ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> དཔྱད་གླེང་། >> དཔྱད་རྩོམ། >> བོད་ཀྱི་འཕྲུལ་ཡིག་བཞི་བཅུའི་བྱུང་ཁུངས་ལ་དཔྱད་པ།
བོད་ཀྱི་འཕྲུལ་ཡིག་བཞི་བཅུའི་བྱུང་ཁུངས་ལ་དཔྱད་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དགེ་བཤེས་གཡུང་དྲུང་བསྟན་རྒྱལ།] [ཟླ་ཚེས། 11-01-01] [ཀློག་གྲངས། ]

རྒྱལ་བ་ཐབས་ཐུགས་མ་འགགས་མཁྱེན་བརྩེའི་གཏེར། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །
སོ་སོ་རང་རང་སྒྲ་སྐད་ཇི་བཞིན་དུ། །འཕྲུལ་ཡིག་བཞི་བཅུའི་ངོ་བོ་མ་འདྲེས་གསལ། །
ལྐུགས་པ་ཁ་འབྱེད་འཕྲུལ་གྱི་ལྡེ་མིག་ཞེས། །འཁོར་འདས་རྣམ་བཞག་དཀར་ནག་རྒྱུ་འབྲས་སོགས། །
མ་ནོར་ལུང་དུ་སྟོན་པའི་བློ་གྲོས་མིག །བདེར་གཤེགས་གསུང་གི་བྱིན་རླབས་འགྲོ་བའི་མགོན། །
དག་པ་ལྷ་ཡིག་རྟག་གཟིགས་སྤུངས་ཡིག་དང་། །ཞང་ཞུང་སྨྲར་ཡིག་བོད་ཡིག་དཀར་ནག་སོགས། །
ངོ་བོ་འཕྲུལ་ཡིག་བཞི་བཅུའི་རྣམ་གྲངས་ལས། །རྣམ་པ་དབྱིབས་གཟུགས་མི་འདྲའི་ཁྱད་པར་ཙམ། །

ཞེས་མཆོད་པར་བརྗོད་པའི་མདུན་བསུས་ཏེ་སྐབས་འདིར་གླེང་བར་བྱ་བ་ནི། རང་རེ་ཁ་བ་ཅན་གྱི་ཡུལ་གྲུ་འདིར་བེད་སྤྱོད་བྱེད་བཞིན་པའི། བོད་ཀྱི་ཆོས་རིག་ཀུན་གྱི་རྨིང་གཞི་ལས་གྲུབ་པའི་ད་ལྟའི་བོད་ཀྱི་སྐད་ཡིག་འདི་ཉིད་ཀྱི་བསྐོར་ཅུང་ཙམ་གླེང་བར་འདོད་དེ། དེ་ཡང་བོད་ཡིག་འདི་དག་སུ་ཡིས་བཟོས་པ་དང་། མ་ཟད་ཡི་གེ་དེ་དག་དུས་ནམ་ཙམ་དར་བའི་བསྐོར་སོགས་ནི། ཆོས་ལུགས་ཁག་འདྲ་མིན་གྱི་གྲུབ་མཐའ་ཕྱོགས་ལྷུང་དབང་གིས་བཤད་སྲོལ་མི་འདྲ་བ་མང་པོ་ཞིག་ཡོད་པ་དང་། དེར་བརྟེན་གང་ཟག་སོ་སོའི་ལྟ་བ་མི་འདྲ་བ་མང་པོ་ཞིག་ཆགས་ཡོད་མོད། ཡིན་ནའང་བློ་གཟུ་བོར་གནས་ཤིང་གྲུབ་མཐའི་ཕྱོགས་ལྷུང་སོགས་དོར་ཏེ་རྣམ་དཔྱོད་ཀྱི་མིག་སྟོང་བགྲད་དེ་དཔྱད་གསུམ་གྱི་ལུང་རིག་ལ་ཞིབ་འཇུག་ཡང་དག་ཞིག་བྱས་པ་ཡིན་ན། ད་ལྟ་ང་ཚོ་བོད་ཀྱིས་བེད་སྤྱོད་བྱེད་བཞིན་པའི་བོད་ཡིག་འདི་ནི། མི་ལོ་ཁྲི་ཕྲག་གི་ཡར་སྔོན་དུ་དར་བའི་གཡུང་དྲུང་བོན་གྱི་ཆོས་རིག་དེ་ཉིད་དར་བའི་དུས་སུ་དར་བའི་ཡི་གེ་ཞིག་ཡིན་པ་ལུང་རིག་གིས་གྲུབ་ཡོད་དེ། དཔེར་ན་གཡུང་དྲུང་བོན་གྱི་སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་གསུངས་པའི་གསང་སྔགས་སྤྱི་སྤུངས་ཁྲོ་བོའི་རྒྱུད་དྲུག་ལས་གསལ་བ། དེ་ན་ཡང་སྟོན་པ་ཡེ་གཤེན་གཙུག་ཕུད་ལ་སོགས་ཏེ། འཁོར་གྱི་བདེ་བར་གཤེགས་པ་ཐམས་ཅད། དགོངས་པ་གཅིག་ཏུ་དྲིལ་ནས། སྟོན་པ་ལ་འདི་སྐད་ཞུས་སོ། །བདེན་པ་གཉིས་སུ་མེད་པའི་མཉམ་པ་དབྱེར་མི་ཕྱེད་པའི་ཚུལ་ལས། འཁོར་བ་དང་མྱང་ངན་འདས་པའི་བོན་ཐམས་ཅད་ཡེ་ནས་གསུང་དུ་སངས་རྒྱས་པར་གསལ་བའི་ཏིང་ངེ་འཛིན་ལས་མ་གཡོས་པར། འཁོར་འདས་ཀྱི་བོན་ཐམས་ཅད་ཐེར་ཟུག་མེད་པ་སྟེ་ངོ་བོ་ཉིད་ཀྱིས་མ་གྲུབ་པས་མིང་ཙམ་དུ་གནས་ཏེ། སྟོང་པ་ཉིད་ཀྱི་དོན་མཚོན་པའི་ཕྱིར། རྒྱུན་ཆད་མེད་པའི་ཡི་གེ་ཕྲེང་བའི་དཀྱིལ་འཁོར་ཞེས་བྱ་བ་འདི། ཡབ་དང་ཡུམ་དང་གཉིས་སུ་མེད་པ་ལས་ཕྱུང་ཞིག །ཞེས་ཞུས་སོ། དེ་ལ་སྟོན་པས་བཀའ་བསྩལ་པ། འདུས་པའི་འཁོར་ཚོགས་གུས་པས་ཉོན། །སྟོང་ཉིད་མཚོན་པར་བྱེད་པ་ཡི། །ཡི་གེ་ཕྲེང་བའི་དཀྱིལ་འཁོར་ལ། །དངོས་དང་ཡོན་ཏན་གཉིས་སུ་བཤད། །དངོས་ལ་རྒྱས་བསྡུས་གཉིས་ཡིན་ཏེ། །རྒྱས་པ་ལམ་དང་འབྲས་བུའོ། །ལམ་ལ་ལྟ་སྒོམ་རྣམ་གཉིས་ཏེ། །རྒྱུ་ཞེས་ལྟ་བ་ལྟ་ཐབས་ལ། །ཡི་གེ་འབྱུང་བའི་རིམ་པ་དང་། །བྱིན་རླབས་ལྟ་བར་བསྟན་པའོ། །ཡི་གེ་འབྱུང་བའི་རིམ་པ་ནི། །ཨ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ཝ་ར་ལ། ཤ་ཥ་ས་ཧ། ཀྵ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཱེ། ཨོ་ཨཱོ། ཞེས་བྱ་བའི་དོན་ནི་འདི་ལྟ་སྟེ། སྟོན་པ་ཀུན་ཏུ་བཟང་པོ་ཡི། །ཐུགས་ཉིད་མ་སྐྱེས་བོན་དབྱིངས་ལས། །སྐྱེ་མེད་ཨ་རུ་གནས་པ་ལས། །འོད་ཟེར་འཕྲོས་པས་འདི་ཉིད་འབྱུང་། །རྗེས་སུ་འཇུག་པའི་གཤེན་རབས་ཀྱིས། །སྡེ་ཚན་དང་བོ་གྲེ་ལས་བོད། །གཉིས་པ་ལྕེ་རྩེ་རྐྱང་ལས་བོད། །གསུམ་པ་མཆུའི་སྤྲོས་ལ་བོད། །བཞི་བ་བྱིན་པ་སྐུ་སྟབས་དང་། །སྟ་ཟུར་དཔུང་པ་དག་ལས་བོད། །ལྔ་བ་ཐུགས་ཀ་ལག་མཐིལ་དང་། །མཛོད་སྤུ་རྐང་མཐིལ་དག་ལས་བོད། །དྲུག་པ་གསང་བའི་གནས་ནས་བོད། །བདུན་པ་སྤྱན་གྱི་ཆོ་འཕྲུལ་ཏེ། །བརྒྱད་པ་སྙན་དང་དགུ་པ་ཚེམས། །བཅུ་པ་ཤངས་ཀྱི་ཡི་གེའོ། །ཡི་གེ་འདི་དག་འབྱུང་བ་ཡིས། །འཇིག་རྟེན་དྲུག་དང་ཕྱོགས་བཅུ་ཡི། །མཐའ་ཡས་མུ་མེད་ཐམས་ཅད་ཀུན། །རྣམ་པ་དྲུག་ཏུ་གཡོས་པ་དང། །རབ་ཏུ་གཡོས་པར་གྱུར་པའོ། །ཀུན་ཏུ་རབ་ཏུ་གཡོས་གྱུར་ནས། །དེ་ཡིས་མཚོན་ཏེ་བོན་རྣམས་ཀུན། །ངོ་བོར་ཐེར་ཟུག་མ་ཡིན་པས། །མིང་དུ་བཏགས་པའི་མཚན་ཉིད་དེ། །སྒྱུ་མ་ཙམ་དུ་གདུལ་བྱ་ལ། །རང་བཞིན་སྣང་བར་འགྱུར་བའོ། །ཡང་དེ་ཉིད་ཀྱི་ལྟ་བ་ཁྱུང་ཆེན་གཡུང་དྲུང་གསང་བའི་རྒྱུད་ལས། སེམས་སྦྱང་པ་ལ་རྣམ་པ་གཉིས། །ཨ་ལ་སྦྱང་དང་གཞན་ལ་སྦྱང་། །དང་བོ་ཨ་ལ་སྦྱང་བ་ནི། །ལྟ་བ་གཏན་ལ་ཕབ་པ་ཡི། །སྒྲུབ་གཤེན་དེ་ཡིས་སེམས་སྦྱོང་ན། །ལྟ་བའི་རྗེས་ལ་དེ་བཞིན་ཉིད། །དེ་རྗེས་ཀུན་སྣང་བསྒོམ་བྱ་སྟེ། །རྒྱུ་ཡི་ཏིང་ངེ་འཛིན་ཉིད་དེ། ཨ་ལ་སེམས་ཉིད་སྦྱངས་བ་སྟེ། ཨ་དཀར་རབ་ཏུ་གསལ་བ་ལས། གསལ་ཞིང་བརྟན་པའི་ཚད་ནི་དགུ། སལེ་སང་ངེ་ལྷང་ངེ་བ། །སང་ངེ་ལྷང་ངེ་མི་འཕྲོག་པ། །མི་འཇུག་མི་སྐུལ་མི་གཡོ་བ། །བསྒྱུར་དུ་རུང་དང་དགུ་རུ་གསལ། །དེ་ལ་སྤྲོ་བསྡུ་འདི་ལྟར་བྱ། །རང་སྙིང་ཁོག་སྟོང་ནང་དུ་ནི། །ཡི་གེ་ཨ་དཀར་གོང་བཞིན་བསྒོམ། །སྤྲོ་ཞིང་བསྡུ་བར་བྱས་གྱུར་ཀྱང་། །གསེར་དངུལ་ལས་སོགས་ཨ་མིན་ཏེ། །རིག་པ་སེམས་ཀྱི་ཨ་ཡིན་པས། །སྤྲོས་ཀྱང་ཆུང་བར་མི་འགྱུར་ཞིང་། །བསྡུས་པས་ཆེ་བར་འགྱུར་མ་ཡིན། །དེ་ལྟ་བརྟན་པར་གྱུར་པ་དང་། །རོ་སྟོད་མཛོད་ཚང་ཡན་ཆད་བྱ། །དེ་ནས་མགོ་གཞུགས་ལུས་ལ་བྱ། །སྣ་ཡི་དྲི་ཚོར་རྣ་བས་སྒྲ། །མིག་གི་གཟུགས་མཐོང་ཚུན་ཆད་བྱའོ། །དེ་ནས་གླིང་དང་འཁོར་ཡུག་དང་། །སྟོང་གསུམ་ནམ་མཁས་ཁྱབ་ཚད་དོ། །སེམས་སྦྱང་གཞན་ལ་སྦྱང་བ་ནི། །ཀ་ཁ་ལ་སོགས་གཞན་རྣམས་ལ། །མིག་སོགས་གསལ་བའི་འོད་ཟེར་ཀུན། །ཨ་ལས་བྱས་པ་བཞིན་དུ་སྟེ། །ཞེས་དང་། ཡང་དེ་ཉིད་ལས། ཨ་ཉིད་སྣང་བའི་ཡི་གེ་ནི། །འཁོར་དང་འདས་པ་ཐམས་ཅད་དང་། །དེ་ཡིས་མཚོན་པའི་བོན་རྣམས་ཀུན། །མིང་ཙམ་ཉིད་ལས་ངོ་བོ་མེད། །དེ་དང་མཐུན་པར་ཤེས་པ་ཀུན། །ཡི་གེ་སྣང་སྟོང་གཉིས་མེད་ལ། །དེ་ཉིད་བོན་གྱི་སྐུ་ཡིན་ཏེ། །ཡི་གེའི་ཚོགས་རྣམས་བསྒྲུབས་པ་ཡི། །སྒྲུབ་གཤེན་དག་གིས་བསྒོམས་པ་ན། །སྒོམ་པ་དེ་ཡང་སངས་རྒྱས་སོ། །ཡི་གེ་ལོངས་སྐུར་སངས་རྒྱས་པ། །གོང་གི་ཨ་ཉིད་སྣ་ཚོགས་པར། །སྣང་བའི་ངོ་བོ་གང་ཞེ་ན། །ཀ་ཁ་ལ་སོགས་ཡི་གེ་རྣམས། །ཨ་ལས་བྱུང་བའི་ཡི་གེ་ནི། སྒྲ་ཡི་ཡི་གེ་མིང་གི་བོན། །ཐམས་ཅད་མངའ་མཛད་བསྡུས་པས་ནི། །འཁོར་བ་ཉིད་ལ་སངས་རྒྱས་པས། །ཡི་གེ་ལོངས་སྐུར་སངས་རྒྱས་སོ། །ཡི་གེ་སྒོམ་པའི་སྒོམ་ཆེན་ཀྱང་། །དེ་ལྟ་ཉིད་དུ་སངས་རྒྱས་སོ། །ཡི་གེ་སྤྲུལ་སྐུར་སངས་རྒྱས་པ། །སྐུ་གསུང་ཐུགས་དང་བསྡུ་བ་དང་། །ཡི་གེ་རང་གི་རང་བཞིན་དང་། །ཆེ་བ་ལས་དང་ཉེས་ཚིག་དང་། །ཡི་གེ་སངས་རྒྱས་ཡོན་ཏན་ནོ། །དང་པོ་གསུང་དང་ཐུགས་དང་སྐུ། །སྤྲུལ་སྐུའི་གསུང་དུ་སངས་རྒྱས་པ། །ཨེ་མ་ངོ་མཚར་ཡ་མཚན་ཆེ། །ཡེ་ཤེས་ལྔ་ཡི་ཆོ་འཕྲུལ་ལས། །རིག་པ་བྱང་ཆུབ་སེམས་ཉིད་ཀྱི། །འཕྲུལ་ཆེན་ལྷ་ཡི་ཡི་གེ་འབྱུང་། །དེ་ཡིས་ཚིག་རྣམས་བསྡུ་བར་བྱེད། །ཚིག་གི་ཐ་སྙད་མ་ལུས་པ། །བརྡ་དོན་ཡོངས་སུ་སྤྲོད་པར་བྱེད། །མིང་རྣམས་མ་ལུས་འཛིན་པའམ། །འབྱུང་བའི་གནས་སུ་འགྱུར་བའོ། །ཞེས་དང་། ཡི་གེ་རྣམས་ཀྱི་ཡོན་ཏན་ནི། །སྣ་ཚོགས་དུ་མར་ལྡན་འགྱུར་བས། །དུས་གསུམ་བདེ་བར་གཤེགས་པ་ཡི། །དངོས་གཞིར་གྱུར་པ་སྐུ་ཡིན་ལ། །གོ་བརྡ་སྤྲད་པ་གསུང་དུ་འགྱུར། །གསལ་རྟོག་མེད་པ་ཐུགས་སུ་འགྱུར། །ཞེས་དང་། ཨ་ཉིད་ཀུན་ཏུ་བཟང་པོ་རུ། །སངས་རྒྱས་པ་ཡི་ཡོན་ཏན་དང་། །ཏ་ལས་སོགས་པའི་ཡི་གེ་རྣམས། །རིགས་ལྔ་ཡབ་ཡུམ་ཉིད་དུ་རྒྱས། །ཐུགས་ཀྱི་སེམས་དཔའ་ཡབ་ཡུམ་དང་། །ཁྲོ་བོ་རྣམས་སུ་སངས་རྒྱས་དང་། །ཕྱི་ཡི་སེམས་དཔའི་ཡོན་ཏན་དང་། །ཁྲོ་བོར་བྱས་པ་སངས་རྒྱས་དང་། །སྒོ་མ་བཞི་རུ་སངས་རྒྱས་དང་། །ཀུན་ཏུ་བཟང་པོར་སངས་རྒྱས་དང་། །དབལ་གསས་རྔམ་པར་སངས་རྒྱས་པའོ། །ཡན་ལག་དག་གི་ཡི་གེ་ཉིད། །སྐུ་གསུང་ཐུགས་སུ་སངས་རྒྱས་པ། །ཡི་གེའི་མགོ་ནི་ཐིག་ཡིན་ཏེ། །འགྲོ་བ་སེམས་ཅན་ཐད་ཀ་ན། །ཡིད་ཅེས་བྱ་སྟེ་སངས་རྒྱས་ཐུགས། །དེ་ཉིད་མ་ནོར་ལམ་ཡིན་ནོ། །ཚེག་ནི་སེམས་ཅན་ངག་ཡིན་ལ། །སངས་རྒྱས་གསུང་སྟེ་ཤེས་རབ་ཀྱིས། །མིང་དུ་ཆེ་ནས་སྨྲ་བའོ། །ཤད་ནི་སེམས་ཅན་ལུས་ཡིན་ཏེ། །སངས་རྒྱས་སྐུ་སྟེ་ཤེས་རབ་ཀྱིས། །ཡི་གེ་ཚིག་ཏུ་བརྗོད་པའོ། །ཨ་ནི་ཀུན་ཏུ་བཟང་པོ་རུ། །སངས་རྒྱས་པ་རུ་བསྟན་པ་ནི། །ཡི་གེ་ཨ་ཉིད་སེམས་ཅན་ནི། །དུས་ན་བོན་གྱི་ཁམས་ཡིན་ལ། །ཕྱག་མཚན་དུས་ན་རྒྱལ་མཚན་ཏེ། །བོན་ཉིད་དབྱིངས་ཀྱི་ཡེ་ཤེས་སོ། །ཡེ་ཤེས་དེ་ཉིད་འདུས་མ་བྱས། །བདེ་བར་གཤེགས་པའི་རང་བཞིན་ཉིད། །དེ་ཡི་རྩལ་མ་འགགས་པ་སྟེ། །ཀུན་ཏུ་བཟང་པོར་སྣང་བའོ། །ཏ་ལས་སོགས་པའི་སྡེ་ཚན་གྱི། །ཏ་ནི་གཟུགས་ཀྱི་ཕུང་པོ་དང་། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཐ་ནི་རྣམ་ཤེས་ཕུང་པོ་དང་། །སྟོང་པ་ཉིད་ཀྱི་ཡེ་ཤེས་སོ། །ད་ནི་ཚོར་བའི་ཕུང་པོ་དང་། །མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཧ་ནི་འདུ་ཤེས་ཕུང་པོ་དང་། །སོ་སོར་རྟོགས་པའི་ཡེ་ཤེས་སོ། །ན་ནི་འདུ་བྱེད་ཕུང་པོ་དང་། །བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཡི་གེ་ཀ་ཡི་སྒྲ་ཉིད་ནི། །མིག་གི་རྣམ་ཤེས་རྣམ་དག་པས། །ས་ཡི་སྙིང་པོའི་སྐུ་འབྱུང་ངོ་། །ཡི་གེ་ཁ་ཡི་སྒྲ་ཉིད་ལས། །རྣ་བའི་རྣམ་ཤེས་གནས་དག་པས། །ནམ་མཁའི་སྙིང་པོའི་སྒྲ་རུ་འབྱུང་། །ཡི་གེ་ག་ཡི་སྒྲ་ཉིད་ལས། །སྣ་ཡི་རྣམ་ཤེས་གནས་དག་པས། །རླུང་གི་སྙིང་པོའི་སྐུ་རུ་འབྱུང་། །ཡི་གེ་ང་ཡི་སྒྲ་ཉིད་ལས། །ལྕེ་ཡི་རྣམ་ཤེས་གནས་དག་པས། །ཆུ་ཡི་སྙིང་པོའི་སྐུ་རུ་འབྱུང་། །ང་ནི་སྐུ་ཡི་འཇིགས་བྱེད་དོ། །ཙ་ཚ་ལས་སོགས་བཞི་པོ་ནི། །མིག་དང་རྣ་བ་སྣ་དང་ལྕེ། །གསུང་གི་མཆོག་ཏུ་སངས་རྒྱས་སོ། །ཉ་ནི་གསུང་གི་འཇིགས་བྱེད་དོ། །པ་ཕ་ལས་སོགས་བཞི་པོ་ནི། །མིག་དང་རྣ་བ་སྣ་དང་ལྕེ། །ཐུགས་ཀ་མཆོག་ཏུ་སངས་རྒྱས་སོ། །མ་ནི་ཐུགས་ཀྱི་འཇིགས་བྱེད་དོ། །ཡ་ལས་སོགས་པ་རྣམ་བཞི་ནི། །སྐྱེ་དང་གནས་དང་འཇིགས་པ་དང་། །སྟོང་པ་རྣམ་པར་དག་པའོ། །ཤ་ལས་སོགས་པའི་བཞི་པོ་ནི། །རྟག་ཆད་མཐའ་བྲལ་མཚན་མ་མེད། །ཡི་གེ་ཀྵ་ནི་རང་འབྱུང་གི །ཡེ་ཤེས་ཆེན་པོ་ལྔ་ཡི་ཐུགས། །ཀུན་ཏུ་བཟང་པོར་སྣང་བའོ། །ཨི་ཨཱི་ལས་སོགས་རིགས་དྲུག་རྣམས། །གཤེན་པོ་དྲུག་ཏུ་སངས་རྒྱས་སོ། །ཨཱོྃ་ནི་བློ་ལས་འདས་པའོ། །འབྲས་བུ་དེ་ཡི་རྒྱུ་ཉིད་ནི། །ཡི་གེའི་ཚག་གིས་འཐོབ་པ་ཡིན། །གསུང་གི་ཡི་གེའི་འཁོར་ལོ་ནི། །མང་པོའི་ཚིག་ཆེན་དབྱེར་མེད་འདི། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཉིད། །རྒྱུད་མ་ཆད་པས་བསྡུས་པའོ། །ཞེས་སོགས་གསུང་བས་མི་ལོ་ཁྲི་ཕྲག་གི་ཡར་སྔོན་དུ་སངས་རྒྱས་གཡུང་དྲུང་བོན་གྱི་ཆོས་དང་རིག་གཞུང་དར་བའི་དུས་སུ་ཡང་ཡི་གེ་དར་ཞིང་འགྲོ་འདྲེན་ཡིན་པ་དང་། དེ་ཉིད་གདུལ་བྱའི་ཤེས་རྒྱུད་ལ་སྦྱར་ཏེ་འགྲོ་བའི་སེམས་སྦྱང་ཚུལ་སོགས་གསལ་ཡོད་ལ། ཡང་བོན་གྱི་ཆོས་གཞུང་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་མངོན་རྟོགས་ཀུན་བཟང་དགོངས་རྒྱན་ལས། བདག་གི་རིག་པ་ཨ་མ་ཟུང་གཅིག་གསལ་བ་ལ། ཡིག་འབྲུ་ལས་འོད་ཟེར་ཕར་འཕྲོས་སེམས་ཅན་གྱི་སྒྲིབ་པ་སྦྱངས། ཚུལ་འདུས་ཡིག་འབྲུ་ལ་ཐིམ་པ་ནས་འོད་དུ་ཞུ་བ་ལས། ཨ་ལས་ཀུན་སྣང་ཁྱབ་པ་དང་། མ་ལས་ཡུམ་ནམ་མཁའི་ལྷ་མོ་གཉིས་སུ་གསལ་བར་གྱུར་ཞེས་དང་། ཡང་དེ་ཉིད་ལས། ཐིག་ལེ་རྣམས་ཡིག་འབྲུར་གྱུར་ཏེ། མཚེར་རྩ་ལ་ཨཱོྃ་ས། གློ་བའི་ངར་སོ་ལ་ཨཱོྃ་ཀ། མཆིན་རྩ་ལ་ཨཱོྃ་ཛ། མཁལ་རྩ་ལ་ཨཱོྃ་ཆ། མིག་རྩ་ལ་ཧཱུྃ་ར། རྣ་རྩ་ལ་ཧཱུྃ་ཙ། སྣ་རྩ་ལ་ཧཱུྃ་མགོ། ལྕེ་རྩ་ལ་ཧཱུྃ་ན། བཅུད་འདུས་ལ་ཐ་ཧི། གསང་རྩ་ལ་ཡ་ཇ། གཡོན་དམར་ལ་ཧོ་ག། གཡས་དཀར་ལ་ཤ་ཟ། སྤྱི་གཙུག་ཏུ་ཕ། སྨིན་མཚམས་སུ་ཅ། ལྗགས་ཀྱི་ངར་ལ་ལ། ཐུགས་ཀའི་དང་གོང་དུ་ཧ། ལྟེ་བའི་གསང་དུ་ཝ། རྐང་མཐིལ་དུ་ང་། ཤེ་ཐུན་རྩ་སྒོར་པ་དང་བ། པུར་གླང་གཡས་སུ་ཁ། གློ་བའི་ངར་སོ་ལ་ཚ། སྲོག་རྩ་ལ་ཉ། ལོང་བུ་ལ་ཚེག པུར་ལོང་གཡོན་དུ་ཞ། རང་རང་མྱུར་བྱེད་ལ་ད། ལྟེ་རྩ་ལ་ཧུ། མིག་རྩ་ལ་འ། སྣ་སྦུབས་སུ་ཧེ། རྐང་མཐིལ་དུ་ཤད་རེ་གསལ་བར་གྱུར། ཡིག་འབྲུ་དེ་རྣམས་ལས་འོད་ཟེར་ཕར་འཕྲོས་སེམས་ཅན་གྱི་སྒྲིབ་པ་སྦྱངས། ཚུལ་འདུས་ཡིག་འབྲུ་རྣམས་ལ་ཐིམ་སྟེ་འོད་དུ་ཞུ་བ་ལས། མཚེར་རྩ་ལ་གསལ་བ་རང་འབྱུང་དང་ས་ཡི་ལྷ་མོ། གློ་རྩ་ལ་དགེ་ལྷ་གར་ཕྱུག་དང་རླུང་གི་ལྷ་མོ། མཆིན་རྩ་ལ་བྱེ་བྲག་དངོས་མེད་དང་མེ་ཡི་ལྷ་མོ། མཁལ་རྩ་ལ་དགའ་བ་དོན་འགྲུབ་དང་ཆུ་ཡི་ལྷ་མོ། མིག་རྩ་ལ་བ་རབ་གླིང་བཞི་དང་རིག་པའི་ལྷ་མོ། རྣ་རྩ་ལ་བ་རབ་གླིང་རྩོལ་དང་སྒྲ་སྙན་ཤོལ་མོ། སྣ་རྩ་ལ་ཁྲི་རྨང་རྒྱལ་བ་དང་དྲི་ཡི་ལྷ་མོ། ལྕེ་རྩ་ལ་ལྡེ་བོ་གསུང་ཆེན་དང་བདུད་རྩིའི་ལྷ་མོ། བཅུད་འདུས་ལ་ཐང་མ་མེ་སྒྲོན་དང་ཁྲུས་ཀྱི་ལྷ་མོ། གསང་རྩ་ལ་ཁ་སྟེ་མུ་ཡ་དང་ལྷ་མོ་ལྕགས་ཀྱུ་མ། གཡོན་དམར་ལ་གཙུག་གཤེན་རྒྱལ་བ་དང་ཡིད་ཀྱི་ལྷ་མོ། གཡས་དཀར་ལ་སྣང་བ་མདོག་ཅན་དང་ཐུགས་ཀྱི་ལྷ་མོ། སྤྱི་གཙུག་ཏུ་ཡེ་གཤེན་གཙུག་ཕུད། སྨིན་མཚམས་སུ་ལྕེ་རྒྱལ་པར་ཏི། ལྗགས་ལ་གསང་བ་འདུས་པ། ཐུགས་དཀར་ཏི་སངས་རང་ཞི། ལྟེ་བར་མུ་ཆོ་ལྡེམ་དྲུག རྐང་མཐིལ་གཡས་སུ་གསང་བ་ངང་རིང་། ཤེ་ཐུན་རྩ་སྒོར་ཁྲི་ཞི་ནམ་ཏིང་དང་ཐུགས་རྗེ་བྱམས་མ། པུར་ལང་ལ་བདུད་རྩི་་རྒྱལ་བ། ངར་སོ་ལ་ཞི་དལ་ཀུན་སྙོམས། སྲོག་རྩ་ལ་བྱམས་པ་གདར་གཅོད། ལོང་བུ་ལ་དཔྱིད་ཀྱི་རྒྱལ་མོ། པུར་ལང་ལ་སྟོན་གྱི་རྒྱལ་མོ། རང་རང་མྱུར་བྱེད་ལ་དབྱར་གྱི་རྒྱལ་མོ། ལྟེ་བར་དགུན་གྱི་རྒྱལ་མོ། མིག་རྩ་ལ་དཀར་མོ་པདྨའི་སྤྱན། ལྗགས་ལ་དམར་མོ་འབར་བའི་ལྗགས། སྣ་སྦུབས་སུ་སེར་མོ་ཐོར་ཚུགས་ཅན། རྐང་མཐིལ་གཡོན་དུ་སྔོན་མོ་ཆུ་རྐང་མ་སོགས་སུ་གསལ་བར་གྱུར། ཞེས་པས་ཡིག་འབྲུ་དང་ཡེ་ཤེས་ལྷ་གཉིས་ཐ་དད་དུ་མེད་ཚུལ་བསྟན་པ་འདི་དག་ནི་སངས་རྒྱས་