་སོན་ཆེར་མ་བྱུང་། ཐོར་བུའི་ཚུལ་དུ་གསུངས་པ་ཡོད་མོད། འདི་བཞིན་སྐྱེ་བོ་ཕལ་བའི་བློ་ཁ་དང་འཚམ་པ། ཀུན་གྱིས་གོ་ནུས་པའི་དཔྱད་རྩོམ་ཡན་གར་བ་ཞིག་བྲིས་པ་ད་སྔ་མེད་པའི་ཚོད་དུ་འདུག་པས། འདིར་ནི་བདག་གིས་གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་པར་གཞི་གཙོ་བོ་ཁྲོ་སྐྱབས་པར་མ་དང་ཆུ་ཆེན་པར་མ། དབལ་ཁྱུང་བྲིས་མ་དང་ཨ་གཡུང་པར་མ། བོན་བློན་པར་མ་དང་ལྷ་སྲས་པར་མ་སོགས་རང་ནུས་ཅི་ལྕོགས་ཀྱིས་ཇི་ལྟར་བྱུང་ཚུལ་ནས་མགོ་བརྩམས་ཏེ་འཕེལ་འགྲིབ་བྱུང་ཚུལ་ནན་གྱིས་འབྲི་ཁུལ་བྱས་ཡོད།
དོན་ཚན་གསུམ་པ། ཞིབ་འཇུག་གི་དཀའ་གནད་དང་གཙོ་གནད།
ཁོ་བོས་དཔྱད་རྩོམ་འདི་ལྟ་བུ་ཞིག་གི་ཐོག་མའི་བློས་བསླངས་ནས་མཐའ་མའི་མཇུག་བསྡུ་ཡི་བར་དུ་རྩོམ་འདི་ལེགས་འགྲུབ་བྱུང་བར་གནའ་དེང་གི་བོན་གྱི་ལོ་རྒྱུས་ཡིག་ཚང་དང་དགོན་སྡེའམ་ངུར་སྨུག་གི་སྡེ་ནས་འཚར་ལོངས་བྱུང་ཞིང་རྩོམ་འདིའི་ཕྱོགས་ལ་རྒྱུས་མངའ་ཅན་གྱི་བླ་མ་དགེ་བའི་བཤེས་གཉེན་རེ་ཟུང་ལ་འདྲི་རྟོག་བྱས་ནས་རྒྱབ་རྟེན་གྱི་ལུང་ཁུངས་ཡང་དག་ལ་གཞི་བཅོལ། བོན་པོའི་བཀའ་འགྱུར་གྱི་པར་གཞིའི་ཕྱི་མོ་བྱུང་ཚུལ་ལ་གནད་བསྟན་ནས་འབྲི་ཁུལ་བྱས་ཡོད་མོད། སྤྱིར་གཡུང་དྲུང་བོན་གྱི་འདུ་གནས་གཙོ་བོ་ཁག་སྟོད་ཀྱི་གངས་ཏེ་སེའི་ཉེ་འཁོར་དང་ཁམས་ཉག་རོང་། རྫ་སྟེང་ཆེན། ཁྱུང་པོ་རི་རྩེ་དྲུག་བཅས་བདག་ལས་རིང་དུ་ཡོད་པས་བར་སྐབས་སུ་གནས་ཡུལ་དེ་དག་འགྲིམས་པའི་སྐལ་བ་མ་རེག ཡུན་ཐུང་གི་སློབ་ལོ་གསུམ་གྱི་རིང་ལ་བོན་གྱི་ཤེས་རིག་ལོ་རྒྱུས་ལ་སློབ་སྤྱོང་དང་ཞིབ་འཇུག་དེ་འདྲ་བྱས་མ་མྱོང་བས་ཆ་རྒྱུས་ཆེན་པོ་མེད་པ། རྩོམ་འདིའི་ཕྱོགས་ལ་ཁ་གསལ་དོན་འདུས་ཀྱི་དཔེ་ཆ་མང་པོ་མེད་པས་དཔྱད་གཞིའི་རྒྱུ་ཆ་དཀོན་པ། མདོར་ན་དཔྱད་རྩོམ་འདི་འབྲི་བའི་དུས་ཡུན་ཐུང་ཞིང་བྱ་བ་སྣ་མང་གི་བྲེལ་འཚུབ་ཀྱི་དབང་གིས་འབྲེལ་ཡོད་ཀྱི་དཔེ་ཆ་གང་མང་ལ་ཞིབ་ཏུ་བལྟ་བའི་ཁོམ་སྐབས་མ་བྱུང་བ་སོགས་རང་ཉིད་ལྟ་རྒྱ་དང་ཐོས་རྒྱ་ཆུང་བ་དང་། རྨང་གཞི་བརྟན་པོ་མེད་པས་དཔྱད་རྩོམ་འདིའི་ཐོག་མཐའ་བར་གསུམ་གང་དུའང་མ་དག་པའི་སྐྱོན་ཡོད་ངེས་སོ།།
ས་བཅད་དང་པོ། གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་ཐོག་མའི་བྱུང་བ།
དོན་ཚན་དང་པོ། བོན་དང་གདོད་མའི་བོན་བཤད་པ།
དེ་ལ་དང་པོ་བོན་ནི་ཚད་མ་གཉིས་ཀྱིས་གྲུབ་པའི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་བའི་ཡོད་ཚད་དང་སྲིད་པ་ཙམ་ལ་བོན་ཞེས་ངོས་འཛིན་བྱེད་ཀྱི་ཡོད། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས《གསུང་རབ་ཁམས་ཆེན་སྟོང་ཕྲག་བརྒྱད་པ》རུ“གཟུགས་ནས་རྒ་ཤིའི་བར་དུ་འཁོར་བའི་བོན་ཏེ། ཀུན་ནས་ཉོན་མོངས་པའོ། སྦྱིན་པ་ནས་བླ་ན་མེད་པའི་བར་དུ། མྱ་ངན་ལས་འདས་པའི་བོན་ཏེ། རྣམ་པར་བྱང་བའོ་ཞེས་དང་། ཕྱི་བཟུང་བའི་བོན་དང་ནང་འཛིན་པའི་བོན། གནས་ལུགས་དོན་གྱི་བོན།” ①ཅེས་གསུངས་ཡོད།
མདོར་ན་བློས་ཤེས་རྒྱུ་ཡོད་པའི་ཤེས་བྱ་ཐམས་ཅད་ལ་བོན་ཞེས་པའི་བརྡ་ཁྱད་འབྱེད་སྲོལ་ཡོད། ཁ་ཅིག་གིས་བོན་ཞེས་པ་ནི་ལྟ་གྲུབ་ཅིག་ཡིན་ཞིང་། “བཟླས་པ་དང་གྱེར་བའི”དོན་ལ་འཇུག་པར་གྲགས། གང་ལགས་ཤེ་ན། “བཟླས་པ”ཞེས་པ་ནི་བོན་ལུགས་སུ་གཞན་ལ་ཕན་གནོད་བྱེད་པའི་ལྷའི་སྔགས་དང་དྲག་སྔགས་མང་དུ་བཟླས་པའི་དོན་ལ་འཇུག་པ་དང་།“གྱེར་བ”ཞེས་པ་བོན་གཞུང་ལས་བསྟན་པའི་ལྷ་གསོལ་འདྲེ་ཕུད་ཀྱི་ཆོ་གའི་གསོལ་བསྟོད་རྣམས་ཐུན་མོང་མ་ཡིན་པའི་འདོན་དབྱངས་སྣ་ཚོགས་ལ་དྲངས་ནས་ངག་ལ་གྱེར་བའི་དོན་ལ་འཇུག་པ་སྟེ། དཔེར་ན། གཤེན་རབ་མི་བོ་ཆེས་བསྟན་པའི་ཆབ་ནག་ཆུ་བོ་སེལ་གྱི་སྒོ་དང་། ཆབ་དཀར་འདྲེ་དང་སྲི་ཡི་སྒོ། འཕེན་ཡུལ་མཉམ་བརྗེ་གླུད་ཀྱི་སྒོ། དབོན་སྲས་ཕྱ་གཉན་གཏོ་ཡི་སྒོ་སོགས་ལྷ་བོན་སྒོ་བཞིར་གྲགས་པ་རྣམས་གཡུ་འབྲུག་དར་མའི་གཅོང་སྐད་ཀྱིས་ལྷ་གསུམ་དཔུང་ཚོགས་རྣམས་སྤྱན་འདྲེན་པ། ཁྱུང་མོ་འཚེར་བའི