ཀྱི་བསྟན་པ་དར་བའི་དུས་སུ་ཡི་གེ་ཡོད་པ་དང་། མ་ཟད་ཡི་གེ་དེ་ཉིད་ལ་བརྟེན་ཏེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་དེ་ཉིད་གདུལ་བྱའི་བློ་དང་བསྟུན་ཏེ་གོ་བརྡ་སྤྲད་ཅིང་འགྲོ་བའི་སྒྲིབ་གཉིས་ཀྱི་བག་ཆགས་སྦྱང་ཚུལ་ལུང་དུ་བསྟན་ཡོད་དེ། མདོ་ལས། ཀུན་རྫོབ་རྒྱུ་མས་ཁྲིད་དེ་ངེས་པའི་དོན་བསྟན་པ། ཞེས་དང་། སྒོ་བཞི་མཛོད་དང་ལྔ་ཡི་བོན་སྒོ་ལ། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་མཐུས། སངས་པོ་འབུམ་ཁྲི་སྟོན་པ་གཤེན་རབ་ཀྱིས། སེམས་ཅན་བཀྲིད་ཕྱིར་ཁྲི་དང་འབུམ་དུ་བྲིས། ཞེས་སོགས་གསུང་པ་དང་། ཡང་གཤེན་མཁས་གྲུབ་ཀྱིས་མཛད་པའི་བརྡ་སྤྲོད་ཉེར་བདུན་གྱི་བསྟན་པ་ཡི་གེའི་བྱུང་ཁུངས་བསྟན་པ་ལས་གསལ་བ། སྲིད་གསུམ་སྐྱོབས་པ་རྣམ་མཁྱེན་གཤེན་རབ་དེས། །རི་རབ་བང་རིམ་བཞི་པའི་ཁ་ཁྱེར་གྱི། །རྒྱལ་ཆེན་ལྷ་གནས་ལྷོ་ཕྱོགས་འཕགས་སྐྱེས་པོའི། །རྒྱལ་ས་གོང་མ་ཛ་ལེན་དྷ་རིའི་རྩེར། །བྱོན་ཏེ་གཟིགས་ཚད་ལྔ་དང་དགོངས་ཚད་ལྔ། །ཐུགས་ལ་བཀྲམ་ཏེ་འཛམ་གླིང་སོག་ཁའི་དམིགས། །ཞེས་དང་། དེ་ནས་དམུ་རིགས་གཤེན་ལྷའི་གདུང་གི་རྒྱུད། །རྒྱལ་བོན་ཐོད་དཀར་ཡབ་ཀྱི་སྟ་ལ་བརྒྱུད། །ཡོ་ཕྱི་རྒྱལ་བཞད་ཡུམ་གྱི་སྐུ་ལ་བརྟེན། །མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུ་དང་། །འཕྲུལ་ཡིག་བཞི་བཅུ་ཚངས་དབྱངས་དྲུག་བཅུ་དང་། །འོད་ཟེར་ཕུང་པོ་བྱེ་བ་སྟོང་དྲུག་ཅུ། །མཁྱེན་པའི་ཡེ་ཤེས་དྲུག་བཅུ་རྩ་གཅིག་དང་། །ལེགས་པའི་ཡོན་ཏན་བརྒྱ་རྩའི་འབྲས་རྟགས་བཅུ། །ལ་སོགས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ནི། །ནམ་མཁའ་ས་གཞི་རྒྱ་མཚོས་མི་དཔོག་ཅིང་། །མཆོག་གི་སྤྲུལ་སྐུ་སྟོང་གསུམ་འགྲོ་དོན་དུ། །བྱོན་ཅེས་སྙན་པའི་གྲགས་པས་ས་གསུམ་ཁྱབ། །ཞེས་དང་། མཛད་པ་གསུམ་པ་འདུལ་དཀའ་འདུལ་བའི་ཚེ། །སངས་པོའི་ཐུགས་སྤྲུལ་སྲིད་པའི་ཆེ་ཆུང་ལ། །སྲིད་པའི་དཀའ་གླེགས་གཏོ་སྒྲོམ་བསྐུར་ན་ཡང་། །མཛད་པ་དྲུག་པ་བདུད་ཀྱི་ཆོ་འཕྲུལ་སྐབས། །ཁྱབ་པས་ཞུགས་བཞེན་ཡིད་ཀྱི་ཁྱེའུ་ཆུང་གིས། བརྙབས་པའི་ཡིག་འབྲུ་དཔའ་བོ་འབྲུ་ལྔ་བྱུང་། །དེ་ལས་འཕྲུལ་ཡིག་བཞི་བཅུ་མཛད་ཚུལ་བསྟན། །མཛད་པ་བདུན་པ་བསྟན་པ་རྗེས་བཞགས་དུས། །མུ་ཁྱུད་མཚོ་གླིང་དཀར་ནག་བཀྲ་གསལ་དུ། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་ཡོན་བདག་བྱས། །གཏད་གཉེར་སློབ་མས་བཀའ་རྣམས་སོ་སོར་བསྡུས། །ཤེས་རབ་ཕུལ་གྱི་འཕྲུལ་ཡིག་བཞི་བཅུ་ལ། །ཐབས་ཀྱི་མཆོག་གྱུར་ང་རོ་དབྱངས་སུ་དྲངས། །ཐབས་ཤེས་ཟུང་དུ་འབྲེལ་བའི་བྱིན་བརླབས་ལས། །མིང་དང་ཚིག་འབྲེལ་ལེའུ་བམ་པོ་ཕྱེས། །སྒོ་བཞི་མཛོད་ལྔའི་གླེགས་བམ་ཁྲི་འབུམ་བྲིས། །མ་འོང་འདྲེན་སྐལ་བསྟན་པ་རྗེས་བཞགས་མཛད། །དེ་ཚེ་སྟོན་པ་མཆོག་གི་ཞལ་ནས་ཀྱང་། །བདག་ཉིད་སྐུ་ཡི་འདུལ་བསྟན་རྫོགས་ན་ཡང་། །མ་འོངས་འགྲོ་བ་ཐར་བར་འདྲེན་པའི་ཕྱིར། །གསུང་དང་ཐུགས་ཀྱི་བསྟན་པ་རིམ་གྱིས་འབྱུང་། །དེ་ཚེ་ང་ཉིད་མི་འབྱོན་ཡི་གེ་འབྱོན། །རྒྱལ་བའི་བསྟན་པ་ཡི་གེས་འཛིན་དགོས་ཕྱིར། །འཕྲུལ་གྱི་ཡི་གེ་ཀུན་གྱིས་བཀུར་བསྟི་གྱིས། །ཞེས་སོགས་གསུང་པ་དང་། ཡང་དེ་ཉིད་ལས། དེ་ཡང་ཡི་གེའི་རྣམ་པ་མང་མཆིས་ཀྱང་། །རྟག་གཟིགས་ཡུལ་གྱི་སྤུངས་སོ་ཆེ་ཆུང་དང་། །ཞང་ཞུང་ལོ་ཙྪས་དམར་ཆེན་དམར་ཆུང་བསྒྱུར། །བོད་ཀྱིས་རྫབ་ཤར་དཀར་ནག་གཉིས་བསྟན་ཀྱང་། །ངོ་བོ་འཕྲུལ་ཡིག་བཞི་བཅུ་འགྱུར་བ་མེད། །ཞེས་དང་། བོན་རྣམས་ཀུན་གྱི་རང་བཞིན་དེ་ཁོ་ན། །སྐྱེ་འགག་གནས་གསུམ་སྤྲོས་པའི་མཐའ་བྲལ་ཀྱང་། །ལྷུན་གྲུབ་ཡེ་ཤེས་སྣང་བ་རྣམ་ལྔ་གསལ། །འགག་མེད་རྩལ་ལས་འབྱུང་བ་རྣམ་ལྔ་ཤར། དེ་ལས་འབྱུང་བ་རྒྱུ་ཡི་ཡིག་འབྲུ་ལྔ། །དཔའ་བོ་འབྲུ་ལྔ་ཞེས་སུ་ཐ་སྙད་ཆགས། །འཕྲུལ་ཆེན་ཡི་གེ་བཞི་བཅུ་དེ་ལས་བྱུང་། །དེ་ཡང་ནམ་མཁའི་རང་བཞིན་ཨཱོྃ་ཡིག་ལས། །ཀྵ་དང་ཀ་ཁ་ག་ང་ཧ་ཨ་ཨཾ། །འབྱུང་བ་ནམ་མཁའི་ཡི་གེ་བརྒྱད་དུ་བྱུང་། །དེ་བཞིན་ཨེ་དང་ཅ་ཆ་ཇ་ཉ་ར། །བྷི་ཥྜ་བརྒྱད་ནི་མེ་ཁམས་རཾ་ལས་བྱུང་། །ཨོ་དང་ཏ་ཐ་ད་ན་ལ་ས་མྷིང་། །བརྒྱད་ནི་ས་ཡི་ཁམས་ཏེ་སྲུཾ་ལས་བྱུང་། །ཨུ་དང་པ་ཕ་བ་མ་ཟ་འ་ཨ། །བརྒྱད་པོ་ཆུ་ཡི་ཁམས་ཏེ་ཁཾ་ལས་བྱུང་། །ཨི་དང་ཙ་ཚ་ཛ་ཝ་ཡ་ཤ་ཞ། །བརྒྱད་ནི་རླུང་གི་ཁམས་ཡིན་ཡཾ་ལས་བྱུང་། །འབྱུང་བ་རེ་ལ་ཡིག་འབྲུ་བརྒྱད་བྱུང་བས། །བརྒྱད་ལྔ་འཕྲུལ་གྱི་ཡི་གེ་བཞི་བཅུ་སྟེ། །བྱུང་ཁུངས་འབྱུང་བ་ཆེ་བའི་ལུགས་སུའོ། །ཞེས་དང་། ཡང་ཐེག་པ་ཆེན་པོ་གསང་སྔགས་མ་རྒྱུད་ཐུགས་རྗེ་ཉི་མའི་གཞི་ཡེ་སངས་རྒྱས་པའི་རྒྱུད་ལས། ས་འཛིན་འོད་སངས་ཡུམ་གྱིས་ཡང་གསོལ་པ། །སྟོང་གཞི་སྐུ་བཞི་ལྷུན་གྲུབ་ནང་ནས་ཀྱང་། །སྐྱེ་མེད་ཐིག་ལེ་བདག་ལ་བཤད་དུ་གསོལ། །དེ་ལ་ཀུན་ཏུ་བཟང་པོས་བཀའ་བསྩལ་པ། །སྐྱེ་མེད་ཐིག་ལེ་ཡེ་ཤེས་དབྱིངས་ལ་རྫོགས། །ངོ་བོ་ཉིད་སྐུ་ཐིག་ལེ་ཡེ་ཤེས་བསྟན། །ཡི་གེར་སྤྲུལ་དང་ཡི་གེ་འཁོར་ལོ་རྫོགས། །ཞེས་དང་། ཡང་དེ་ཉིད་ལས། ཡེ་ཤེས་ལུས་ཅན་གསལ་ཆ་མ་འགག་དང་། །དབྱིངས་ཉིད་ཡུལ་གྱི་སྟོང་ཆ་མ་སྒྲིབ་པ། །དབྱིངས་ལས་མ་བྲིས་ཡེ་ཤེས་མ་ལུད་པར། །ཐུགས་རྗེ་བྱིན་གྱིས་བརླབས་ཀྱི་ཡི་གེ་བྱུང་། །དབྱིངས་ཉིད་རྣམ་པར་དག་པའི་ཤོག་གུ་ལ། །ཡེ་ཤེས་འོད་དུ་གསལ་བའི་སྙུ་གུས་ཀྱང་། །མ་བྲིས་དོན་དམ་རང་བཞིན་དཔྱིད་ཕྱིན་བཀྲ། །རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཏེ། །ངེས་པའི་ཐོབ་ཡིག་བཞི་བཅུ་དེ་ལྟར་བྱུང་། །བསྐལ་པ་བྱེ་བ་ཕྲག་བརྒྱ་གྲངས་མང་ཡང་། །དོན་དམ་བདེན་པའི་ངང་ལ་མི་གཡོ་བས། །བོན་ཉིད་དབྱིངས་ཀྱི་གསུང་རབ་ཞེས་སུ་གྲགས། །དེ་དོན་བཀླག་པར་མི་ནུས་སེམས་ཅན་ལ། །སྟོན་པའི་ཐུགས་ལས་བདེན་པའི་བཅུད་ཕྱུང་ནས། །སྐྱེས་བུ་ཐབས་དང་ཤེས་རབ་ལྡན་པ་ཡི། །འཕྲུལ་ཆེན་ཡིག་འབྲུ་བཞི་བཅུ་གོ་ཕྱེ་བས། །ཀྵ་ཡིས་ལམ་དྲང་ཨ་ཡི་བར་ཡང་ཕྱེ། །ཥྚ་ཀྱིས་མདོ་བཅད་ཨི་ཨུ་ཨེ་ཨོ་ཨཾ། །སྐད་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས། །བྷི་མྷིང་ཡ་ར་སྤུགས་པས་བཞི་བཅུར་འགྱུར། །ངེས་པའི་ཐོ་ཡིག་བཞི་བཅུ་ཐམ་པ་དེ། །ཡི་གེ་ཐང་ལོག་སྒྲ་ལ་མ་བརྩིས་ན། །བསྒྲུབ་བྱ་ལྷ་དང་སྒྲུབ་བྱེད་གཤེན་པོ་ལ། །ཞེས་དང་། ཡང་མ་རྒྱུད་ཐུགས་རྗེ་ཉི་མའི་གཞི་ཡེ་སངས་རྒྱས་པའི་སྐྱེ་མེད་ཐིག་ལེའི་འགྲེལ་བ་ལས། བཞི་པ་ཡེ་ཤེས་དབྱིངས་ལས་ཡི་གེར་སྤྲུལ་པ་ནི། ཡེ་ཤེས་ཡུལ་ཅན་གསལ་བའི་ཆ་དང་། དབྱིངས་ཡུལ་སྟོང་ཉིད་ཀྱི་ཆ་གཉིས་ཀྱི་བྱིན་རླབས་ལས། དབྱིངས་ལས་མ་བྲི་ཡེ་ཤེས་མ་ལུད་པར། ཐུགས་རྗེ་སྤྲུལ་པའི་རང་བཞིན་ཡི་གེར་བྱུང་སྟེ། སྒྲ་དག་པ། ཚིག་གསལ་བ། དོན་ངེས་པའི་འཕྲུལ་ཆེན་དུ་མངོན་པར་བསྟན་པ་ལ། རྩ་བ་ཡང་དག་པའི་ཡི་གེ་བཞི་བཅུ་ནི། ཀ་ཁ་ག་ང་། ཅ་ཆ་ཇ་་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ་ནྷི་མྷིང་། ཀྴ་ཨི་ཨུ་ཨེ་ཨོ་ཨཾཿཥ། ཡི་གེ་བཞི་བཅུའི་སྡེ་ཚན་རྣམས་འབྱུང་ཆེན་འོག་འབྱུང་ཆུང་ངོ་། །ཐང་བབ་མི་འཆོལ་བ་གྲོང་ཁྱེར་ལྔ། ཐང་འཆོལ་གསུམ། བརྡའ་སྐོར་རླུང་གི་ཡི་གེ་བརྒྱད། འདི་ནི་ཡང་དག་པ་སྟག་གཟིག་དང་ཞང་ཞུང་གི་ཡི་གེ་སྟེ། འབྱུང་ཆུང་བརྒྱད་དང་སྦྱར་ནས་བཀོད་པའོ། །འབྱུང་ཁུང་ནི། མགྲིན་པ། རྐན། ལྕེ། མཆུ། སྣ། སོ། སྤྱི་བོ། ཁོག་པ་བརྒྱད་ལས་འབྱུང་སྟེ། འབྱུང་བ་ལྔ་ནི། ཤིང་། མེ། ས། ཆུ། རླུང་། ལྕགས། རི་དང་ནམ་མཁའོ། །དེ་ལ་ཞང་སྐད་དུ་བྷི། རྒྱ་གར་སྐད་དུ་རི་རི། བོད་སྐད་དུ་ར་སྟ། ཞང་སྐད་དུ་མྷིང་། རྒྱ་གར་སྐད་དུ་ལི་ལི། བོད་སྐད་དུ་ཡ་སྟ། ཞང་སྐད་དུ་ཀྴ། བོད་སྐད་དུ་མགོ། ཞང་སྐད་དུ་ཥྚ། བོད་སྐད་དུ་ཤད། ཨི་གུ་གུ། ཨུ་ཞབས་ཀྱུ། ཨེ་འགྲེང་བུ། ཨོ་ན་རོ། ཨཾ་མ་བཞག ཨཿཚག་དྲག་ཙེག་གི་ངོ་བོ། དེ་ལྟར་འཕྲུལ་ཆེན་བཞི་བཅུ་ཐམ་པ་ཡོད་དོ། །དེ་ལ་སྒྲ་མཁན་གྱི་འབྱུང་བ་ཆུང་ངུས་བཀླག་པའི་སྒྲ་ལ་བཀོད་ནས། ཀྴ་ཨི་ཨུ་ཨེ་ཨོ་ཨཾ་ཨཿཥྚ། ཆེན་པོ་བརྒྱད་རླུང་གི་ཡི་གེ། ཀ་ཅ་ཏ་པ་ཙ་ར་ཧ་དྲག་པོ་སའི་ཡི་གེ། ཁ་ཆ་ཐ་ཕ་ཚ་ཟ་ལ་ཨ་འབྲིང་བ་ཆུའི་ཡི་གེ། ག་ཇ་ད་བ་ཛ་འ་ཤ་རི་ཞན་པ་མེའི་ཡི་གེ། ང་ཉ་ན་མ་ཝ་ཡ་ས་ལི་རྔུབ་པ་ནམ་མཁའི་ཡི་གེའོ། །གཞི་འཕྲུལ་ཆེན་བཞི་བཅུ་ལ་ངེས་པའི་ཐོ་ཡིག་བཞི་བཅུ་བྱའོ། །ཞེས་སོགས་གསུང་པ་འདི་དང་འདི་འདྲ་བའི་ལོ་རྒྱུས་ཀྱི་དཔང་རྟགས་ཆེ་བའི་བཀའ་ལུང་བྱིན་ཆེན་གསལ་ཁ་ཅན་རྣམས་ལ། འཁྱོགས་བཤད་མཁན་རྣམས། གཏི་མུག་གི་མུན་ནག་སྟུག་པོས་མ་སྒྲིབ། ཕྱོགས་ཞེན་གྱི་དྲ་རྒྱ་དམ་པོས་མ་བཅིང་། ལོག་རྟོག་གིས་རྒྱུ་འབྲས་ཆེད་དུ་མ་གསོད། མིག་ཟུང་ལ་མ་རིག་པའི་ལིང་ཏོག་གིས་མ་གཡོག ཀུན་གཞི་ལ་སྨྱོ་འབོག་ནད་ཀྱིས་མ་ཟིན། ལུང་རིག་ལ་བླུན་རྨོངས་ཀྱིས་དངོས་སུམ་དུ་རྡོག་བརྫིས་མ་གཏོང་། བདག་འཛིན་དུག་ལྔའི་མཚོན་ཆ་རབ་ཏུ་མ་གཟེང་། ཁུངས་མེད་ལོང་བཤད་ཀྱི་རྦ་རླབས་དྲག་ཏུ་མ་འཁྲུགས། བྱང་ཁོག་དབུགས་ཀྱིས་བརྒྱངས་ཤིང་གདང་གཤིས་ཁྲག་མདོག་ལྟ་བུར་མ་མངོན་པར། ཀུན་གཞིའི་རྣམ་ཤེས་རྣལ་དུ་ཕོབས་ལ། ཤེས་རབ་ཀྱི་མཚོན་ཆ་ལ་བླང་དོར་འབྱེད་པའི་རྣོ་ངར་གྱི་དབལ་སོ་སྤུད། རྣམ་དཔྱོད་ཀྱི་མིག་ཟུང་ཡངས་པོ་རབ་ཏུ་བགྲད་དེ་ཞིབ་མོར་ལྟ་རྟོགས་ཤིག་གྱིས་དང་། ལོ་རྒྱུས་ཀྱི་དཔང་རྟགས་ཆེ་བའི་ཡིག་ཚགས་དང་། བྱིན་བརླབས་ཀྱི་ཚན་ཁ་མ་ཉམས་པའི་རྒྱལ་བ་སྲས་དང་བཅས་པའི་བཀའ་ལུང་འདི་རིགས་ལ་གོ་བ་ལོག་སྒྲུབ་ཏུ་མ་སོང་བའི་ཞིབ་འཇུག་མཐིལ་རྟོགས་པ་ཞིག་བྱེད་ཐུབ་པ་ཡིན་ན། ད་ལྟའི་བེད་སྤྱོད་བྱེད་བཞིན་པའི་བོད་ཀྱི་འཕྲུལ་ཡིག་བཞི་བཅུ་འདི་ཉིད་ནི། རྫོགས་པའི་སངས་རྒྱས་གསུང་གི་ངོ་བོ་ཡིག་འབྲུ་ལྷ་ཡི་རང་བཞིན་ཡིན་པ་དང་། མ་ཟད་དེ་དག་གི་འབྱུང་བའི་ཁམས། སྒྲ་གདངས་དྲག་ཞན། འབྱུང་ཁུངས་སོགས་ནི་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་དར་བ་དང་དུས་མཉམ་དུ་ཡོད་པ་མ་གཏོག གསར་དུའང་སུ་དང་གང་གིས་བཟོས་པ་ཞིག་མ་ཡིན་པ་མངོན་སུམ་དུ་གྲུབ་པའོ། །དཔེར་ན་རྟག་གཟིགས་ཀྱི་སྤུངས་ཡིག ཞང་ཞུང་གི་སྨྲར་ཡིག བོད་ཀྱི་དབུ་ཅན་དང་དབུ་མེད་སོགས་ནི་དབྱིབས་གཟུགས་སམ་རྣམ་པ་མི་འདྲ་ཙམ་མ་གཏོག ངོ་བོ་དང་། རྣམས་གྲངས། ཡོན་ཏན། བྱེད་ལས་སོགས་ནི་འཕྲུལ་ཡིག་བཞི་བཅུ་ལས་འགྱུར་བ་མེད་པ་མངོན་སུམ་དུ་གྲུབ་ཚུལ་འདི་རྩོད་མེད་དུ་མ་ཡིན་ནམ། དེང་དུས་སུའང་། འཛམ་གླིང་གོ་ལ་ཧྲིལ་པོའི་ཁྱོན་ཡོངས་ལ། ངོ་མཚར་ཕུན་སུམ་ཚོགས་པ་དང་། སུ་དང་གང་གིས་འགྲན་ཟླ་བྲལ་བའི་བོད་ཀྱི་རིག་གནས་ཞེས་སྙན་པའི་གྲགས་དཀར་སྲིད་གསུམ་དུ་གཡོ་བཞིན་པ་དང་། དེ་དག་ལ་ཞིབ་འཇུག་བྱེད་པའི་འཛམ་གླིང་གི་མཁས་མང་རྣམས་ཀྱང་། དཀའ་བ་ཁྱད་དུ་བསད། ངལ་བ་དོན་དུ་བླངས་ཏེ་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས། བོད་ཀྱི་ཆོས་དང་རིག་གནས་ལ་ཞིབ་འཇུག་དང་། བརྟགས་དཔྱད་བྱེད་རྒྱུའི་ཚ་རླབས་འཕྱུར་བཞིན་པའི་སྐབས་འདིར། རང་རེ་བོད་ཀྱི་ཆོས་རིག་ཀུན་གྱི་རྨིང་གཞི་ཡིན་པའི་བོད་རང་གི་སྐད་ཡིག་འདི་དག