གཅོང་སྐད་ཀྱིས་དྲག་པོའི་ལྷ་ཚོགས་རྣམས་བདར་བ།ངང་མོ་བུ་གཏོར་བའི་གཅོང་སྐད་ཀྱིས་འགྲོ་བ་མིའི་ཚོགས་ཀྱི་ཕྱ་བླན་པ། རྨ་བྱའི་སྒྲོ་སྐད་གཅོང་གིས་རྐང་བཞི་ཕྱུགས་ཀྱི་ཕྱ་གཡང་འགུགས་པ། ཁུ་བྱུག་སྙན་པའི་གཅོང་སྐད་ཀྱིས་ལྷ་སྲིན་གཏོད་ཀྱི་ཚོགས་རྣམས་ལ་སྤྲོ་བ་སྐྱེད་པ། ཅོ་གའི་འགྱུར་སྐད་གཅོང་གིས་གླུད་དང་ཡས་སྔགས་ཀྱི་ལམ་སྟོན་པ། ནེ་ཙོའི་སྐད་གཅོང་གིས་སྲི་ཡི་བྱུང་གདབ་པ།ཕོ་རོག་ལྟོ་སྐད་གཅོང་གིས་སྲི་ཡི་བྱུང་གདབ་པ། སྟག་སྦྲང་གཅོང་སྐད་ཀྱིས་སྲི་ཡི་བྱུང་གདབ་ཅེས་གཅོང་སྐད་རྣམ་པ་དགུ་རུ་གྲགས་པའི་འདོན་རྟ་ངེས་ཅན་རེར་དྲངས་ནས་ཀློག་པའམ་ངག་ལ་གྱེར་བའི་སྲོལ་ཡོད་པས་མཚོན་ནོ།།
ཁྱད་པར་དུ་བོན་པོ་ཞེས་པའི་སྒྲའི་འཇུག་གཞི་ལ། གདོད་མའི་བོན་པོ་དང་གཡུང་དྲུང་གི་བོན་ལ་སྤྱོད་པའི་བོན་པོ་གཉིས་སུ་ཡོད། དང་པོ་གདོད་མའི་བོན་པོ་ནི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་མཆོག་བོད་གངས་ཅན་གྱི་ལྗོངས་འདིར་ཞབས་ཀྱིས་མ་བཅགས་པའི་སྔ་རོལ་དུ་བོད་ལ་ཡོད་པའི་བདུད་བོན་དང་བཙན་བོན། གདོན་བོན་སོགས་ཀྱི་ལུགས་སྲོལ་དེ་རྗེས་སུ་འཛིན་མཁན་རྣམས་ལ་གདོད་མའི་བོན་པོ་ཞེས་བརྗོད། དེ་རྣམས་ལ་གྲུབ་མཐའ་ལུགས་བཟུང་གིས་མཆོད་བསྟོད་བྱེད་པ་མེད་ནའང་། རང་བྱུང་གི་འཇིགས་པ་དང་སྣང་ཚུལ་སྐོར་ལ་འགྲེལ་རྒྱག་མ་ཐུབ་པར་ས་རྡོ་རི་བྲག་ནགས་ཚལ་སོགས་དང་། མགོན་བྱ་སའི་ལྷ་དང་ཀླུ་མཐུ་རྩལ་ཅན་འདི་དང་འདི་ཞེས་གནས་པ་ངོས་བཟུང་ནས་དེ་དག་ལ་མཆོད་ཅིང་བཀུར་ན་ལྷ་ཐམས་ཅད་མཉེས་པར་འདོད་པ་དང་།དེ་དག་མཉེས་ན་ཚེ་འདི་ཡི་ཁ་རྗེ་དབང་ཐང་དང་ལས་རླུང་འབྱོར་བ་སོགས་རྒྱས་པར་འདོད་པས། ལྷ་དེ་རྣམས་མཉེས་བའི་ཆེད་དུ་སེམས་ཅན་གྱི་སྲོག་ལ་འཚེ་བར་བྱས་ནས་མཆོད་བསྟོད་ཅི་རིགས་སུ་བྱེད་སྲོལ་ཡོད་པ་རེད། དེའང་བདུད་མཆོད་མཁན་གྱི་རིགས་ལ་བདུད་བོན་དང་། བཙན་མཆོད་མཁན་གྱི་རིགས་ལ་བཙན་བོན་ཞེས་བརྗོད། དོན་དུ་བོན་པོ་ཡིན་པ་ནི་སུས་ཀྱང་ལྡོག་ཏུ་མེད་པའི་གནས་ཚུལ་ཞིག་རེད། རྩོད་སྒྲུབ་དངོས་གཙོ་སྨྲ་བའི་ལྟ་བར་གཞིགས་ན། གདོད་མའི་ཆོས་ལུགས་ནི་ཇི་སྲིད་གནམ་གནས་ཀྱི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་མ་ཡིན་པར། དེ་ནི་སྤྱི་ཚོགས་དེ་ཉིད་འཕེལ་རིམ་ངེས་ཅན་ཞིག་དུ་སླེབས་རྗེས་གཞི་ནས་བྱུང་བ་རེད། དེ་ནས་མི་རྣམས་ཀྱི་ཆོས་ལུགས་འདུ་ཤེས་དང་ཆོས་ལུགས་སྒྲིག་སྲོལ་དེ་སྤྱི་ཚོགས་གོང་དུ་འཕེལ་བ་དང་སྦྲགས་རིམ་བཞིན་འཕེལ་རྒྱས་སུ་སོང་སྟེ་རུས་རྒྱུད་ཚོ་བའི་སྤྱི་ཚོགས་ཀྱི་དུས་སུ་བླ་སྲོག་ལ་དད་མོས་བྱེད་པ་དང་། དེ་ནས་སོ་སོ་ཁག་ཆེན་པོ་རུ་གྱུར་རྗེས་ཡུལ་སྡེ་སོ་སོར་ཡུལ་ལྷ་གཞི་བདག་མི་འདྲ་བ་མང་དུ་བྱུང་ཞིང་བྲན་གཡོག་སྤྱི་ཚོགས་སུ་སླེབས་རྗེས་ལྷ་ལའང་རིགས་དང་མཐོ་དམན་གཉིས་ཀྱི་དབྱེ་བ་བྱུང་བ་རེད་ཅེས་པ་འདི་ནི་སྐབས་དེའི་ལོ་རྒྱུས་ཀྱི་དོན་དངོས་དང་མཐུན་པ་རེད། བོན་ལུགས་པ་རང་ཉིད་ཀྱིས་གདོད་མའི་བོན་ལུགས་ནི་ལོ་རྒྱུས་ཀྱི་དུས་ཡུན་ཧ་ཅང་རིང་བ་དང་། ཆོ་ག་དང་གཏོ་ཐབས་སོགས་ཡོད་པའི་བོད་ས་མཐོའི་ཐོག་གི་ཐུན་མོང་མ་ཡིན་པའི་ཆོས་ལུགས་ཤིག་ཏུ་ངོས་འཛིན་གནང་གི་ཡོད་པ་དང་། བོན་པོའི་དཔེ་རྙིང་ཚད་ལྡན་ཁག་ལ་གཞིགས་ན་སྟོན་པ་གཤེན་རབ་མ་བྱུང་གོང་དུ་གདོད་མའི་བོན་ལུགས་ཀྱི་སྟོན་པ་སྣང་བ་རང་འབྱུང་དང་སྟོན་པ་འཁོར་བ་ཀུན་འདྲེན། གཏོ་རྒྱལ་ཡེ་ཤེས་བཅས་བྱོན་ནས་གདོད་མའི་བོན་གྱི་བསྟན་པ་སྤེལ་ཚུལ་གྱི་སྐོར་བཤད་ཡོད་པ་དང་གདོད་མའི་བོན་དར་ནས་གཤེན་ལོ་བརྒྱ་དང་བརྒྱད་ཅུ་སྟེ་མི་ལོ་ཆིག་ཁྲི་བརྒྱད་སྟོང་སོང་ལུགས་སྐོར་མང་དུ་གསུངས། སྤྱིར་ན་ཆོས་ལུགས་དང་དངོས་པོ་གང་ཡིན་རུང་མེད་པ་ནས་ཡོད་པ་དང་ཆ་མ་ཚང་བ་ནས་ཆ་ཚང་བ། དམའ་བ་ནས་མཐོ་སར་སྙེག་པ་བཅས་སུ་རིམ་བཞིན་འཕེལ་རྒྱས་སུ་འགྲོ་བ་ནི་འཇིག་རྟེན་དངོས་པོ་ཀུན་གྱི་ཐུན་མོང་གི་ཆོས་ཉིད་ཅིག་ཡིན་ལ། གདོད་མའི་བོན་ལུགས་ཀྱི་འཕེལ་རིམ་དེ་འང་ཆོས་ཉིད་དང་ཡོངས་སུ་མཐུན་པ་ཡིན། དེར་བརྟེན་ཉེ་རབས་གནའ་རྫས་རྟོག་དཔྱོད་པས་ཤེས་རྟོགས་བྱུང་བ་ལྟར་ན་བོད་ལྗོངས་ཆབ་མདོ་ཁ་རུབ་ནས་ཐོན་པའི་གདོད་མའི་བང་སོ་གཉིས་རྙེད་སོན་བྱུང་བ་དེས་མི་ལོ་ལྔ་སྟོང་ཙམ་གྱི་སྔ་རོལ་དུ་བོད་ས་མཐོའི་ཐོག་གདོད་མའི་ཆོས་ལུགས་ཤིག་བྱུང་ཡོད་པ་ར་སྤྲོད་བྱུང་ཡོད་པ་དང་། དེ་བཞིན་དུས་ཡུན་རིང་བོ་ས་འོག་ནས་ཐོན་པའི་རྡོ་ཆས་དང་ལྕགས་ཆས་ཀྱི་སྟེང་དུ་ཚོས་དམར་པོ་བྱུགས་ཡོད་པ་དེ་སྐབས་དེར་གདོད་མའི་ཆོས་ལུགས་ཤིག་དར་བའི་མཚོན་རྟགས་སུ་བརྩིས་ཤིང་། དེ་ལ་རྒྱུ་མཚན་ཡེ་ནས་མེད་པ་མ་ཡིན། བོན་པའི་ཆོས་ལུགས་སུ་བཙན་ཞེས་པ་ཡང་གདོང་འབག་དམར་བོ་ཡིན་པ། བཙན་ཁང་ལའང་བཙག་དམར་པོ་བྱུགས་སྲོལ་ཡོད་པར་མ་ཟད། ས་བདག་ཀླུ་གཉན་དང་གཏོར་ལྡོག་སོགས་ཀྱི་མཐའ་རུ་ཡང་གཙང་དམར་པོ་འཛུག་སྲོལ་ཡོད་པ་ནི་ཀུན་གྱིས་རྟོགས་ཐུབ། གདོད་མའི་བོན་གྱི་ཆོས་ལུགས་དེས་ཡང་བླ་ཤིང་དང་བླ་མཚོ། བླ་སྲོག་སོགས་རང་བྱུང་ཁམས་ལ་དད་མོས་བྱེད་ཅིང་དཔེར་མཚོན་ཙམ་བཀོད་ན། གཉན་ཆེན་ཐང་ལྷ་དང་ཡར་ལྷ་ཤམ་པོ། ཀོང་པོ་བོན་རི་དང་གངས་ཏེ་སེ། དྭངས་ར་གཡུ་མཚོ་དང་ཉིང་ཁྲི་སྐུ་ཤུག་སོགས་ཡོད་ལ་ད་ལྟའི་བར་དུ་མི་རྣམས་ཀྱིས་འགལ་རྐྱེན་སྣ་ཚོགས་སེལ་བའི་ཆེད་དུ་བསང་དང་མཆོད་པ་འབུལ་བའི་སྲོལ་མ་ཉམས་པར་གནས་ཡོད། ད་ལྟའང་ཧི་མ་ལ་ཡའི་རི་རྒྱུད་དང་སྟོད་མངའ་རིས་ཀྱི་ཡུལ་ན་གཡུང་དྲུང་ཤོན་རྩེད་ཞེས་ཁོ་ཚོའི་མཆོད་བསྟོད་བྱེད་པའི་ཚེ་ལག་ཏུ་གཤང་སོགས་ལག་ཆ་འདྲ་མིན་ཐོགས་ནས་ཕར་བསྐྱེལ་བསུ་ལེན་དང་མཆོད་བསྟོད་བྱེད་པའི་སྲོལ་ད་ལྟའི་བར་དུ་གནས་ཡོད། གཞན་ཨ་མདོའི་ཡུལ་ཕྱོགས་ཁ་ཤས་སུ་དམར་མཆོད་བྱས་ནས་སེམས་ཅན་གཞན་གྱི་ཚེ་སྲོག་གིས་ལྷ་ཀླུ་ཀུན་ལ་མཆོད་སྲོལ་བྱེད་པའི་སྲོལ་ལོ་ངོ་བཅུའི་ཡར་སྔོན་བར་དུ་མ་ཉམས་པར་ཡོད། དེང་གི་དུས་སྐབས་སུ་མཁས་བླུན་དུ་མ་ཞིག་གིས་གདོད་མའི་བོན་པོ་དང་གཡུང་དྲུང་གི་བོན་ལ་སྤྱོད་པའི་བོན་པོ་གཉིས་སོ་སོར་མ་ཕྱེས་པར་གཅིག་ཏུ་བཟུང་སྟེ་བདེན་པའི་བོན་ལ་ངན་བརྗོད་དང་སྐུར་འདེབས་བྱེད་སྲོལ་འདུག་པ་ནི་ཤིན་ཏུ་ནོར་ཚབས་ཆེ་བའི་ལྟ་སྟངས་ཞིག་རེད། བོད་ཀྱི་གདོད་མའི་བོན་པོ་ནི་སྟོན་པ་གཤེན་རབ་མཆོག་བསིལ་ལྡན་ཁ་བ་དཀར་པོའི་ལྗོངས་འདིར་ཞབས་མ་བཅགས་པའི་ཡར་སྔོན་ནས་ཡོད་པས། གདོད་བོན་དེ་སྟོན་པ་གཤེན་རབ་གྱི་རྗེས་འཛིན་མ་ཡིན་པའི་ཚུལ་ནི་བོན་གྱི་ལོ་རྒྱུས་ཡིག་རྙིང་ཁག་ན་གསལ།
དོན་ཚན་གཉིས་པ། གཡུང་དྲུང་བོན་ལུགས་སམ་གཤེན་བསྟན་པ་ངོས་འཛིན་སྟངས།
སྟོན་པ་གཤེན་རབ་ཀྱིས་བསྟན་པའི་བོན་ལ་གཡུང་དྲུང་བོན་ཟེར་དོན་ནི་གདོད་མའི་བོན་རྣམས་དང་ཁྱད་པར་འབྱེད་པའི་ཆེད་དུ་ཡིན་ལ། དེ་ཡང་ཐོག་མར་གཡུང་དྲུང་བོན་ཞེས་པ་ཅུང་ཟད་ཙམ་གླེང་ན། གཡུང་དྲུང་བོན་ནི་སྤྱི་ལོ་སྔོན་གྱི་ལོ་ཆིག་སྟོང་དགུ་བརྒྱ་ཡས་མས་སུ་སྟོན་པ་གཤེན་རབ་མི་བོས་གདོད་མའི་བོན་གྱི་བསམ་བློའི་རྨང་གཞིའི་ཐོག་གསར་དུ་གཏོད་པ་ཞིག་ཡིན། བོན་གྱི་གྲུབ་མཐའི་བསྟན་པ་ནི་གཡུང་དྲུང་གི་བོན་ཡིན་ལ། གཡུང་དྲུང་གི་བོན་ནི་སྤྱད་ཅིང་ཉམས་སུ་བླངས་པ་ལ་བརྟེན་ནས་ལུས་ཅན་གྱི་སྒྲིབ་པ་སེལ་བའི་ཐབས་སུ་གྱུར་པའི་རྣམ་དཀར་གྱི་ཡོན་ཏན་དེར་འཇོག དེ་ལ་དབྱེ་ན་བརྗོད་བྱ་དོན་གྱིས་བསྡུས་པའི་གཡུང་དྲུང་གི་བོན་དང་། རྗོད་བྱེད་ཚིག་གིས་བསྡུས་པའི་གཡུང་དྲུང་གི་བོན་གཉིས་སུ་ཡོད་ཅིང་། བརྗོད་བྱ་དོན་གྱིས་བསྡུས་པའི་གཡུང་དྲུང་གི་བོན་ནི་སྤངས་རྟོགས་ཅི་རིགས་ཀྱིས་བསྡུས་པའི་སངས་རྒྱས་ཀྱི་བསྟན་པ་དང་། སྐུ་གདུང་མཆོད་རྟེན་དང་སྐུ་གཟུགས་སོགས་རིས་སུ་བྲིས་པ་དང་འབུར་དུ་དོད་པ་ལུགས་སུ་རྒྱག་པ་བཅས་མདོར་ན་ཕྱག་སྐོར་སྒྲིབ་སྦྱོང་གི་རྟེན་དུ་གྱུར་བའི་སངས་རྒྱས་ཀྱི་བསྟན་པ་རྣམས་ཡིན། རྗོད་བྱེད་ཚིག་གིས་བསྡུས་པའི་གཡུང་དྲུང་གི་བོན་ནི་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱིས་བསྡུས་པའི་གསུང་རབ་རྣམས་ཡིན་ལ། དེ་ཡང་བཀའ་དང་བཀའ་བརྟེན་གཉིས་སུ་མ་འདུས་པའི་རྗོད་བྱེད་ཚིག་གིས་བསྡུས་བའི་གཡུང་དྲུང་གི་བོན་ཞིག་མེད་སྙམ། མཐར་ཐུག་བོན་ཉམས་སུ་ལེན་ཚུལ་ནི་བདེ་བ་ཆེན་པོའི་སར་གཤེགས་པར་འདོད་པའི་གང་ཟག་རྣམས་ཀྱིས་བོན་ཟབ་མོ་དེ་རྒྱུད་ཐོག་ཏུ་སྦྱར་ནས་ཉམས་སུ་བླང་ན་རང་གི་བློ་ཚོད་དང་མཐུན་པ་ཐེག་པ་རིམ་དགུ་གང་རུང་གི་སྒོར་ཞུགས་ནས་ཉམས་སུ་ལེན་དགོས་པས་ཐེག་པ་རིམ་དགུ་ལྷོ་གཏེར་དང་བྱང་གཏེར། དབུས་གཏེར་ཞེས་གཏེར་གནས་མི་འདྲ་བ་གསུམ་བྱུང་བ་ལ་བརྟེན་ནས་ཐེག་པ་རིམ་དགུའི་རྣམ་གཞག་ལ་ཚུལ་གསུམ་ཡོད། 《གཟུར་གནས་དགྱེས་བའི་འབེལ་གཏམ》ལས “དང་པོ་ལྷོ་གཏེར་ལུགས་ཀྱི་ཐེག་པ་རིམ་དགུ་ནི་ཕྱྭ་གཤེན་སྣང་གཤེན། འཕྲུལ་གཤེན། སྲིད་གཤེན་གྱི་ཐེག་པ་དང་བཞི་ནི་ལྷོ་གཏེར་ལུགས་ཀྱི་རྒྱུ་ཡི་ཐེག་པ་བཞི་དང་དགེ་བསྙེན་དང་དྲང་སྲོང་། ཨ་དཀར་དང་ཡེ་གཤེན། བླ་མེད་ཀྱི་ཐེག་པ་དང་ལྔ་ནི་འབྲས་བུའི་ཐེག་པ་སྟེ་དགུའོ། གཉིས་པ་བྱང་གཏེར་ལུགས་ཀྱི་ཐེག་པ་རིམ་དགུ་ནི་སྣང་ལྡན་དང་རང་ལྡན། བཞེད་ལྡན་གྱི་ཐེག་པ་གསུམ་ནི་ཕྱི་སྤོང་ལམ་གཙོ་བོར་བྱེད་པའི་མདོ་ཡི་ཐེག་པ་གསུམ་དང་། ཐོ་ཐོ་དང་སྤྱི་ཐོ། ཡ་ཐོའི་ཐེག་པ་དང་གསུམ་ནི་ནང་རྒྱུད་རྒྱུ་ཡི་བོན་གྱི་ཐེག་པ་དང་གསུམ། ལྷ་རྩེ་དང་ཡང་རྩེ། སྣང་རྩེ་ཐེག་པ་གསུམ་ནི་འབྲས་བུ་སྔགས་སེམས་ཟུང་འབྲེལ་གྱི་ཐེག་པ་སྟེ་དགུའོ།། གསུམ་པ་དབུས་གཏེར་གྱི་ཐེག་པ་རིམ་དགུ་ནི། ལྷ་མི་གཞན་བརྟེན་གྱི་ཐེག་པ་དང་། རང་རྟོགས་གཤེན་རབ། ཐུགས་རྗེ་སེམས་དཔའ། གཡུང་དྲུང་སེམས་དཔའི་ཐེག་པ་དང་བཞི་ནི་དབུས་གཏེར་ལུགས་ཀྱི་རྒྱུ་ཡི་ཐེག་པ་བཞི་དང་། བྱ་བ་གཙང་སྤྱོད་ཡེ་བོན་གྱི་ཐེག་པ། རྣམ་པ་ཀུན་ལྡན་མངོན་ཤེས་ཀྱི་ཐེག་པ། མངོན་སྤྱོད་ཐུགས་རྗེ་རོལ་བའི་ཐེག་པ། ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ། ཡེ་ནས་རྫོགས་ཆེན་ཡང་རྩེ་བླ་ན་མེད་པའི་ཐེག་པ་དང་ལྔ་ནི་དབུས་གཏེར་ལུགས་ཀྱི་འབྲས་བུའི་ཐེག་པ་སྟེ་དགུ” ②ཞེས་གསུངས། གཤེན་རབ་མི་བོས་གསར་དུ་སྲོལ་ཕྱེའི་པའི་གཡུང་དྲུང་བོན་དེ་སྲོག་ཤིང་དུ་བྱས་ནས་དར་བའི་བོན་གྱི་རིག་གནས་ནི་གནའ་རབས་བོད་ཀྱི་རིག་གནས་གལ་ཆེན་ཞིག་ཡིན་པ་མ་ཟད། རྗེས་རབས་བོད་ཀྱི་རིག་གནས་ཁྱབ་ཁོངས་སོ་སོ་ལའང་ཤན་ཤུགས་ཆེན་པོ་ཐེབས་ཡོད། དེ་བས་རྒྱལ་བ་གཤེན་རབ་མི་བོ་སྐུ་འཁྲུངས་བ་དང་གཡུང་དྲུང་བོན་གྱི་བསྟན་པ་དབུ་བརྙེས་པས་བོད་ཀྱི་ཤེས་རིག་འཕེལ་བའི་ལོ་རྒྱུས་སྟེང་གི་དུས་རབས་གསར་བ་ཞིག་གི་སྒོ་ཕྱེ་བ་རེད། དེ་ནས་བཟུང་དམར་མཆོད་བྱེད་པ་སོགས་གདོད་མའི་བོན་གྱི་ཆོ་ག་བྱེད་སྟངས་ལ་བསྒྱུར་བཅོས་མཛད་ཅིང་། ཐེག་པ་རིམ་དགུ་དང་གཡེན་ཁམས་སོ་གསུམ་སོགས་ཀྱི་རིག་པའི་གཞུང་ལུགས་གསར་གཏོད་མཛད་དེ་གདོད་མའི་བོན་གྱི་ལྷ་རིགས་དང་གདོན་རིགས་རྣམས་ལ་རྒྱབ་བརྟེན་སྲ་ཞིང་བརྟན་པ་ཞིག་གསར་གཏོད་མཛད་ཡོད། རྣམ་མཁྱེན་སྟོན་པ་གཤེན་རབ་བྱོན་པ་དེས་བོད་རང་སའི་ས་སྐྱེས་རྡོ་སྐྱེས་ཀྱི་གདོད་མའི་ཆོས་ལུགས་དེ་སྔར་བས་མིའི་སྤྱོད་པ་དང་འཚམ་ཞིང་། རིག་པའི་གཞུང་ལུགས་དང་ལྡན་པ་ཞིག་ཏུ་འཕེལ་རྒྱས་སུ་སོང་ཡོད་པ་སྨོས་མ་དགོས་པ་ཞིག་རེད། བོན་གྱི་ལོ་རྒྱུས་དེབ་ཐེར་ཁག་ལ་གཞིགས་ན་གཤེན་རབ་མི་བོ་ཆེ་མི་ཡུལ་དུ་བྱོན་པའི་སྐབས་སུ་གདོད་མའི་བོན་ལུགས་འདྲ་མིན་སྣ་ཚོགས་བོད་ས་མཐོའི་ཡུལ་གྲུ་གང་སར་ཁྱབ་པ་དང་ལྷག་པར་དུ་བོན་གཤེད་མ་དང་། བདུད་བོན། གདོན་བོན་སོགས་དམར་མཆོད་བྱེད་པའི་ལུགས་དེ་ཁྱབ་རྒྱ་ཆེ་རུ་ཕྱིན་ཡོད་པ་ནི་གསལ་བོར་རྟོགས་ཐུབ། འོན་ཀྱང་གདོད་མའི་བོན་ལུགས་པ་ཚང་མའི་དམར་མཆོད་བྱེད་པའི་ངེས་པ་མེད། བོན་གྱི་དཔེ་རྙིང《སྲིད་པ་སྤྱི་མདོ་ལས》“བདུད་བོན་གྱི་དམར་ཐབས་ལ་གཤེན་རབ་ནི་ཅི་དགྱེས་ཏེ། ཁྱབ་པ་ནི་ཆམ་ལ་ཕབ། འབྲུ་དཀར་གྱི་གཏོར་མའི་མཆོད། དམར་ཐབས་ཀྱི་འདྲེས་བྱུང་ན། གཤེན་ལྷ་ལ་ནོངས་པ་མཐོལ། གདོད་བོན་གྱི་ཤེ་ཚུའི་སྐྱེམས། གཤེན་རབ་ནི་ཅི་དགྱེས་ཏེ། གདོན་འདྲེ་ནི་ཆམ་ལ་ཕབ། འབྲུ་དཀར་གྱི་ཡུ་ཏིས་མཆོད། ཤེ་ཚུ་ཡི་འདྲེས་བྱུང་ན། གཤེན་ལྷ་ལ་ནོངས་པ་མཐོལ” ③ཞེས་བཀོད་ཡོད། དེར་བརྟེན་སྟོན་པ་གཤེན་རབ་མི་བོ་ཆེས་གཅིག་གསོད་གཅིག་མཆོད་བྱེད་པར་བདག་མ་དགྱེས་ཞེས་ཐུགས་ཤིན་དུ་མ་དགའ་བར་བདུད་བོན་སོགས་དམར་མཆོད་བྱེད་མཁན་གྱི་བོན་རྣམས་ཆམ་ལ་ཕབ། དེའི་ཚབ་དུ་ཤིང་བྱང་ལ་སེམས་ཅན་སྣ་ཚོགས་ཀྱི་གཟུགས་རིས་འབྲི་བ་དང་། ཟན་དང་འཇིམ་པ་སོགས་ལ་སེམས་ཅན་གྱི་གཟུགས་རིས་སྣ་ཚོགས་སུ་དཔར་ནས་མཆོད་བསྟོད་བྱེད་པའི་ལུགས་སྲོལ་བསྒྱུར་ཅིང་ཁྲག་གི་སྐྱེམས་འབུལ་སྲོལ་དེ་འབྲུ་ཆང་གི་སྐྱེམས་ཀྱིས་ཚབ་བྱས། དེ་བཞིན་བཙན་བོན་གྱིས་ཤ་ཁྲག་སྲོག་དབུགས་ལོངས་སུ་སྤྱོད་པའི་ཚབ་དུ་གླུད་གཏོང་བ་སོགས་མདོས་ཆོག་གི་ལུགས་གསར་དུ་གཏོད་པ་དེས་བོད་ཙམ་མ་ཟད་མཐའ་མཁོར་གྱི་མི་རིགས་མང་པོར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་། དེས་རང་རེ་བོད་ཀྱི་སྤྱི་ཚོགས་གོང་དུ་འཕེལ་བར་དགེ་མཚན་ལྡན་པའི་ནུས་པ་རྒྱ་ཆེན་པོ་ཐོན་པར་མ་ཟད། གངས་ཅན་ལྗོངས་འདིར་གཡུང་དྲུང་གི་བོན་ལ་སྤྱོད་པའི་བོན་པོ་ཐོག་མར་བྱུང་བ་རེད། སྟོན་པ་གཤེན་རབ་མི་བོས་སྔོན་མའི་ལུགས་སྲོལ་དེ་བཀག་རྗེས་བོད་ཁ་བ་ཅན་ལ་བྱས་རྗེས་མི་དམན་པ་ཞིག་བཞག་ཡོད། དེ་འང་དཔེ་མཚོན་ཙམ་ཞིག་ཞུས་ན། བོན་གྱི་ཡིག་རྙིང《གཞི་བདག་གི་སྒྲུབ་མཆོད》ལས། “ཁྱེད་ལ་མཆོད་པ་འབུལ་བ་ནི་འབྲས་ཀྱི་བཤོས་བུ་རྒྱན་ཅན་དང་། རིན་ཆེན་འབྲུ་ཡི་གཡག་ལུག་དང་། སྨྱུག་རྒོད་རིན་ཆེན་མདའ་དར་དང་། ཕྱེ་མར་མཁན་ཤུག་བལ་ལུ་དང་། ཆང་ཕུད་གསེར་སྐྱེམས་འབྲུ་སྣ་དང་། དཀར་གསུམ་དམར་གསུམ་སྨན་མཆོག་དང་། བཟང་ཤིང་སྣ་ཚོགས་དུད་པ་དང་། ཤོག་ཤོག་དོང་ཙེ་བལ་ཚོན་དང་ཤེལ་ཚིག་ཁྲི་དཀར་སྟོང་ནག་དང་། དག་ཅིང་གཙང་མའི་སྨན་མཆོག་འདི” ④ཞེས་གསུངས་པ་ལྟར་སྟོན་པ་གཤེན་རབ་ཀྱི་རྗེས་འཇུག་གཡུང་དྲུང་གི་བོན་རྣམས་ཀྱིས་ཕྱག་ལེན་འདི་ད་ལྟའང་མ་ཉམས་པར་ལག་བསྟར་བྱེད་བཞིན་ཡོད། ཕྱིས་སུ་བོན་གྱི་མཁས་པ་ཕུལ་དུ་བྱུང་བ་དྲུག་བྱུང་སྟེ། སྟག་གཟིག་གི་ལོ་ཙྰ་བ་མི་ཙ་ཏྲ་ཧེར་པེ་དང་། ཞང་ཞུང་གི་ཁྲི་ཐོག་སྦ་ཙ། སུམ་པ་ལ་གུ་ཧུ་ལི་སྦར་ལེགས། རྒྱ་གར་ལ་ལྷ་བདག་སྔགས་དྲོ། རྒྱ་ནག་ལ་ལེགས་ཏང་སྨང་པོ། ཕྲོམ་ལ་གསེར་ཐོག་ལྕེ་འབྱམས་སོགས་བྱོན་ནས་བོན་ལུགས་ལ་སྦྱངས་པ་མཐར་ཕྱིན་མཛད་ནས་གཤེན་བསྟན་དར་སྤེལ་རྒྱ་ཆེན་པོ་བྱས།
དོན་ཚན་གསུམ་པ། སྟོན་པའི་བཀའ་དང་བཀའ་བརྟེན་གྱི་དབྱེ་ཚུལ།
འཛམ་བུ་གླིང་འདིར་སྟོན་པའི་ཟག་མེད་ཀྱི་མཚན་དཔེའི་མངོན་པར་བཞད་པ་ནས་བཟུང་སྐུ་མི་རྟག་མྱ་ངན་ལས་མ་འདས་བར་དུ་གསུངས་པའི་ཕྱི་ནང་གསང་གསུམ་གྱི་བཀའ་དུ་མ་ཡོད་ཀྱང་བསྡུས་ན་བཀའ་འཁོར་ཐོག་མཐའ་བར་གསུམ་དུ་འདུས་པ་ཡིན་ཏེ། 《ཡེ་ཤེས་གསལ་སྒྲོན》 ལས། “བཀའ་རབ་འབྱམས་ཐེག་པ་བོན་གྱི་རྒྱ་མཚོ་ཡང་། མདོར་བསྡུས་ན་ཐོག་མཐའ་བར་གསུམ་དུ་འདུས་པ་ཡིན་ཏེ” ⑤ཞེས་གསུངས་པའི་ཕྱིར་རོ།།
དེ་ཡང་བཀའ་འཁོར་དང་པོ་ནི། རྒྱལ་གྱི་ལོ་མཛོད་བཅུ་གཉིས་ཀྱི་མཛད་པའི་ཁོངས་སུ་གསུངས་པའི་ཀུན་རྫོབ་དྲང་དོན་གཙོ་བོར་སྟོན་པའི་བཀའ་རྣམས་ཡིན་ལ། དེ་ལ་དབྱེ་ན་རིག་པའི་གནས་ལྔས་བསྡུས་པའི་བཀའ་དང་ཐེག་པ་རིམ་དགུའི་བསྡུས་པའི་བཀའ་གཉིས་སུ་ཡོད་དེ། དེ་ལྟར་གནས་ལྔ་ཐེག་པ་དགུ། དང་པོར་གསུངས་བའི་བཀའ་ལུང་ཡིན་ཞེས་གསུངས་པའི་ཕྱིར་གཤེན་རབ་མཆོག་འོག་མིན་གྱི་གནས་སུ་སྤངས་རྟོགས་ཚད་རྫོགས་པ་དང་སྟོང་གསུམ་འདུལ་བའི་སྟོན་པ་ཆེན་པོ་སྤྲུལ་བའི་སྐུར་བཞེངས་པ་ནས་འཛམ་བུ་གླིང་འདིར་སྐུ་སྐྱེ་བ་མ་བཞེས་པའི་བར་དུ་གསུངས་པའི་བཀའ་རྣམས་སྐུས་སྐྱེ་བ་བཞེས་ནས་མཛད་པའི་ཁོངས་སུ་གསུངས་པ་དང་། རྒྱལ་གྱི་ལོ་མཛོད་བཅུ་གཉིས་ཀྱིས་མཛད་པའི་ཁོངས་སུ་གསུངས་པ་གཉིས་ལ་ཁྱད་པར་ཡོད་པའི་ཚུལ་ཤེས་པར་བྱ། གཉིས་པ་བཀའ་འཁོར་བར་བ་ནི། རྒྱལ་གྱི་ལོ་མཛོད་བཅུ་གཉིས་ཀྱི་མཛད་པ་རྫོགས་ནས་བསྟན་པ་རྗེས་བཞག་གི་མཛད་པ་མ་གྲུབ་པའི་བར་དུ་གསུངས་པའི་བདེན་གཉིས་ཟུང་འབྲེལ་གཙོ་བོར་སྟོན་པའི་བཀའ་རྣམས་ཡིན་ལ། དེ་དཔོན་སྲས་མན་ངག་ལུང་གི་བོན་སྒོ་དང་།ཆབ་དཀར་དྲག་པོ་སྔགས་ཀྱི་བོན་སྒོ་དང་། ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྒོ་དང་། འཕན་ཡུལ་རྒྱས་པ་འབུམ་གྱི་བོན་སྒོ་དང་མཐོ་ཐོག་སྤྱི་རྒྱུགས་མཛོད་ཀྱི་བོན་སྒོ་ལྔ་རུ་ཡོད་དེ། མདོ་ལས། “བར་བ་བདེན་གཉིས་ཚུལ་གསུངས་པ་སྒོ་བཞི་མཛོད་དང་ལྔ་རུ་དབྱེ”ཞེས་གསུངས། གསུམ་པ་བཀའ་འཁོར་མཐའ་མ་ནི་སྟོན་པ་ཁྱིམ་སྤངས་རབ་ཏུ་བྱུང་ནས་གསུངས་པའི་ངེས་པའི་གནད་གཙོར་བོར་སྟོན་པའི་བཀའ་རྣམས་ཡིན་ལ། དེ་ལ་དབྱེ་ན་ཕྱི་རྒྱུད་ནང་རྒྱུད་གསང་རྒྱུད་བཅས་གསུམ་དུ་ཡོད་དེ། ཕྱི་རྒྱུད་ཅེས་པ་ཕྱི་སྤོང་གི་ལམ་གཙོ་བོར་སྟོན་པའི་རྒྱུ་ཡི་ཐེག་པ་ཆེ་ཆུང་གང་རུང་གི་ལྟ་སྤྱོད་གཙོ་བོར་སྟོན་པའི་བཀའ་རྣམས་ཡིན་ལ། ནང་རྒྱུད་ཅེས་པ་ནང་བསྒྱུར་ལམ་གཙོ་བོར་སྟོན་པའི་འབྲས་བའི་ཐེག་པའི་བཀའ་རྣམས་ཡིན། དེའང་བསྐྱེད་རིམ་གཙོ་བོར་སྟོན་པའི་ཨ་དཀར་ཐེག་པའི་གཞུང་དང་རྫོགས་རིམ་གཙོ་བོར་སྟོན་པའི་ཡེ་གཤེན་ཐེག་པའི་གཞུང་དུ་གཏོགས་པའི་བཀའ་རྣམས་ནང་རིམ་གཉིས་ཀྱི་ཉམས་ལེན་དང་བསྒྱུར་ལམ་གཙོ་བོར་འདོམས་བྱེད་ཡིན་པས་ཆ་ནས་ནང་ཞེས་བྱ། གསང་རྒྱུད་ཅེས་པ་གྲོལ་ལམ་ཆིག་རྫོགས་སུ་གཙོ་བོར་སྟོན་པའི་བཀའ་རྣམས་ལ་གསང་བ་ཞེས་བྱ་སྟེ། བླ་མེད་རྫོགས་པ་ཆེན་པོའི་ལུགས་ཀྱི་ཁྲེགས་ཆོད་དང་ཐོད་རྒལ་སོགས་སྣང་བཞི་གཙོ་བོར་སྟོན་པའི་སེམས་ལུང་མན་ངག་གི་སྡེ་རྣམས་གསང་ཆེན་བླ་མེད་རྫོགས་པ་ཆེན་པོ་གཙོ་བོར་འདོམས་བྱེད་ཡིན་པའི་ཆ་ནས་གསང་བ་ཞེས་བྱ།
བོན་གྱི་ཁྱད་ཆོས་དང་ལྡན་པའི་རིག་གཞུང་རླབས་པོ་ཆེ་འདི་བཀའ་དང་བཀའ་བརྟེན་གཉིས་སུ་དབྱེ་ཡོད་པ་ལས་འདིར་བཀའ་འགྱུར་གྱི་སྡེ་ཚན་དང་མཚན་དོན་དངོས་བསྟན་སོགས་ཀྱི་ཁྱད་ཆོས་རགས་ཙམ་ཞིག་བརྗོད་ན་བཀའ་འགྱུར་འདི་ཉིད་མདོ་འབུམ་རྒྱུད་མཛོད་བཞི་རུ་དབྱེ་ཡོད། དེ་དག་ནི་ཕུན་སུམ་ཚོགས་པ་མདོ་ཡི་སྡེ། རྣམ་དག་རྒྱས་པ་འབུམ་གྱི་སྡེ། ཟབ་ལམ་གསང་སྔགས་རྒྱུད་ཀྱི་སྡེ། བླ་མེད་སེམས་ཕྱོགས་མཛོད་ཀྱི་སྡེ་བཅས་ཡིན། རྒྱལ་བའི་བཀའ་དང་བཀའ་བརྟེན་དབྱེ་ཚུལ་ལ་རྣམ་པ་གཉིས་སུ་ངེས་པའི་དང་པོ་ནི་སྤྱིར་བཀའ་ཞེས་བྱ་བའི་སྒྲ་དོན་ནི་ས་ཁམས་ལ་དབང་བསྒྱུར་བའི་རྒྱལ་བོའི་བཀའ་དང་སངས་རྒྱས་ཀྱིས་གསུངས་པའི་བཀའ་རྣམ་པ་གཉིས་ཡོད་དེ། 《མདོ་དྲི་མེད་གཟི་བརྗིད》 ལས “དེ་ལྟར་འཁོར་ལོ་གསུམ་གྱིས་བསྡུས་པའི་རྒྱལ་བའི་བཀའ་དེ་ལ་རྣམ་ཆེན་མི་བོ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོས་དངོས་སུ་ཞལ་ནས་གསུངས་པའི་བཀའ་དང་། སྐུ་ཡི་རྣམ་འགྱུར་གཞན་དུ་སྤྲུལ་ནས་གསུངས་པ་དང་། སྐུ་གསུང་ཐུགས་གསུམ་གྱི་བྱིན་གྱིས་རླབས་པའི་བཀའ་དང་། རྗེས་སུ་གནང་བའི་བཀའ་རྣམས་སུ་ཡོད” ⑥པ་དང་།གཞན་ཡང་བཀའ་ལ་རྣམ་པ་གསུམ་ཡིན་ཏེ། ཞལ་ནས་གསུངས་དང་རྗེས་སུ་གནང་། བྱིན་གྱིས་རླབས་དང་རྣམ་པ་གསུམ་ཞེས་བརྗོད་སྲོལ་ཡོད།
ཞལ་ནས་གསུང་བའི་བཀའ་ལ་དབྱེ་ན། ༡ དོན་དམ་ངོ་བོ་ཉིད་དུ་བདེན་པ་དང་། ༢ ཀུན་རྫོབ་མཚན་མའི་དངོས་པོར་བདེན་པ། ༣ གཉིས་ཀ་མ་ཡིན་ཐབས་ཀྱི་ལྡེམ་དགོངས་བཅས་གསུམ་ཡོད་པ་དང་། བྱིན་གྱིས་བརླབས་པའི་བཀའ་ལ། ༡ གཡུང་དྲུང་སེམས་དཔའི་རྒྱུད་ལ་བརླབས་པ་དང་། ༢ གང་ཟག་གཞན་གྱི་རྒྱུད་ལ་བརླབས་པ། ༣ དུས་དང་མཚན་ཉིད་བྱིན་གྱིས་བརླབས་བཅས་གསུམ་དང་། རྗེས་སུ་གནང་བའི་བཀའ་ལ་ཡང་། ༡ བཀའ་ལ་སྡུད་པ་རྗེས་སུ་གནང་བ་དང་། ༢ བཀའ་ལ་དབྱེ་བ་རྗེས་སུ་གནང་བ་དང་། ༣ བཀའ་ལ་རྟེན་པ་རྗེས་སུ་གནང་བ་བཅས་གསུམ་ཡོད་དོ།།
དེ་ཡང་བཀའ་བརྟེན་ལ་སྤྱི་དང་བྱེ་བྲག་གཉིས་སུ་སྣང་མོད། སྤྱི་ནི་རྗེས་སུ་བསྟན་པའི་བོན་ལ་བདག་ཅག་གི་སྟོན་པ་ལྷ་ཡི་རྗེས་ཞུགས་ནས་འཁོར་གཡུང་དྲུང་སེམས་དཔའ་རྣམས་ལ་གསུངས་པའོ།《ཉི་མ་འབུམ་གྱི་འོད་གསལ》ལས “གཤེན་རབ་སྟོན་པའི་བཀའ་ལ་མུ་ཆོའི་རྟེན། །གསུང་ལྟར་སྟོན་པའི་བསྟན་པ་ཁོ་ན་ལ། །བསམ་པའི་རྗེས་འཇུག་མཁས་གྲུབ་མང་པོ་ཡིས། །བཀའ་ཡི་དགོངས་འགྲེལ་ལེགས་བཤད་བཀའ་བརྟེན་ནོ།”⑦ཞེས་གསུངས། བྱེ་བྲག་གི་བཀའ་བརྟེན་ལ་ཡང་རྣམ་པའི་སྒོ་ནས་དབྱེ་ན་བཞི་སྟེ། བཤད་བྱ་བཀའ་ཡི་སྒོ་དང་། བརྗོད་བྱའི་དོན། བྱེད་པ་ལས་དང་འཇུག་ལྡོག་མཆོག་དམན་ནོ།།
དོན་ཚན་བཞི་བ། བོན་པའི་བསྟན་བཅོས་རྣམས་ཕྱོགས་སྒྲིག་མཛད་ཚུལ།
སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་བཅོས་ལ་ཡང་བསྟན་པ་སྔ་དར་བར་དར་ཕྱི་དར་གྱི་བསྟན་བཅོས་དང་གཏེར་མ་སོགས་མང་པོ་ཡོད་མོད། འདིར་བོན་པོའི་བསྟན་བཅོས་ཕྱོགས་བསྒྲིགས་ཆེས་སྔ་བ་ནི་རིག་འཛིན་ཀུན་གྲོལ་གྲགས་པ་ཡིན་ཏེ། འདིས་བརྩམས་གནང་མཛད་པའི་གཡུང་དྲུང་བོན་གྱི་དཀར་ཆག་ཉི་མ་འབུམ་གྱི་འོད་ཟེར་བྱ་བ་ནི་ད་ཡོད་བོན་གྱི་བཀའ་བརྟེན་གྱི་དཀར་ཆག་ཆེས་སྔ་བ་ཞིག་རེད།
དཀར་ཆག་དེ (༡༧༥༡)ལོར་བརྩམས་པ་དང་། དེར་དཀར་ཆག་རིག་པའི་ཆ་ནས་རིན་ཐང་ཆེན་པོ་ལྡན་པར་མ་ཟད། དེར་བོན་གྱི་བཀར་འགྱུར་དཀར་ཆག་ཐེངས་དང་པོར་ཕྱོགས་བསྒྲིགས་བྱས་པའང་ཡིན་པས། གསར་གཏོད་གྱི་རང་བཞིན་ལྡན་པ་ཞིག་ཡིན། སྤྱིར་གཤེན་རབ་གྱི་བཀའ་ལ་ཐེག་པ་རིམ་དགུ་དང་། སྒོ་བཞི་མཛོད་ལྔ། ཕྱི་ནང་གསང་གསུམ། བཀའ་གསུམ་སོགས་དབྱེ་སྒོ་བཅུ་གསུམ་དུ་ཡོད་པ་ལས། སྐབས་བབས་ཀྱི་ཀུན་གྲོལ་དཀར་ཆག་ནི་མདོ་འབུམ་སེམས་གསུམ་བཞིར་དབྱེ་སྟེ་བསྒྲིགས་པ་ཡིན། ཕུན་སུམ་ཚོགས་པའི་མདོ་སྡེ་དང་། རྣམ་པར་དག་པའི་འབུམ་སྡེ། རྨད་དུ་བྱུང་བའི་སྔགས་སྡེ། བླ་ན་མེད་པའི་སེམས་སྡེ་བཞིའོ།། 《མདོ་འདུས》ལས“ང་ནི་མྱ་ངན་འདས་འོག་ཏུ། །མདོ་འབུམ་རྒྱུད་མཛོད་བཞིར་ཕྱེས་ལ། །འཁོར་རྣམས་བཀའ་ཡི་བསྡུ་བར་གྱིས། །”○8ཞེས་ལུང་འདིར་བསྟན་པ་ཡིན་ལ་དེ་སྤ་བསྟན་རྒྱལ་བཟང་པོས་བརྩམས་པའི《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》ལས་ཀྱང་ཞིབ་དུ་བཀྲལ་ཡོད་པ་མ་ཟད། ཕྱིས་ཀྱི་མཁན་ཆེན་ཉི་མ་བསྟན་འཛིན་དང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གཉིས་ཀྱིས་ཀྱང་ལུང་དྲངས་ནས་རྒྱབ་རྟེན་དུ་བཅོལ་ཡོད། དེ་ལྟར་ན་ལུང་འདི་ཇི་ལྟར་སྔ་ཡང་བཀའ་ཐམས་ཅད་བསྡུས་ཏེ་བཀའ་འགྱུར་གྱི་དཔེ་ཚོགས་ཤིག་ཏུ་གྲུབ་པས་རིག་འཛིན་ཀུན་གྲོལ་གྲགས་པ་ནས་འགོ་ཚུགས་པར་མངོན། ཀུན་གྲོལ་གྲགས་པ་ནི་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་ཤར་ཕྱོགས་རྒྱལ་མོ་རོང་དུ་སྐྱེས་ཤིང་ཁྲོ་སྐྱབས་རྒྱལ་བོ་ནམ་མཁའ་རབ་བརྟན་གྱི་དབུ་བླར་བསྐོས། འདིས་བཀའ་འགྱུར་དཀར་ཆག་བསྒྲིགས་པ་ལ་མཛད་རྗེས་གཙོ་བོ་བཞི་བཞག་ཡོད་པ་ལས་དང་པོ་ནི་བསྟན་བཅོས་དཀར་ཆག་འཚོལ་སྡུད་བྱེད་རྒྱུ་དེ་ཡིན་ལ་ཁོ་རང་གིས་བརྩམས་པའི་ཀུན་གྲོལ་དཀར་ཆག་ལས་དཀར་ཆག་སྒྲིག་པའི་སྲོལ་ནི་འདིའི་ཡར་སྔོན་ནས་དར་ཡོད་པ་མངོན་གསལ་ཡིན་ལ། དེའི་གོང་ནས་བོན་པོ་རྣམས་ཀྱིས་བོན་གྱི་བསྟན་བཅོས་གང་མང་འཚོལ་སྡུད་བྱས་ཤིང་དཀར་ཆག་ཀྱང་བསྒྲིགས་ཡོད་པ་ནི《དཔེ་རྩིས་མུན་སེལ་སྒྲོན་མེ》དང《མདོ་མང་སུམ་བཅུ་བའི་རྩི་བརྒྱ》སོགས་ལས་ཤེས་ཐུབ། གཉིས་པ་གཏེར་གསར་ཁ་སྣོན་བྱས་ཡོད་ཅིང་། འདིའི་སྔོན་གྱི་དཀར་ཆག་རྣམས་སུ་གཏེར་གསར་གྱི་བསྟན་བཅོས་རྣམས་མི་འདུས་པ་དེ་ཐམས་ཅད་བོན་པའི་བཀའ་འགྱུར་དུ་བསྡུས་ནས་དཀར་ཆག་བསྒྲིགས་པ་དེ་རེད། གསུམ་པ་ནི་དབྱེ་སྒོ་གསལ་བའི་དཀར་ཆག་བསྒྲིགས་པ་དེ་རེད། བཞི་པ་ནི་བོན་གྱི་བཀའ་འགྱུར་ཤིང་དཔར་དུ་བརྐོ་བར་མཐུན་རྐྱེན་གལ་ཆེན་བསྒྲུབས་པ་དེ་ཡིན། ཤིང་པར་བརྐོ་རྒྱུ་ནི་ལས་ཀ་ཤིན་ཏུ་ཞིབ་ཅིང་དུས་ཚོད་རིང་བོ་ཞིག་དགོས་ལ། བཀའ་འགྱུར་གྱི་གླེགས་བམ་བརྒྱ་ཕྲག་ལྷག་ཙམ་རེ་བརྐོ་བར་དུས་ཡུན་ཧ་ཅང་རིང་བོ་དགོས་པས། དཔལ་འབྱོར་སོགས་རྒྱུ་རྐྱེན་གང་མང་དབང་གིས་བོན་གྱི་བཀའ་འགྱུར་པར་བརྐོ་བྱ་བ་དེ་དུས་རབས་བཅུ་དགུ་བའི་དུས་དཀྱིལ་ཙམ་དུ་ད་གཟོད་གྲུབ་ཅིང་པར་དུ་བཏབ་པ་རེད། བོན་གྱི་བཀའ་འགྱུར་དཔར་ཤིང་ལ་ཆུ་ཆེན་རབ་བརྟན་རྒྱལ་བོའི་པར་དང་། ཚ་ཁོ་ཁྲོ་སྐྱབས་རྒྱལ་བོའི་པར་ཏེ་པར་གཞི་གཉིས་ཡོད་ལ་སྔ་མའི་པར་ཤིང་གི་མཐར་ཟངས་ཀྱིས་ཤན་ཡོད་པས་ཟངས་པར་མའང་ཟེར། བསྟན་པའི་ཆགས་འཇིག་དང་དུས་ཀྱི་འཕོ་འགྱུར་གྱི་དབང་གིས་པར་ཤིང་དེ་གཉིས་ད་ལྟ་བརླག་ཚར་བ་རེད། མཁན་ཆེན་ཉི་མ་བསྟན་འཛིན་ལ་ཡོངས་གྲགས་སུ་མཁན་ཉི་མ་ཡང་ཟེར་ལ། ཁོང་ནི་དུས་རབས་བཅུ་དགུ་བའི་དུས་འགོར་སྐྱེས་ཤིང་ལོ་ན་ཆུང་བའི་དུས་ནས་མཁས་པ་ཆེན་པོར་གྱུར་པས་ཐོབ་རྒྱལ་སྨན་རི་དགོན་གྱི་མཁན་པོར་བསྐོས། རང་ལོ་ཉེར་གཉིས་པའི་སྐབས་སུ《གཡུང་དྲུང་བོན་གྱི་བཀའ་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་གྱི་དཀར་ཆག་ཉུང་ཐུས་གཤེན་བསྟན་པད་མོ་རྒྱས་བའི་ཉིན་བྱེད》བྱ་བའི་དཀར་ཆག་བརྩམས་ཏེ། ཁོང་རང་གི་བསམ་བློ་ལྟར་བཀའ་དང་བཀའ་བརྟེན་གྱི་ཁྱད་པར་ཕྱེས་ནས་སླར་ཡང་དཀར་ཆག་འདི་བསྒྲིགས་པ་ལ་ཡོངས་གྲགས་སུ་མཁན་ཉི་མའི་དཀར་ཆག་ཀྱང་ཟེར། གཤེན་རབ་གྱི་བཀའ་ལ་པོ་ཏི་བརྒྱ་དང་བཅུ་གསུམ་དང་། བརྟེན་འགྱུར་ལ་པོ་ཏི་ཉིས་བརྒྱ་དང་དགུ་བཅུ་གོ་གསུམ་སྟེ་ཁྱོན་བསྡོམས་བཞི་བརྒྱ་དང་བཅུ་དྲུག་ཡོད། དཀར་ཆག་དེར་ནོར་ཝེར་རྒྱལ་ཁབ་གྱི་ཨོ་སི་ལོའུའི་སློབ་གྲྭ་ཆེན་མོའི་སློབ་དཔོན་ཕེར་ཁི་བིས་ནིས་ཞིབ་འཇུག་བྱས་ཏེ(༡༩༧༥)ལོའི་རྒྱ་གར་དང 《ཡི་ལིང》 གི་ཟླ་རེའི་དུས་དེབ་ཏུ་བཀོད་པ་ལ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པ་རྣམས་ཀྱི་བསྔགས་བརྗོད་ཐོབ་ཡོད། གཞན་ཡང་སྐུ་ཞབས་མཁར་རྨེའུ་བསམ་གཏན་གྱི་དགོངས་པ་ལྟར་ན(༡༩༢༢)ལོར་ཨ་མེ་རི་ཁའི་མཁས་པ་སྐུ་ཞབས་བློ་ལེ་ཧེ་ཡིས་བོད་ཀྱི་བྱང་ཤར་གྱི་དགོན་པ་ཞིག་ནས་བོན་གྱི་བསྟན་བཅོས་མང་པོ་ཞིག་མཐོང་བ་ལ་བཀའ་འགྱུར་པོ་ཏི་བརྒྱ་དང་བཞི་བཅུ་དང་བརྟེན་འགྱུར་པོ་ཏི་བརྒྱ་དང་དྲུག་བཅུ་འདུག་ཟེར། བོད་ཀྱི་ཤར་མཐའ་བྱ་བ་དང་བོད་ཀྱི་བྱང་ཤར་བྱ་བ་ནི་དོན་གཅིག་ཏེ་བོད་མདོ་ཁམས་སུ་གོ་དགོས་ཤིང་དེ་རྣམས་ནི་བོན་གྱི་བཀའ་བརྟེན་འགྱུར་གྱི་ཆུ་ཆེན་པར་མ་དང་ཁྲོ་སྐྱབས་པར་མ་གཉིས་ཐོག་མར་དར་བའི་ཡུལ་ཡིན་པ་བཤད་མ་དགོས་སོ།།
-------------------------------------------------------------------------------------------------------
ལུངས་ཁུངས།
①《སྟོན་པའི་གསུང་རབ་ཁམས་ཆེན་སྟོང་ཕྲག་བརྒྱ་བ》 སི་ཁྲོན་དཔར་མ། སྣ་རིང་། པོད་ང་བ། P.17
②《གཟུར་གནས་དགྱེས་པའི་འབེལ་གཏམ་ལུང་གི་སྙིང་པོ》 ལྷ་སའི་ལྕགས་པར། 1987•P.56
③《སྲིད་པ་སྤྱི་མདོས》 ར་སང་ཁྲེ་ན་ཁོད་ཀྱིས་དུས་རབས་བརྒྱད་པར་བརྩམས། དཔེ་རྙིང་བྲིས་མ། P.198
④《གཞི་བདག་གི་སྒྲུབ་མཆོད》སྣ་རིང་དཔར་མ P.12
⑤《ཡེ་ཤེས་གསལ་སྒྲོན 》ལྷ་སའི་ལྕགས་པར་། P.94
⑥《མདོ་དྲི་མེད་གཟི་བརྗིད》 (པོད་བདུན་པ) སྟོན་པ་གཤེན་རབ་ཀྱི་གསུངས་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2000•P.129
⑦《ཟབ་དང་རྒྱ་ཆེ་གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་དཀར་ཆག་ཉི་མ་འབུམ་གྱི་འོད་ཟེར》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། P. 92
○8《མདོ་འདུས་པ》 སྟོན་པ་གཤེན་རབ་ཀྱི་གསུངས་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། P.187