ཉེ་བའི་སྤྱི་ལོའི་དུས་རབས་ཀྱི་ནང་བསྐོར་སོ་སྐྱེ་རིག་པ་ཅན་ཞིག་གིས། མི་རིགས་གཞན་པའི་ཡིག་རིགས་ལ་དཔེར་བླངས་ཏེ་བོད་ཡིག་གསལ་དུ་བཟོས་པ་ཡིན་ཞེས་ལོ་རྒྱུས་ཉུང་འཕྲི་བྱེད་པའི་བཤད་ཚུལ་ཐབས་སྡུག་འདི་ཉིད། རང་གི་མེས་པོའི་དུས་སུ་བོད་ཡུལ་འདི་ཉིད་མུན་ནག་གི་གླིང་ཞིག་གམ། ཡང་ན་ཀླ་ཀློའི་ཡུལ་གྲུ་ཞིག་ཏུ་ཁས་ལེན་བྱེད་རྒྱུ་དང་། མ་ཟད་རང་མི་རིགས་ཀྱི་རྒྱལ་རབས་དང་། ལོ་རྒྱུས། དེ་བཞིན་དུ་ཆབ་སྲིད། རིག་གནས་སོགས། གང་ཡང་འཆད་ཐབས་མེད་པའི་ནག་འཐུམས་སུ་སོང་བའི་མཐའ་འཁོབ་ཀྱི་རྣམ་ཐར་རམ་ཡུལ་གྲུ་ཞིག་ལ་ཁས་ལེན་བྱེད་རྒྱུ་ལས་འོས་སུ་མ་མཆིས་སམ། གང་ལགས་ཞེ་ན། དཔེར་ན་བོད་ཀྱི་ཆོས་ལུགས་འདི་ཉིད་ཕུན་སུམ་ཚོགས་པའི་སྔ་དར་གཡུང་དྲུང་བོན་དང་། གསར་འབྱོར་དམ་པའི་ཆོས་གཉིས་པོ་ནི། ཐམས་ཅད་མཁྱེན་པའི་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་ཆེ་མཆོག་དང་། སངས་རྒྱས་ཤཱཀྱ་ཐུབ་པ་གཉིས་ཀྱིས་སྲོལ་གཏོད་པའི་འཚེ་མེད་ཞི་བདེའི་ཐབས་ལམ་ཁྱད་པར་ཅན་དེ་ཉིད། འགྲོ་བ་ཀུན་ལ་གོ་བརྡ་སྤྲད་ཅིང་འགྲོ་བའི་ཤེས་རྒྱུད་རྣལ་དུ་འབེབ་བྱེད་དང་། སེམས་ཅན་གྱི་རྒྱུད་སྨིན་པར་བྱེད་པའི་རྨང་གཞི་ཡིན་པའི། སངས་རྒྱས་གསུང་གི་ངོ་བོ་ལས་གྲུབ་པའི་གསུང་རབས་འདི་ཉིད། རྫོགས་པའི་སངས་རྒྱས་ཀྱི་གསུང་ཚད་མ་ཡིན་བཞིན་དུ། སྒྲིབ་གཉིས་ཀྱི་བག་ཆགས་དང་མ་བྲལ་པའི་སོ་སོའི་སྐྱེ་བོ་ཞིག་གིས་བཟོས་པ་ཡིན་ཟེར་བའི་སྐྱག་མགོ་ས་བཏུམས་བྱེད་པའི་སྒྲུང་གཏམ་འདི་དག་ནི། དགེ་མཚན་དང་ངོ་མཚར་གང་ཡང་མེད་པ་མ་ཟད། མིག་རྒྱང་ཐུང་བའི་མིག་ཞར་ཕྱོགས་ལྷུང་ཅན་གྱི་ལྟ་ཚུལ་ཡིན་པ་འདི་དག་སེམས་ལྡན་ཀུན་གྱིས་མཁྱེན་གསལ་རེད་མོད། དེར་བརྟེན་གངས་ཅན་ཁ་བའི་བླ་སྲོག་ཡིན་པའི། མཁས་གྲུབ་གཉིས་ལྡན་ཀྱི་བླ་སྤྲུལ་རྣམས་པ་དང་། གངས་རི་དཀར་པོའི་མིག་ཟུང་ཡིན་ཞིང་རྣམ་དཔྱོད་མཁྱེན་པའི་ཤེས་རབ་ལྡན་པའི། མཁས་དབང་རྣམས་པ། ན་གཞོན་བློ་གསར་ལྷན་རྒྱས་ཀྱིས་བཅུ་རིག་སྨྲ་བའི་མགྲིན་པ་གཟེངས་སུ་ཐེགས། བློ་གྲོས་ཀྱི་མིག་སྟོང་བར་ཏུ་བགྲད་ནས་བླང་དོར་གྱི་གནད་ལ་མ་རྨོངས་པར་བློ་གཟུ་བོར་གནས་ཤིང་། རང་མི་རིགས་ཀྱི་བླ་སྲོག་ལྟ་བུའི་རིག་གནས་དང་། དེ་བཞིན་ལོ་རྒྱུས་ཀྱི་ཕུག་རྩ་གང་ལ་ཐུག་མིན་སོགས་གསལ་རྟོགས་གནང་སྟེ་དྲང་བདེན་ཀྱི་འཆད་འཁྲིད་གནང་རྒྱུ་དང་། དེ་བཞིན་དུ་དེང་དུས་འཛམ་གླིང་ཤེས་རིག་འགྲན་རྩོད་ཀྱི་སྐབས་འདིར། རང་མི་རིགས་ཀྱི་ཤེས་རིག་གི་གོམ་སྟབས་བརྟན་པོར་མདུན་དུ་སྐྱོད་དེ་སྔོན་ཐོན་མི་རིགས་གཞན་པའི་རྗེས་སུ་མི་ལུས་པའི་འབད་བརྩོན་གནང་རྒྱུའི་འབོད་བསྐུལ་ཞུ།

སླར་སྨྲས་པ།
༧སྲས་བཅས་རྒྱལ་བའི་བཀའ་ལུང་ཉག་ཕྲན་མདའ། །ཚད་གསུམ་ཟུང་སྦྲེལ་གནམ་རུ་ལ་བཀལ་ཏེ། །
ལུང་རིག་རྒོད་པོའི་དཔུང་གིས་འཕོངས་པ་ཡིས། འཁྱོགས་བཤད་རྒན་པོའི་བྲང་ལ་ཕོག་ཀྱང་ཅི། །
ཨེ་མ་ལུང་རྟོགས་བོན་བསྟན་སྲིད་པའི་མིག །དགེ་མཚན་སྣང་བ་དཀར་པོའི་འོད་སྟོང་འབུམ། །
གངས་ལྗོངས་འཆི་མེད་ལམ་ནས་བཞད་པ་ཡིས། །སྐལ་བཟང་རྫོགས་ལྡན་དུས་ཚིགས་གསར་དུ་ཚེས། །
དེ་ལ་ལོག་སྨྲའི་སྐུར་ཚིག་འདེབས་པ་དང་། །མགོ་མེད་བར་བཟུང་ལོ་རྒྱུས་རྨོངས་བཤད་མཁན། །
རང་རིགས་ཕ་མེས་རིགས་རུས་གཙང་མ་ལ། །རིགས་དམན་རྡོལ་རིགས་ངོས་འཛིན་བྱེད་དང་མཚུངས། །

༼མུ་ཁྲི་བཙན་པོ་༽སྤྱི་དེབ་བཞི་བ་ལས་བཤུས།

 

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག