(༢༠༠༨ ལོར་ཧྥ་རན་སིའི་གཤེན་བསྟན་དར་རྒྱས་གླིང་དུ་ཚོགས་པའི་བོད་ཀྱི་ཆོས་དང་རིག་གནས་ཀྱི་ཐོག་མའི་འབྱུང་ཁུངས་བོན་གྱི་རྒྱལ་སྤྱིའི་འདུ་ཚོགས་ཞེས་པར་སྤེལ་བའི་དཔྱད་རྩོམ།)
"དམུ་"མིང་ཐོགས་པ་ཕན་ཚུན་ཆེ་ས་ནས་དབྱེ་ཞིང་གསེས་ན། 'ཕྱ་དམུ་གཙུག་'གསུམ་གྱི་"དམུ་"དང༌། 'དམུ་རིགས་གཤེན་'གྱི་"དམུ།" 'དམུ་བདུད་བཙན་'གསུམ་གྱི་"དམུ།" 'དམུ་ཚ་སྒ་'ཡི་"དམུ་"བཅས་བཞིར་སྣང་མོད་ཀྱང༌། ཕྱིས་བྱུང་གི་ལོ་རྒྱུས་རྣམས་སུ་འདི་དག་ཕན་ཚུན་ཁྱད་མེད་དུ་གླེང་བའི་འཛོལ་འཆུག་གིས་ད་སྐབས་ཞིབ་བཤད་བྱེད་པར་དཀའ་བའི་གནས་སུ་བཏང༌།
དང་པོ། 'ཕྱ་དམུ་གཙུག་'གསུམ་གྱི་"དམུ་"ནི། སྲིད་པ་ཡེ་སྨོན་རྒྱལ་པོ་དང༌། ཆུ་རླུང་རྫུ་འཕྲུལ་མོ་བསྡེབས་པ་ལས། ཕྱ་རྗེ་སྒམ་པོ་དང༌། དམུ་རྗེ་བཙུན་པོ། གཙུག་རྗེ་ཨོག་ཀོ་བཅས་སྲས་གསུམ་བྱུང་བའི་བར་པ་དམུ་རྗེ་བཙུན་པོ་དང་ལྷ་མོ་འོད་གསལ་མ་བཤོས་པ་ལས། དམུ་ཡི་རྒྱལ་རིགས་དང༌། རྗེ་རིགས། བྲམ་ཟེའི་རིགས། དམངས་རིགས་བཅས་བཞི་བྱུང༌།1 དམུ་ཡི་རྒྱལ་རིགས་ལ་དབྱེ་ན་འཁོར་ལོ་དབང་བསྒྱུར་དང༌། དྲུམ་ཤིང་བཅུད་འཐུང༌། གཡུང་དྲུང་ཁྱིམ་བདུན། མེ་ཏོག་སྦུབས་གནས་བཞི། འཁོར་ལོ་དབང་བསྒྱུར་གྱི་མི་ལ་གདུང་རྒྱུད་ཀྱི་རྒྱལ་པོ་དྲུག་སྟེ། དམུ་རིགས་གཤེན་དང༌། ཤཱཀ་རིགས་གར་གསས། ཧོས་རིགས་གནམ་གསས། དཔོ་རིགས་གསས་རྗེ། ཧ་ཤང་རྒོད་གསས། མཁའ་འགྱིང་གཉན་གསས་ཞེས་«གཟི་བརྗིད་»དང་«ཉི་སྒྲོན།» «དམུ་གཤེན་གདུང་རབས་»དང་«ཡ་ངལ་གདུང་རབས་»སོགས་ལས་འཆད། དེས་ན་"དམུ་ཐག་"དང་"དམུ་སྐས་"རྣམས་ཀྱང་ཐོག་མར་འདི་དག་དང་འབྲེལ་བའི་གཏམ་ཞིག་ཏུ་སྣང༌།
གཉིས་པ། 'དམུ་རིགས་གཤེན་'གྱི་"དམུ་"ནི། གདུང་རྒྱུད་ཀྱི་རྒྱལ་པོ་དྲུག་གི་ནང་ཚན་གྱི་"དམུ་"སྟེ། གཤེན་རབ་མི་བོའི་གདུང་རྒྱུད་དངོས་ཀོང་ཚ་གཡུང་དྲུང་དབང་ལྡན་ནས་གཤེན་སྒུར་ཀླུ་དགའ་དང་ད་ལྟའི་གཤེན་སྲས་ནོར་བུ་དབང་རྒྱལ་བར་དུ་ཟམ་མ་ཆད་པར་བྱུང་བའི་རུས་རྒྱུད་འདི་ཁོ་ནའོ། །
གསུམ་པ། 'དམུ་བདུད་བཙན་'གསུམ་གྱི་"དམུ་"ནི། ལྷ་མིན་ལ་དབྱེས་ན་ཡར་གཡེན་བཅུ་གསུམ་དང༌། བར་གཡེན་དགུ། ས་གཡེན་བཅུ་གཅིག་བཅས་"གཡེན་ཁམས་སོ་གསུམ་"2དུ་བྱུང་བའི་ཡར་གཡེན་གྱི་ནང་ཚན་'དམུ་བདུད་བཙན་'གསུམ་ཞེས་པའི་"དམུ་"སྟེ། "དམུ་ཆུ་"སོགས་ཀྱི་ནད་བདག་དང༌། "དམུ་གབ་འོན་འཐིབས་"ལ་སོགས་སྒྱུར་བར་བྱེད་པས་མི་རྣམས་འཇིགས་ཤིང་སྔངས་སའི་མི་མིན་གདོན་རིགས་ཤིག་ལ་གོ། །
བཞི་པ། 'དམུ་ཚ་སྒ་'ཡི་"དམུ་"ནི། ཕྱིས་སུ་གྲགས་ཆེ་བའི་"མིའུ་གདུང་དྲུག་"ཅེས་པའི་ནང་གསེས་ཀྱི་"དམུ་"སྟེ། དོན་དངོས་སུ་"དམུ་"ཡི་ཚ་བོ་"སྒ་"ཡི་རུས་རྒྱུད་ལྟ་བུར་གོ་བ་རྒྱས་པར་འོག་ཏུ་འཆད་དོ། །
འགའ་ཞིག་གིས་འདི་བཞི་ལ་"སྨུ་"དང༌། "རྨུ།" དེ་བཞིན་"དམུ་"ཞེས་སོ་སོར་བྲིས་ཏེ་མིང་གི་དག་ཆའི་ཁྱད་པར་ལས་དབྱེ་ཚུལ་བྱེད་པ་ནི་མ་ངེས་ཏེ། དཔེ་རྙིང་རྣམས་སུ་དེ་དག་ཅི་དགར་བྲིས་ཡོད་པས་སོ། །དེའི་ནང་ནས་"རྨུ་"དང་"དམུ་"གཉིས་ནི་བརྡ་གསར་རྙིང་གི་ཁྱད་པར་ཙམ་བྱེད་ལུགས་ཤིན་ཏུ་མང་བས་སོ། །
དམུ་རིགས་གཤེན།
'དམུ་རིགས་གཤེན་'གྱི་"དམུ་"འདི་ནི། གཤེན་རབ་མི་བོའི་གདུང་འདི་ཁོ་ནར་འཇུག་ཅིང༌། གཤེན་རབ་ཀྱི་སྲས་རྒྱལ་ས་འཛིན་པ་ནི་ཀོང་ཚ་གཡུང་དྲུང་དབང་ལྡན་ཡིན་ཞིང༌། ཀོང་ཚའི་སྲས་འོད་ཀྱི་རྒྱལ་པོ་ནས་སྣང་མདོག་བར་དུ་རྫོགས་པའི་གདུང་ནི་"ཆུང་རྒྱུད་"དང༌། ཀོང་ཚའི་སྲས་ཐོག་གི་རྒྱལ་པོ་ནས་དྲན་པའི་བར་དུ་རྫོགས་པ་ནི་"འབྲིང་རྒྱུད།" ཀོང་ཚའི་སྲས་འབྲུག་གི་རྒྱལ་པོ་ནས་གཤེན་སྒུར་ཀླུ་དགའ་དང་དེ་རྗེས་དཔོན་གསས་འཛམ་གླིང་བར་དུ་གནས་པ་ནི་"ཆེ་རྒྱུད་"3ཅེས་སུ་གྲགས་པ་ལྟར་རོ། །འོན་ཀྱང༌། «ཀེ་ཏ་ཀ་»ལས་རབ་བྱུང་བཅོ་ལྔ་པའི་ནང་"དམུ་གཤེན་གདུང་རབས་འོག་མིན་གྱི་གནས་སུ་བསྡུས་"4པའི་སྐོར་ཞིག་ཀྱང་གསལ་འདུག་པས། ཡོངས་གྲགས་ཀྱི་གཏམ་ཞིག་མིན་སྟབས་དགོངས་གཞི་ཅི་ཡིན་དཔྱད་བྱའི་གནས་སུ་སྣང༌།
ཡིག་རྙིང་ཕལ་མོ་ཆེའི་ནང་"ཞང་པོ་དམུ་ཡི་ཡུལ་"ཞེས་པ་དེ་"ཞང་ཞུང་"ལ་བྱས་ཡོད་པས། གལ་ཏེ་"དམུ་"འདི་'དམུ་ཚ་སྒ་'ཡི་"དམུ་"ཡིན་ན། བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དཔོན་བློན་ཏེ། 'ཆེ་དགུ་རིང་བཅུ་'5ཞེས་སུ་གྲགས་པ་རྣམས་ཀྱིས་མཛད་པར་གསལ་བའི་ཡིག་རྙིང་«དབུ་ནག་མིའུ་འདྲ་ཆགས་»6དང་མཐུན་པར་«སྲིད་རྒྱུད་»ལས། "དབྲ་ཞང་ཞུང་རིགས་ལ་དྲིན་ཆེའོ།"7 །ཞེས་གསུངས་པས་འགལ། ཡང་'དམུ་བདུད་བཙན་'གསུམ་གྱི་"དམུ་"ལ་བྱས་ཚེ། «ཏུན་ཧོང་ཡིག་རྙིང་»ལས་"གཉན་ཞང་ཞུང་"དང་«ཀེ་ཏ་ཀ་»ལས་"ཞང་ཞུང་གཉན་"8ཞེས་ཀྱང་གསུངས་པས་བརྟག་བྱའི་གནས་སུ་གྱུར།
'དམུ་རིགས་གཤེན་'གྱི་"དམུ་"འདི་ནི་ཞང་ཞུང་གི་སྐད་ཡིན་ཞིང༌། དེ་ལ་བོད་སྐད་དུ་"གཤེན་"ཞེས་གོ་བར་བོན་གཞུང་ཀུན་ཞལ་མཐུན་པར་གླེང་ཡོད་པས། གཡེན་ཁམས་ཀྱི་"དམུ་"དང་འབྲེལ་བ་མེད་དགོས་པ་ལྟ་བུར་མཐོང༌། འོན་ཀྱང་"དམུ་"མིང་ཐོགས་པ་འདི་དག་གི་དབར་ཕན་ཚུན་དབྱེ་ཚུལ་གྱི་དབང་གིས་སམ་གཞན་ཡང་རྒྱུ་མཚན་རེ་འགའི་རྐྱེན་ཏེ། གུ་རིབ་དང༌། ཡང་སྟོན། སྨོན་རྒྱལ། སྐམ་ཚང༌། ཀརྨ་པ།9 སེ་ཞིག སྣང་ཞིག་སོགས་ཀྱིས་གཙོས་པའི་"སྒ་"རིགས་ཡོད་ཚད་སྐབས་འགར་'དམུ་རིགས་གཤེན་'གྱི་"དམུ་"འདི་ཡིན་མདོག་སྐོར་མཇལ་རྒྱུར་སྣང་བས། དེ་དག་གི་ཡིན་ཚུལ་འགའ་ཞིག་ལ་ཅུང་ཟད་བརྟགས་པར་འདོད་དོ། །
ཡ་ངལ་ལམ་ཡང་སྟོན་གྱི་སྐོར།
"ཡང་སྟོན་"ནམ་"ཡ་ངལ་"རྣམས་ལ་ཡོངས་གྲགས་སུ་"རྒྱལ་གཤེན་ཡ་ངལ་"10ཞེས་འབོད་པ་འདི་ཡང་རྒྱལ་པོའི་སྐུ་གཤེན་ཡིན་པ་ཙམ་གྱིས་མི་འདོགས་པས། 'དམུ་རིགས་གཤེན་'དང་རུས་འབྲེལ་མེད་དམ་སྙམ་པའི་བློ་དོགས་འགའ་ཞིག་བྱུང་མྱོང་ལ། དེ་ལྟར་བསམ་པའི་མུར་བསམ་ཞིབ་འདི་ཉིད་དང་འབྲེལ་བའི་དཔྱད་བྱའི་ལུང་ཚིག་འགའ་ཡང་རིམ་གྱིས་མངོན།
དེ་ཡང་«ཀུན་མཁྱེན་གྱི་རང་རྣམ་»ལས། "ཡང་[ཡ་]ངལ་གྱིམ་གོང་བ་གཤེ༷ན་སྲ༷ས་ཀོང་ཚ་གཡུང་དྲུང་དབང་ལྡན་གྱི་གདུང་རྒྱུད་ཡ༷ང་སྟོ༷ན་ཤེས་རབ་རྒྱལ་མཚན།"11 ཞེས་གསུངས་ཤིང༌། དེའི་སྒང་ལ་སྒ་སྟོན་གྱིས་ཀྱང༌། "རྐོང་ཟ་ཁྲི་ལྕམ་ཁབ་ཏུ་བཞེས་པ་ལ། གཤེ༷ན་བུ་རྐོ༷ང་ཚ༷་སྟེ། ཡ༷་ང༷ལ་གྱི་གདུང་ངོ༌།"12 །ཞེས་ཀྱང་གསུངས་པར་མངོན་པས། དེ་དག་ལ་གཏན་ཚིགས་ཤིག་ནི་ངེས་ཅན་དུ་བདོག་པར་སྙམ་པའི་མོད་དེ་དག་གི་ཁུངས་དང་རྒྱུ་མཚན་འཚོལ་སྐབས་«མདོ་འདུས་»ལས། "ཤེས་རབ་ལམ་གྱིས་དགྱེས་སྡེ་མོ། །བདུད་ཀྱིས་གཤེན་རྟ་འཕྲོག་པའི་ཆམ། །རྐོང་བཟའ་ཁྲི་ལྕམ་བླང༌། །གཤེན་བུ་རྐོ༷ང་ཚ༷་འཁྲུངས། །མི་རྒྱུད་དེ་ལས་གྲོལ། །ཡ༷་ང༷ལ་གྱི༷མ་གོ༷ང་ལགས།"13 །ཞེས་པ་ཞིག་ཀྱང་མཇལ་བས། "ཡ་ངལ་"འདི་བ་'དམུ་རིགས་གཤེན་'གྱི་རུས་ཁོངས་སུ་གཏོགས་པར་བཀའ་དང་བཀའ་བརྟེན་གཉིས་ཀའི་ནང་དུའང་གསལ་འདུག་སྙམ་པ་ཞིག་ཀྱང་ཚོར།
འོན་ཀྱང་ཆེས་ཡ་མཚན་པ་ཞིག་ནི། "ཡང་སྟོན་"གྱི་རྒྱུད་འཛིན་པ་དག་གིས་དེ་དག་འཐད་ལྡན་དུ་མི་འཛིན་པ་ལྟ་བུར་སྣང་སྟེ། ཡང་སྒོམ་མི་འགྱུར་རྒྱལ་མཚན་གྱིས། "གསེར་མི་འདི་ནི་ཡ་ངལ་སྲི༷ད་པ༷འི་གཤེ༷ན། །ཐབ་གཞོབ་འཁོན་གསུམ་ཐུབ་པ་ལེགས།"14 །ཞེས་པའི་སྐབས་སུ་ཐུགས་དོགས་དང་བཅས་ཏེ། "གྱི༷མ་གོ༷ང་སྲི༷ད་པ༷ར་ཞིབ་དགོས།" ཞེས་པའི་མཆན་འགྲེལ་ཞིག་«རྒྱལ་གཤེན་ཡ་ངལ་གྱི་གདུང་རབས་»སུ་བསྐྱོན་འདུག་པས་སོ། །
དེ་ལྟར་ནའང་ཕྱོགས་གཞན་ཞིག་ནས་བལྟས་ཚེ་ཀུན་མཁྱེན་གྱིས། "ཡང་[ཡ་]ངལ་གཤེན་གྱི་གདན་ས་ཚར་ཁ་ཕུན་ཚོགས་གླིང༌།"15 ཞེས་གསུངས་པ་ལྟ་བུ་སྟེ། "ཡ་ངལ་"ཐུག་ཚད་ལ་"གཤེན་"ཞེས་སྦྱོར་ཚུལ་ལ་བརྟགས་ན། མཁས་པ་ཆེན་པོས་ནན་གྱིས་གསུངས་པའི་ལུང་ཚིག་འདིར་གོ་བ་དམིགས་བསལ་བ་ཞིག་ལོས་ཡོད་སྙམ་པའང་སེམས་སོ། །
གཉིས་སུ་ནི་"ཡང་སྟོན་"གྱི་གདན་ས་གཙོ་བོ་'བདེ་ལྡན་བསམ་གླིང་གཏན་གླིང་'ངམ་ཡོངས་གྲགས་སུ་"དོལ་པོ་བསམ་གླིང་དགོན་པ་"རུ་འབོད་པ་དེའང་དངོས་བྱུང་ལོ་རྒྱུས་སུ་"གཤེན་ཚང་"དང་འབྲེལ་ཆེ་བས་མ་ཚད། འདི་ཉིད་"གཤེན་ཚང་རི་རྒྱལ་དགོན་"གྱི་བུ་དགོན་ནམ་དགོན་ལག་ཡིན་པའི་ཡིག་ཆའང་ད་ལྟ་"བསམ་གླིང་དགོན་"དུ་བཞུགས་ཡོད་པས་ཅིས་ཀྱང་རྒྱུ་མཚན་ཞིག་ནི་མཆིས་སོ་སྙམ།
གཞན་ཡང་ད་དུང་སྐུ་གཤེན་"མཚེ་མི་"དང་"སྣང་མདོག་"གི་ལོ་རྒྱུས་རབ་རིབ་དག་ལས་"ཡ་ངལ་"འདི་"དམུ་གཤེན་"གྱི་གདུང་རབས་སུ་སྣང་ཚུལ་ཡང་ཡོད་སྟེ། གཉའ་ཁྲིའི་ལྷན་དུ་བྱོན་པའི་སྐུ་གཤེན་ལ་གསུམ་དུ་འདོད་པ་དང༌། གཉིས་སུ་འདོད་པ། གཅིག་ཏུ་འདོད་པ་སོགས་སོ་སོར་གསལ་ཡང༌། སྐུ་གཤེན་དུ་"ཡ་ངལ་"བྱོན་པ་ནི་ཡོངས་སུ་གྲགས་པས་སོ། །
དེས་ན་«ཡ་ངལ་གདུང་རབས་»16ཀྱི་ནང་དུ་གསལ་བ་ལྟར་དུ་"མཚེ་མི་"དང༌། "ཡ་ངལ།" "བཅོ་མི་"བཅས་གསུམ་དུ་བྱོན་པར་བྱས་ན་སྐྱོན་མེད་མོད། འོན་ཀྱང༌། འདིར་«ལྡེའུའི་ཆོས་འབྱུང་རྒྱས་པ་»17དང༌། «གཡུང་དྲུང་བོན་གྱི་རྒྱུད་འབུམ།»18 «དར་རྒྱས་གསལ་སྒྲོན།»19 «བསྟན་འབྱུང་ཀེ་ཏ་ཀ་»20སོགས་དང་མཐུན་པར་«སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་»21ལས། གཉའ་ཁྲིའི་སྐུ་གཤེན་དུ་མཚེ་བཅོ་གཉིས་ལས་མེད་པར་བཞེད་སྟབས། གལ་ཏེ་འདི་ལྟར་དུ་འདོད་དགོས་ན་གཅིག་ནི་"ཡ་ངལ་"ཡིན་པར་ཡོངས་གྲགས་སུ་ངེས་པས། "མཚེ་མི་"དེ་ཉིད་"ཡ་ངལ་"ཡིན་དགོས་པས་མ་ཚད་'དམུ་རིགས་གཤེན་'ཡང་ཡིན་པ་ནི། «གཡུང་དྲུང་བོན་གྱི་རྒྱུད་འབུམ་»22དང་«ཡ་ངལ་གྱི་གདུང་རབས་»23ཀྱི་དགོངས་གཞི་དང་མཐུན་པར་«སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་»ལས། "དམུ་བོན་ཡེ་ཐན་གྱི་རྒྱུད་ལས། །མཚེ་མི་དམུ་རྒྱལ་བྱ་བ་སྲིད། །དེ་ལས་མཚེ་བོན་དགུ་རྒྱུད་སྲིད།"24 །ཅེས་ཀོང་ཚ་གཡུང་དྲུང་དབང་ལྡན་གྱི་སྲས་རྒྱུད་སྟེ། "དམུ་བོན་ཡེ་ཐན་"25བྱ་བ་དེའི་སྲས་ཡིན་པར་གསལ་བའི་སྟེང་དུ་མཚན་ཡང་"མཚེ་མི་དམུ༷་རྒྱལ་"26ཞེས་སུ་གྲགས་པ་སོགས་ཀྱི་ཤུལ་འགྲོས་ལས་ཀྱང་ངེས་པ་རྙེད་ནུས་པའི་གཏན་ཚིགས་མང་བར་སྣང་བས་སོ། །
བོད་རྒྱལ་གཉའ་ཁྲི་བཙན་པོའི་སྐུ་གཤེན་དུ་གཤེན་པོ་གཅིག་ལས་མ་བྱོན་པར་འདོད་པའི་ལུགས་ཀྱི་སྐུ་གཤེན་གཅིག་པོ་དེ་ནི། ནམ་མཁའ་སྣང་བ་མདོག་ཅན་ཏེ། ཁོང་ཉིད་ནི་ཀོང་ཚ་གཡུང་དྲུང་དབང་ལྡན་གྱི་སྲས་རྒྱུད་དུ་གྱུར་པའི་དམུ་རྒྱལ་གསས་རྗེའི་སྲས་ཡིན་པར་ཡང་«དར་རྒྱས་གསལ་སྒྲོན་»27དང་«དམུ་གཤེན་གདུང་རབས་»28རྣམས་སུ་གསལ། དེ་ལྟར་གཅིག་ཏུ་འདོད་པའི་ལུགས་ལྟར་ན། གལ་ཏེ་སྣང་མདོག་དེ་"ཡ་ངལ་"མིན་ཚེ། གཉའ་ཁྲིའི་སྐུ་གཤེན་དུ་"ཡ་ངལ་"མ་བྱོན་པར་གྱུར་ཞིང༌། ཡིན་ཚེ་ནམ་མཁའ་སྣང་བའི་མདོག་ཅན་འདི་ཉིད་དང༌། "ཡ་ངལ་གྱིམ་གོང༌།" "དམུ་རྒྱལ་མཚེ་མི་"གསུམ་གང་ཟག་གཅིག་ཏུ་འདོད་དགོས་སོ། །
འོན་ཀྱང་གོང་དུ་«མདོ་འདུས་»ལས། "གཤེན་བུ་རྐོ༷ང་ཚ༷་འཁྲུངས། །མི་རྒྱུད་དེ་ལས་གྲོལ། །ཡ༷་ང༷ལ་གྱི༷མ་གོ༷ང་ལགས།" །ཞེས་པ་དེ་དང༌། «ཡ་ངལ་གདུང་རབས་»ལས། "གསེར་མི་འདི་ནི་ཡ་ངལ་སྲིད་པའི་གཤེན།" །ཞེས་པའི་སྐབས་སུ་"གྱིམ་གོང་སྲིད་པར་ཞིབ་དགོས་"29ཞེས་པའི་མཆན་འགྲེལ་བསྐྱོན་པ་གཉིས་ལ་བརྟགས་ན། འདི་གསུམ་ཀ་གང་ཟག་གཅིག་ཏུ་འདོད་ཀྱང་འགལ་བ་མེད་པར་སྙམ་མོ། །
གུ་རིབ་ཀྱི་སྐོར།
«བཀའ་སྐྱོང་གི་དམར་ལམ་»ལས། "ཝེར་གེ་སྟག་ལོ་གཤེན་གསུམ་དང༌། །ཕ་ངལ་ཡ་ངལ་གཤེན་གསུམ་དང༌། །ཡ་ངལ་གུ་རུབ་གཤེན་གསུམ་དང༌། །ན་རོ་དབང་གི་གཤེན་གསུམ་དང༌།" །ཞེས་པའི་དོན་དེ་ངོ་མ་ཅི་ཞིག་འགྲེལ་གྱིན་ཡོད་པ་རྟོགས་དཀའ་རུང༌། ཚིག་སྒྲོས་ཀྱི་ཞོར་དུ་རུས་མིང་དེ་རྣམས་"གཤེན་"ཡིན་ཚུལ་ཞིག་མི་སྟོན་ནམ་སྙམ་སྟེ། "ཡ་ངལ་"ནི་"གཤེན་"གྱི་ཁོངས་སུ་གཏོགས་པའི་ལུང་གོང་བཞིན་ལ། འདིར་ཡང་«གུ་རིབ་ཕ་རབས་»ལས། "གུ་རིབ་"ཀྱི་མེས་པོ་"དམུ༷་གཡང་རྗེ་"30བྱ་བ་དེ་"ས་ནས་དམུ༷་རྗེ་རྒྱལ་བྲན་འབུམ་གྱིས་བསུས་"31ཚུལ་དང༌། དེའི་སྲས་རྒྱུད་"རྩང་གི་རྒྱལ་པོ་རྗེའི་སྲས་ནི། དམུ༷་བེར་སྐྱ་ཞེས་བྱ་"32བར་གྲགས་པ། དེ་བཞིན་"མེས་པོ་དམུ༷་གཡང་རྗེ་རི་རིབ་ཀྱི་ཁ་ནས་བབས་ནས་བླ་རི་རི་རྒྱལ་ལྷུན་པོ་བདམས་སོ་"33བྱ་བ་དང༌། "བླ་འདི་གསུམ་དང་ལི་རྒྱལ་ས་དམུ༷་བེར་སྐྱ་མན་བཟུང་བ་ལགས་སོ། །དམུ༷་བེར་སྐྱའི་སྲས་ནི། ཤིང་གུ༷་རི༷བ་དྲན་མར་སངས་ཏེ་ཞེས་བྱ་བ་"34སོགས་"གུ་རིབ་"ཀྱི་མེས་པོ་རྣམས་ལ་ཐོགས་པའི་"དམུ་"མིང་འདི་དག་ཀྱང་'དམུ་རིགས་གཤེན་'གྱི་"དམུ་"དེ་ཡིན་མིན་ལའང་བརྟགས་དགོས་པར་སྣང་ངོ༌། །
སྐམ་ཚང་གི་སྐོར།
སྐམ་བླ་མ་གཡུང་དྲུང་ཉི་རྒྱལ་གྱིས་མཛད་པའི་སྨན་དཔེ་«ཀུན་གསལ་ཉི་མའི་དབང་པོ་»ལས། "དཀར་པོ་སྒོ༷་ཡི་རིགས། དམུ༷་རྒྱལ་གཤེ༷ན་དང་རུས་མཐུན་པར་འདོགས་པ། དངོས་ཀྱི་རུས་མིང་ལྟ་བུ་སྐ༷མ་ཚ༷ང་བླ་མའི་གདུང༌།"35 ཞེས་"སྐམ་ཚང་"ཡང་བོན་གྱི་གདུང་རྒྱུད་ཆེན་པོ་ལྔ་ལས་"དམུ་རིགས་གཤེན་"གྱི་ཁོངས་སུ་གཏོགས་པར་གསུངས་མོད། འོན་ཀྱང༌། སྐམ་གྱི་གདུང་འཛིན་«ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་རང་རྣམ་»ལས། "རྒྱུད་པ་རུས་ཀྱི་མིང་ནི། འོད་གསལ་ལྷ་ཡི་གདུང་རྒྱུད། དཀར་པོ་སྒོ་ཡི་རིགས། དབང་ལྡན་ཞུ༷་ལས་ཆད་པས། ཞུ༷་ཡི་སྐ༷མ་ཚ༷ང༌།"36 ཞེས་"སྐམ་ཚང་"དེ་"ཞུ་ཚང་"གི་གྲས་སུ་བཞག་ནས། "གཤེན་ཚང་"གི་ཁོངས་སུ་མི་གཏོགས་པར་སྟོན་པའི་ཁུལ་དུ་སྣང༌།
ཆེས་མཚར་ཞིང་བསམ་དགོས་པ་ཞིག་ལ། སྐམ་གཡུང་དྲུང་ཉི་རྒྱལ་གྱིས་"སྐམ་ཚང་"གི་གདུང་རྒྱུད་དེ་"དམུ་རིགས་གཤེན་"གྱི་གདུང་ཁོངས་ཡིན་པར་གསུངས་པས་མ་ཚད། «ཀུན་མཁྱེན་གྱི་རང་རྣམ་»ནང་གི་"སྐམ་ཚང་"གི་གདུང་རབས་ཀྱང་ཁོག་དབུབ་ཀྱི་ཚུལ་དུ་གཡུང་དྲུང་ཉི་རྒྱལ་ཁོང་གིས་མཛད་འདུག་37པས། དེ་ལྟར་ན་ཁུ་བོས་རང་གི་གདུང་རྒྱུད་དེ་"གཤེན་ཚང་"ཡིན་རབས་གླེང་བ་མཁྱེན་བཞིན་དུ་དབོན་པོས་དེ་ཉིད་"ཞུ་ཚང་"ཡིན་པར་བསྒྲུབས་ཤུལ་དེར་དམིགས་ཀྱིས་"ཡ་ངལ་"གྱི་གདུང་རྒྱུད་དེ་"གཤེན་ཚང་"ཡིན་པར་ཡང་ཡང་གླེང་བ་འདིར་དགོས་པ་ཞིག་ནི་ཅིས་ཀྱང་ཡོད་པར་སེམས་སོ། །ཕྱོགས་གཞན་ཞིག་ནས་«ཀུན་མཁྱེན་གྱི་རང་རྣམ་»དུ་"ཞུ་ཚང་"དང་"སྐམ་ཚང་"གི་གྲོལ་ཕུགས་ཀྱི་མེས་པོ་སྟེ་'ཡེ་མཁྱེན་མཐུ་ཆེན་སྒྲ་བླའི་རྒྱལ་པོ་'དེ་དང་"དམུ་རིགས་གཤེན་"གྱི་གྲོལ་ཕུགས་ཀྱི་མེས་པོ་'དམུ་རིགས་བཙུན་པ་མི་ཡི་རྒྱལ་པོ་'དེ་གཉིས་ཐོག་མའི་གྲོལ་གཞི་གཤེན་ལྷའི་ཐུགས་རྗེར་སྤྲུལ་པའི་སྒོ་ང་ཡིན་པ་མ་གཏོགས། གཞན་མཁའ་དབྱིངས་ལྷ་རིར་བརྡོལ་ཞིང་གྲོལ་བ་ལས་"སྐམ་ཚང་"དང༌། མི་ཡུལ་དམུ་རིར་བརྡོལ་ཞིང་གྲོལ་བ་ལས་"གཤེན་ཚང་"སོགས་བྱུང་ཚུལ་སོ་སོར་གླེང་བ་38འདིས་ཀྱང༌། སྐམ་བླ་གཡུང་དྲུང་ཉི་རྒྱལ་གྱིས་"སྐམ་ཚང་"ནི་"དམུ༷་རྒྱལ་གཤེ༷ན་དང་རུས་མཐུན་པར་འདོགས་པ་"ཞེས་གསུངས་པ་དེའི་དགོངས་འགྲེལ་བླང་འདུག་པར་སྣང༌།
དེ་མིན་"སྐམ་ཚང་"འདི་"གཤེན་ཚང་"དང་རུས་མཐུན་ཚུལ་"དམུ་"ཡིན་པར་བྱས་ན་ནི་མི་འཐད་དེ། ཀུན་མཁྱེན་གྱིས་«ཞང་ཞུང་གི་དཀྱུས་ཡིག་»ལས་དྲངས་པའི་ལུང་ལྟར་ན། "སྐམ་གྱི་ལྷ་བོན་ཐོད་དཀར་གྱིས། །སྦྲུལ་མི་གཟན་ཐོག་རྫིས་བྱས་ནས་བསྒྲལ། །དེ་མིན་ན་བོད་ཁམས་སྦྲུལ་གྱིས་ཟོས། །དེ་བས་བོད་ལ་བཀའ་དྲིན་ཆེ།"39 །ཞེས་གསལ་བའི་'སྐམ་གྱི་ལྷ་བོན་ཐོད་དཀར་'དེ་"སྐམ་ཚང་"གི་མེས་པོར་གསུངས་མོད། འོན་ཀྱང་དེ་ནི་"སེ་ཁྱུང་དབྲ་"ཡི་རུས་སུ་གཏོགས་པར་«དབུ་ནག་མིའུ་འདྲ་ཆགས་»ལས་གསལ་ཏེ། "ད་དབྲ༷་བཀའ་དྲིན་ཅན་གྱི་མི་བཞི་སྟེ།"40 །ཞེས་པ་ནས། "ཀོམ་གྱི་ལྷ་རྒོད་ངོ་ཁྲོ་དེས། །སྦྲུལ་མི་ཟས་གག་ཙིར་བྱས་ནས་བསད། །དེ་མིན་ན་བོད་ཁམས་སྦྲུལ་གྱིས་འཇོམས། །དེ་བས་བོད་ལ་བཀའ་དྲིན་ཆེ།"41 །ཞེསགསུངས་པས་སོ། །
གཅིག་བྱས་ན་"སྐམ་ཚང་"འདི་"སྒམ་"དང༌། "སྐམ།" "སྒོ་"ཞེས་པ་རྣམས་དང་གཅིག་པར་བྱས་ནས་"ལྷ་རིགས་སྒོ་"ཡིན་པར་འཆད་འདུག་པ་ལ་བརྟེན་ནས་'དམུ་རིགས་གཤེན་'དང་གཅིག་ཏུ་གསུངས་པར་སྲིད་དེ། «སྲིད་རྒྱུད་»ལས་"ལ༷ྷ་རི༷གས་གཤེན་གྱི་གདུང་རྒྱུད་"42ཅེས་པ་ལ་སྐབས་འགར་"དམུ་རིགས་སྒོ༷་རྒྱལ་གཤེན་གྱི་རྒྱུད་"43ཅེས་"གཤེན་ཚང་"ལའང་"ལྷ་རིགས་སྒོ་"ཞེས་ཐོགས་པས་སོ། །
སྨོན་རྒྱལ་གྱི་སྐོར།
"སྨོན་རྒྱལ་"གྱི་གདུང་འདི་'དམུ་རིགས་གཤེན་'ཡིན་མིན་ལ་ཡོངས་འཛིན་རིན་པོ་ཆེས་དཔྱད་པ་མཛད་པའི་མཐའ་བསྡོམས་44སུ་ཀུན་གྲོལ་འཇའ་ཚོན་དང༌། སྨོན་རྒྱལ་རང་གྲོལ་གྱི་རྣམ་ཐར་སོགས་སུ་གང་ཡང་མ་གསལ་ཞིང༌། འོན་ཀྱང་དེ་དག་དང་ཉག་གཏེར་གསང་སྔགས་གླིང་པའི་རྣམ་ཐར་ལས། "གདུང་རབས་ཀྱི་ལོ་རྒྱུས་ཟུར་ཙམ་ཞིག་བཤད་ན། སྨོ༷ན་རྒྱ༷ལ་དང་རུས་གཅིག་སྟེ། སྨོན་རྒྱལ་ནི་དམུ༷་ཚ༷་ས༷ྒ་ཡིན་ཏེ། རང་གྲོལ་རྣམ་ཐར་ལས། དམུ༷་ཡི་ཚ༷་བོ་ས༷ྒ་ཡི་གདུང་རྒྱུད་ཡིན། ཞེས་འཁོད་པར་གསུངས་སོ།" །ཞེས་གསལ་ཡོད།
དེས་ན་"སྨོན་རྒྱལ་"ནི་"དམུ་ཚ་སྒ་"ཡིན་པར་གསལ་བ་ལས། 'དམུ་རིགས་གཤེན་'དང་འབྲེལ་མིན་གྱི་ལུང་ཞིག་ད་དུང་ཡང་མ་མཇལ། འོན་ཀྱང༌། འདིར་"སྨོན་རྒྱལ་"འདི་'དམུ་ཚ་སྒ་'ཡིན་པ་ནི་ཤིན་ཏུ་བདེན་ཏེ། "དམུ་ཚ་སྒ་"ཡི་ཀོ་ལེ་ཕྲ་བརྒྱད་ལས་གཅིག་ནི་"སྨོན་"ཡིན་པར་ཡོངས་སུ་གྲགས་པའི་ཕྱིར་ཏེ། «བཤད་མཛོད་ཡིད་བཞིན་ནོར་བུ་»ལས། "རྨུ༷་ལ་ཀོ་ལེ་ཕྲ་བརྒྱད་འབྱུང༌། །ངམ་དང་སྣུབས་དང་གཞུང་དང་གསུམ། །འགར་དང་དཀར་དང་སྨོ༷ན་དང་གསུམ། །སྙོས་དང་ངན་ལམ་གཉིས་ཏེ་བརྒྱད། །རྨུ་ལ་ཀོ་ལེ་ཕྲ་བརྒྱད་ཟེར་བ་ཡིན།"45 །ཞེས་གསུངས་པའི་གྲས་ཀྱི་"སྨོན་"དེ་ནི་"སྨོན་རྒྱལ་"ལ་གོ་བས་སོ། །
དམུ་ཚ་སྒ་ཡི་སྐོར།
སྤྱིར་"དམུ་ཚ་སྒ་"བྱ་བའི་"དམུ་ཚ་"ཞེས་པ་འདི་ནི་རང་ཉིད་'དམུ༷་ཡི་ཚ༷་བོ་'སྟེ། རང་གི་མ་དང་ཞང་པོ་སོགས་"དམུ་"རིགས་ཡིན་པ་ལས། རང་ཉིད་"དམུ་"མིན་པར་སྟོན་པའི་ཚིག་ཅིག་ཡིན་ལ། དངོས་དོན་དུའང་«རླངས་ཀྱི་པོ་ཏི་བསེ་རུ་»ལས། "དམུ༷་ཟ༷་ལྷ་མོ་ཁབ་ཏུ་བཞེས་པའི་སྲས། དམུ༷་ཚ༷་དག༷འ།"46 ཞེས་བྱུང་བས་སོ། །
དེ་བཞིན་«རྒྱ་བོད་ཆོས་འབྱུང་རྒྱས་པ་»ལས། ཡུམ་"རྨུ༷་དྲེ་བཙན་མོ་"47ཡིན་པས། "ལྷའི་གདུང་རྨུ༷འི་ཚ༷། ལྷ་རྗེ་གཉའ་ཁྲི་བཙན་པོ།"48 ཞེས་དང༌། དེ་མཚུངས་ཀྱིས་རང་གི་མ་དང་ཞང་པོ་"ལྷ་"ཡིན་པ་ལ་རང་ཉིད་"ལྷ་ཚ་"དང༌། མ་དང་ཞང་པོ་"གཉན་"ཡིན་པ་ལ་རང་ཉིད་"གཉན་ཚ་"རུ་འདོགས་པ་ནི། «རླངས་ཀྱི་པོ་ཏི་བསེ་རུ་»ལས། "ཡབ་ལྷ་བརྡ་དྲུག་གིས་ལ༷ྷ་སྲས་མོ་ཁབ་ཏུ་བཞེས་པའི་སྲས། ལ༷ྷ་ཚ༷་མཆེད་སྲས་དགུ་ཡོང༌། སྙ༷ན་མོ་ཁབ་ཏུ་བཞེས་པ་ལ། སྙ༷ན་ཚ༷་མཆེད་དགུ་ཡོང༌། རྨུ༷་ཐང་བཞེས་པ་ལ། རྨུ༷་ཚ༷་མཆེད་དགུ་ཡོང༌།"49 ཞེས་དང༌། «ཀུན་མཁྱེན་གྱི་རང་རྣམ་»ལས། "དེ་དང་གཉེ༷ན་ལྕམ་དཀར་མོ་བཤོས་པའི་སྲས། བོད་མི་བུ་གཉ༷ན་ཚ༷་སྤུན་དྲུག་བྱུང༌།"50 ཞེས་བྱུང་བ་ལྟར་རོ། །
དེ་ཡང་«ཆབ་མདོའི་ཡིག་ཚང་»ལས། "སྨུ་དང་སེ་འདྲ་བ་ཙམ་རེ་ཡོད་པར་སྨུ་ཚ་སྒ་དང༌། སེ་ཁྱུང་སྤྲ་ཞེས་ཟེར། འདྲ་བ་ལ་ཚ་བོའི་སྒྲ་སྦྱར་བ་དུ་མ་ཡོད་དེ། རྟ་རྐྱང་དང་འདྲ་བ་ལ་རྐྱང་ཚ་དང༌། ཁྱི་དོམ་དང་འདྲ་བ་ལ་དོམ་ཚ། དཔའ་རྒོད་འདན་མ་དང་འདྲ་བ་ལ་འདན་ཚ་དང༌། དེ་བཞིན་གུར་ཀྱེམ་ཐང་དང་ཧ་ལམ་འདྲ་ཞིང་དེ་དང་ཐག་ཉེར་གནས་པའི་ཐང་ལ་གུར་ཚ་དང༌། གསེར་རི་སུམ་མདོ་ལས་གསེར་ཚ། རྟ་བ་ཐང་ལས་རྟ་ཚ་ཐང་སོགས་སོ།"51 །ཞེས་གསུངས་པ་ལྟར་བོད་མིའུ་གདུང་དྲུག་ཏུ་དབྱེས་པའི་"དམུ་"ནི། 'དམུ་བདུད་བཙན་'གསུམ་ནང་གི་"དམུ་"དེ་ཡི་'ཚ་བོ་'ཡིན་སྟབས། དེ་ཉིད་"དམུ་"དང་འདྲེས་པས་ན་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་"དམུ་"ཞེས་བཏགས་པ་ཙམ་མོ། །དེས་ན་རྒྱུ་མཚན་དེ་རིགས་ལ་བརྟགས་ན་"དམུ་ཚ་སྒ་"ནི་«སྨོན་རྒྱལ་རང་གྲོལ་གྱི་རྣམ་ཐར་»དུ་གསལ་བ་ལྟར་"དམུ༷་ཡི་ཚ༷་བོ་ས༷ྒ་ཡི་གདུང་རྒྱུད་"ཅིག་ལ་གོ་བར་སྣང་ངོ༌། །
འོ་ན་དེ་འདྲ་བའི་"དམུ་"མིང་ཐོགས་པའི་རིགས་རྒྱུད་དེ་དག་ལ་ཅི་ཞིག་ཟེར་རམ་ཞེ་ན། «ཉི་སྒྲོན་»ལས། "རྗེའུ་རིགས་ནི་སྒ༷་རིགས། རྟག་གཟིགས། བལ་པོ་གསུམ་ཞེས་པ་ནས་དེ་རྣམས་ནི་དམུ༷་རྒྱུད་དོ།"52 །ཞེས་དང༌། «ལ་དྭགས་རྒྱལ་རབས་»ལས། "ཁ་ཆེ། བལ་ཡུལ། ཟ་ཧོར། ཨོ་རྒྱན། ཏ་ཟིག ཁྲོམ། གེ་སར། འདན་མ། རྣ་ནམ། ཐོན་མི། གྲུ་གུ། རག་ཤི་ལ་སོགས་རྒ༷འི་རིགས་མིའུ་རིགས་བཞིའི་ཞང་པོ་ཡིན་ནོ།"53 །ཞེས་བྱུང་བ་ལྟར་དེ་དག་ལ་"སྒ་"རིགས་ཞེས་འབོད་པས། གསལ་པོར་བྱས་ན་"དམུ་ཚ་སྒ་"ཞེས་སྦྱོར་ཚུལ་དེ་ལྟར་ཡིན་ནོ། །འོན་ཀྱང་འགའ་ཞིག་གིས་"དམུ་ཡི་ནང་གི་རིགས་བཟང་པོ་གཙོ་བོ་རྣམས་ལ་དམུ༷་ཚ༷་རྒ༷་"54ཞེས་བྱེད་པའང་འདུག་པས་མི་འཐད་དོ། །
གཏན་ཚིགས་དེ་དག་ལ་བརྟེན་ནས་'དམུ་རིགས་གཤེན་'གྱི་"དམུ་"དང༌། 'མིའུ་གདུང་དྲུག་'གི་"དམུ།" 'དམུ་བདུད་བཙན་'གསུམ་གྱི་"དམུ།" དེ་བཞིན་'ཕྱ་དམུ་གཙུག་'གསུམ་གྱི་"དམུ་"རྣམས་ངོ་བོའི་ཆ་ནས་ཐ་དད་དུ་གནས་པར་སེམས་སོ། །
འོན་ཀྱང༌། «བླ་མ་གཤེན་གྱི་རྣམ་ཐར་»ལས། "སྟོན་པ་གཤེན་རབ་ཀྱི་གདུང་རྒྱུད། རྒྱལ་པོ་དམུའི་རིགས། རུས་ཀྱི་ཕྱི་མོ་ནི། དམུ༷་ཚ༷་དག༷འ་ཞེས་བྱ་བ་ལས་ཆད་དོ།"55 །ཞེས་དང༌། «བཻ་རོ་ཙཱ་ནའི་ལུང་བསྟན་»ལས། "ཀླུ་བོན་ཡེ་ཤེས་སྙིང་པོའི་སྤྲུལ་པ་ནི། །རྒ༷་རིགས་ཀླུ་དགའ་བྱ་བ་འབྱུང༌། །ཐེག་དགུ་བསྟན་པ་རྒྱས་པར་བྱེད།"56 །ཅེས་"གཤེན་"གྱི་གདུང་དེའང་"དམུ་ཚ་སྒ་"ཡིན་པར་གླེང་འདུག་པས། དེས་གོང་གི་"དམུ་རིགས་གཤེན་"དང་"དམུ་ཚ་སྒ་"གཉིས་མི་འདྲ་བར་དབྱེས་པ་ལ་མི་སྐྱོན་ནམ་ཞེ་ན་མི་གནོད་དེ། "གཤེན་ཚང་"འདི་ཉིད་"དམུ་ཚ་སྒ་"ཡིན་པར་བྱས་པ་ཙམ་གྱིས་"དམུ་ཚ་སྒ་"ཡིན་ཚད་ཀྱང་"གཤེན་ཚང་"ཡིན་པར་མི་འགྱུར་བས་སོ། །
དེ་ལྟར་མིན་པར་གལ་ཏེ་"དམུ་ཚ་སྒ་"ཡིན་ཚད་"དམུ་རིགས་གཤེན་"གྱི་རྒྱུད་དུ་གཏོགས་ན། ཧ་ཅང་ཐལ་ཏེ། སྔོན་དུས་"གཤེན་ཚང་"གི་གདུང་ཆད་ལ་ཉེ་བའི་སེམས་འཚབ་སོགས་མི་དགོས་ཏེ། «དབུ་ནག་མིའུ་འདྲ་ཆགས་»ལས། "སྟོད་གསེར་རྫོང་གཡུ་རྩེ་མན་ཆད་དང༌། །སྨད་ལྷ་བྲག་གཡུ་རྩེ་ཡན་ཆད་ལ། །སྒ་བཙུན་ནས་སེང་གེ་འགྱིང་བ་འདྲ། །ཆེ་ནས་རི་བོ་བརྩེགས་པ་འདྲ། །མང་ནས་གནམ་ནང་སྐར་མ་འདྲ། །འཕེལ་ནས་རྩི་ཤིང་ནགས་ཚལ་འདྲ། །དེ་དམུ་ཚ་སྒ་ཡི་མཚར་གཏམ་ཡིན།"57 །ཞེས་གསུངས་པས་'དམུ་ཚ་སྒ་'ཡི་"སྒ་"རིགས་ཙམ་ནི་མཐའ་ཡས་པས་སོ། །
སྒ་ཚ་དམུ་ཡི་སྐོར།
འོན་ཀྱང་འདིར་ཞིབ་པོར་བསམ་དགོས་པ་ཞིག་སྟེ། «དར་རྒྱས་གསལ་སྒྲོན་»ལས་"གཤེན་ཚང་"དེ་"དམུ་ཚ་སྒ་"མ་ཡིན་མདོག་གིས་"སྒ་ཚ་དམུ་"58ཡིན་པར་གསུངས་ཤིང༌། དེ་དང་མཐུན་པར་«ལེགས་བཤད་མཛོད་»ལས། "སྲིད་རྒྱུད་ལས། སྟོང་རྒྱུང་མཐུ་ཆེན་སྤྲུལ་པ་ནི། །འཆི་མེད་གཙུག་ཕུད་དངོས་མཚུངས་པའི། །དམུ་རིགས་ས༷ྒ་ཚ༷་གཤེ༷ན་གྱི་རྒྱུད། །གཤེན་སྒུར་ཀླུ་དགའ་བྱུ་བ་འབྱུང༌། །མཚོ་རྔ་བྲག་གི་གཏེར་སྒོ་འབྱེད། །ཅེས་པའི་གཏེར་ཆེན་འདིའི་གདུང་ནི་ས༷ྒ་ཚ༷་དམུ༷་རིགས། ཡབ་དཔལ་མགོན་གསས་ལ་སྲས་གསུམ་ཡོད་པའི་གཅེན་པོ་ཀླུ་དགའ། འབྲིང་ཀླུ་བརྩེགས། ཆུང་བ་གེ་ཁོད་དོ།"59 །ཞེས་ཀྱང་བྱུང་བས། "དམུ་ཚ་"མིན་པར་"སྒ་ཚ་"ཡིན་མདོག་གླེང་བར་བྱས་པ་འདི་ལའང་ཤིན་ཏུ་གོ་རྒྱུ་ཆེ་བར་སྣང་བས་དམན་དཀྱུས་སུ་བོར་བར་མི་རིགས་ཤིང༌། "གཤེན་ཚང་" རྣམས་"སྒ་ཚ་"ཡིན་པར་གསལ་བས་"སྒ་ཚ་དམུ་"རུ་གྱུར་ཡང་མི་སྟོ་མོད། འོན་ཀྱང་"སྨོན་རྒྱལ་"ལྟ་བུའི་རུས་ཕྲན་"དམུ་ཚ་སྒ་"ཡིན་པ་རྣམས་"གཤེན་"གྱི་"དམུ་"དང་སྦྲེལ་མིན་བརྟག་བྱའོ། །
གཞན་ཡང༌། «བསྟན་འབྱུང་ཀེ་ཏ་ཀ་»ལས། "གཤེན་ཚང་དང་གཤེ༷ན་ཚ༷་སྟེ་མི་སྡེ་གཉིས་སུ་གྱེས་ཀྱང་ཟེར།"60 ཞེས་གསུངས་པས། "གཤེན་"གྱི་"དམུ་"འདི་ལ་"གཤེན་ཚང་"དང་"གཤེན་ཚ་"ཞེས། "གཤེན་ཚང་"དང་ཉེ་རུང་དེར་མི་གཏོགས་པའི་རྒྱུད་ཅིག་ཀྱང་མེད་དམ་སྙམ་ལ། དེའི་མུར་"གཤེན་ཚང་"དུ་འདོད་པའི་གོང་ཞུས་ཀྱི་རུས་ཕྲན་དག་ཀྱང་དོན་དངོས་སུ་"གཤེན་ཚ་"བྱ་བའི་ཁོངས་སུ་གཏོགས་ཀྱང་སྲིད་པས་གནས་སྐབས་ཡོད་ཚད་བརྟག་བྱའི་གནས་སུ་བོར་རོ། །
འོན་ཀྱང་«ལྡོང་གི་རུས་མཛོད་»ལས། "ཟླ་ལྡོ༷ང་དཀར་པོའི་གདུང་རྒྱུད་དེ། །སྟོན་པ་གཤེ༷ན་རབ་གདུང་རྒྱུ༷ད་རེད།"61 །ཅེས་པ་ལ་བརྟགས་ན། "གཤེན་ཚང་"དེ་"དམུ་ཚ་སྒ་"ཡིན་མིན་ཡང་བརྟགས་རྒྱུ་དང༌། དེ་བཞིན་གཞན་དུ་"སེ་ཁྱུང་དབྲ་"ཡིན་མིན་ཡང་ད་དུང་བརྟག་བྱའི་གནས་སོ། །
གང་ལྟར་ད་ལམ་འདིར་"དམུ་"རུ་གྲགས་ཚད་ཀྱི་རིགས་རུས་ཕན་ཚུན་དབར་གྱི་དབྱེ་ཁྱད་རྣམས་རྟོགས་ཐབས་སུ་སྔོན་འགྲོའི་འབད་བརྩོན་ཆུང་ངུ་ཞིག་བྱས་ཁུལ་ལགས་ཀྱང༌། དེ་ལྟར་གླེང་ཞོར་དུ་རིགས་རུས་གང་ཞིག་མཐོར་བཤད་དང་གཞན་ཞིག་དམར་བཤད་ལྟ་བུར་གྱུར་ཚེ། དེ་ནི་དཔྱད་རྩོམ་འདི་ཡི་དམིགས་འབེན་སོགས་གང་ཡང་མིན་སྟབས། སྙིང་ནས་བཟོད་གསོལ་དང་སྦྲགས་མ་ཤེས་བཀའ་སློབ་ལྷུག་སྩོལ་ཡོང་བར་རེ་ཞིང༌། ད་དུང་འདི་ནས་མུ་རུ་མཐུད་དེ་བརྗོད་དོན་འདི་ཉིད་ལ་དངོས་གཞིའི་ཞིབ་དཔྱོད་ཅིག་ཅིས་ཀྱང་འབུངས་འདུན་མཆིས་པས། གཟུ་བོར་གནས་པ་ཀུན་ལ་དངོས་ཡོད་ལོ་རྒྱུས་ལ་སྨན་ངེས་ཀྱི་མགོ་འདོན་ནམ་དགོངས་འཆར་ཞུ་བ་དང་བཅས་རེ་ཞིག་མཇུག་བསྡུ་བའི་ཁུལ་ལོ།། །།
མཆན་བུའི་འགྲེལ་ཆུང༌།
1 «རྩ་རྒྱུད་ཉི་ཟེར་སྒྲོན་མ།» ཤོག་ངོས་[༨༢]ལས། "དེ་རྣམས་འཁོར་ལོ་དབང་བསྒྱུར་གྱི་མི་དང༌། གཡུང་དྲུང་ཁྱིམ་བདུན་གྱི་མི། གྲུམ་ཤིང་བཅུད་འཐུང་གི་མི། མེ་ཏོག་སྦུབས་གནས་ཀྱི་མི་བཅས་བཞི།དམུ་ཡི་རྒྱ༷ལ་རིགས་ཏེ། དཔག་པའི་མི་བཞིའོ། །རྗེ༷འུ་རིགས་ནི། སྒ་རིགས། རྟག་གཟིགས། བལ་པོ་གསུམ་མོ། །བྲ༷མ་ཟེ༷་ལ་རྒྱ་གར། ཕྲོམ་དང༌། ལི་གསུམ་མོ། །རྨ༷ང་རིགས་ལ་མོན་དང༌། འཇང༌། གྲུ་གུ་དང་གསུམ་མོ། །དེ་རྣམས་ནི་དམུ་རྒྱུད་དོ།" །ཞེས་སོགས་ཀྱིས་མཐུད་སྟེ་རྒྱས་པར་གསུངས་པ་ལྟར་རོ། །
2 «ཐུན་མོང་སྡུད་གྲྭའི་རྣམ་བཤད།» ཤོག་ངོས་[༢༠]ལས། "གཉིས་པ་ལྷ་མིན་ལ། ཡར་གཡེན། བར་གཡེན། ས་གཡེན་ཏེ། སྤྱི་སྡེ་གསུམ། དེ་ལ་སོ་སོར་ཕྱེ་ན་གཡེན་ཁམས་སོ་གསུམ་ཡོད་དེ། དབལ་ཡོག་ཁྲིན་གསུམ། ཉེར་འོལ་འཚམས་གསུམ། སྲིད་སྐོས་ཕྱ་གསུམ། དམུ༷་བདུ༷ད་བཙ༷ན་གསུམ། གཉན་པོ་ལྷ་དང་བཅུ་གསུམ་སྟེ་ཡར་གཡེན་ནོ། །ཟླ་ཉི་སྐར་གསུམ། སྤྲིན་གཞའ་དལ་གསུམ། ཟེར་ལོ་རྫི་གསུམ་སྟེ་བར་གཡེན་གཏོད་པོ་དགུའོ། །ཀླུ་གཉན་རྒྱལ་གསུམ། སྨན་གཟེར་སྲི་གསུམ། འདྲེ་སྲིན་བྱུར་གསུམ། གཤིན་རྗེ་ཆུད་དང་གཉིས་ཏེ་ས་གཡེན་ཆེ་བ་བཅུ་གཅིག་གོ།" །ཞེས་པ་གསུངས་པ་ལྟར་རོ། །
3 «བླ་མ་གཤེན་གྱི་རྣམ་ཐར།» ཤོག་ངོས་[༢༤༤]ལས། "དཔོན་གསས་འཛམ་གླིང་ལ་སྲས་གསུམ། གཅེན་པོ་རབ་ཏུ་བྱུང་བ་གཤེན་བློ་གྲོས་རྒྱལ་མཚན། བར་པ་ཁྲོ་རྒྱལ་འབུམ། ཆུང་ཤོགས་ཁྲི་སྐྱོང་དར་དང་གསུམ་མོ། །དེ་དག་ནི་བླ་མ་གཤེན་སྒུར་ནས་དེང་སང་གི་བར་དུ་རྒྱུད་པས་ཆེ་རྒྱུད་ལགས་སོ། །གྲུབ་ཐོབ་དང་མཁས་བཙུན་འགྲན་ཟླ་དང་བྲལ་བ་རྣམས་བཟང་[ཟ་]ར་ཚགས་སུ་བྱོན་པ་མུ་ཏིག་བསྟར་ལ་བརྒྱུས་པའམ། གསེར་གཡུ་སྤེལ་བ་ལྟ་བུ་བཟང་བར་ངན་གྱིས་མ་ཆོད་པ། གཞན་ལས་ཁྱད་པར་དུ་གྱུར་པ་ལགས་སོ། །དེ་ཡན་ཆད་ནི་ཆེ་རྒྱུད་ལགས་སོ།" །ཞེས་གསུངས་པས་སོ། །
4 «བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ།» ཤོག་ངོས་[༡༤༣]ལས། "གཤེན་མི་འགྱུར་གཙུག་ཕུད་སོགས་དམ་པ་འགའ་ཡང་བྱོན་ཀྱང༌། ཕྱིས་དུས་དབང་གིས་ཁྱིམ་བཟུང་རབས་ཆད་འགའ་ཞིག་འཚོགས་ནས་རབ་བྱུང་བཅོ་ལྔ་པའི་ཁོངས་སུ་དམུ་གཤེན་གདུང་རབས་འོག་མིན་གྱི་གནས་སུ་བསྡུས་པའོ།" །ཞེས་གསལ་བས་སོ། །
5 «ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན།» ཤོག་ངོས་[༡༡༢]ལས། "ཆེ་དགུ་རིང་བཅུ་ནི། སྦས་ཆེ་བཙན་བྱ་རུ་ཅན་སྣང་བཞེར་ལྷ་བཙན་ལ་ནོར་བུ་ཀེ་ཀེ་རུ་དང་སྟག་གི་གོང་ཐོང་ཡོད་པས་ཆེ། མཚིམས་སྙལ་པ་རྒྱལ་གཟིགས་ཤུད་ཏི་ལ་གཡུའི་ཡི་གེ་གཡུང་རུང་དྲུང་ཆེན་པོ་དང་བྲན་དགུ་ཁྲི་ཡོད་པས་ཆེ། འབྲོ་ཁྲོམ་མདའ་ཅུང་པ་ལ་སེང་གེ་དཀར་མོའི་གོང་གླག་ཡོད་པས་ཆེ། སྣ་ནམ་རྒྱལ་ཉེར་ཉ་བཟངས་ཏེ་ཆོས་ཀྱི་བླ་མཁྱེན་ཡིན་པས་ཆེ། སྦྲང་རྒྱལ་ར་ལེགས་གཟིགས་ལ་གཡུའི་གཡུང་རུང་དྲུང་དང་གསེར་གྱི་ཡི་གེ་ཡོད་པས་ཆེ། མྱང་ཞ་རྗེ་ལ་གནམ་གྱི་ཞྭ་ཡོད་པས་ཆེ། ཅོག་རོ་སྟག་ཅན་གཟིག་ཅན་ཆེ། ལོ་ཏེ་ཀུ་སྣ་གོང་ལ་གསེར་གྱི་་་་་་ཡོད་པས་ཆེ། མཐའི་སོ་འདུལ་བའི་བློན་པོ་ཆེའོ།" །ཞེས་གསུངས་པ་ལྟར་རོ། །
6 «དབུ་ནག་མིའུ་འདྲ་ཆགས།» ཤོག་ངོས་[༡༠༩]ལས། "ད་སེ་ཁྱུང་དབྲའི་ཆེ་དྲུག་དེ། །སྟོད་ན་མར་ཡུལ་པུ་རང་གཉིས། །བར་ན་ཞང་ཞུང་ཁྱུང་པོ་གཉིས། །སྨད་ན་ཉག་རྒྱུ་འགུ་ཟི་གཉིས། །དེ་སེ་ཁྱུང་དབྲའི་ཆེ་དྲུག་ཡིན།" །ཞེས་པ་ལྟ་བུ་ལ་མཚོན་ན་དབྲ་རིགས་དེ་ཡུལ་གྲུ་དེ་དག་གི་ཁོངས་སུ་ཡོད་པར་བསྟན་པའི་ཚུལ་ཡང་སྣང་མོད་འདི་དག་ནི་ཕྱིས་ཀྱི་གནས་ཚུལ་ཞིག་ཏུ་ཚོར་རོ། །
7 «སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ།» ཤོག་ངོས་[༤༩]ལས་གསལ་ལོ། །
8 «བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ།» ཤོག་ངོས་[༨༧]ལས། "ཞང་ཞུང་གཉེན་གྱི་རྒྱལ་པོའི་གདུང་ལས་བོན་མོ་སྟག་ཝེར་ལི་ཝེར་བྱ་བ་འཁྲུངས།" ཞེས་གསལ།
9 «སྨན་རིའི་མཁན་པོ་སྒོ་སྟོན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རྣམ་ཐར།» ཤོག་ངོས་[༤༨༩]ལས། "བླ་མ་གཡུང་དྲུང་མགོན་པོའམ་ཕྱིས་སུ་སྲས་ཀྱིས་མཚན་གསོལ་བའི་རྡོ་རྗེ་མགོན་པོ་ཞེས་བྱ་བའི་གསང་བའི་སྔགས་འཆང་ཆེན་པོ་དེའི་སྲས་གསུམ་ཡོད་པའི་ཆེ་བ་ནི། [༤༩༠] དུ༷ས་གསུ༷མ་མཁྱེ༷ན་པ༷་ཡིན་ཏེ། དེ་ལ་དབྱིངས་ཀྱི་མཁའ་འགྲོ་མས། མཁའ་འགྲོ་འབུམ་གྱི་དབུ་སྐྲ་ལ་བྱས་པའི་ཞྭ་ནག་ཅོད་པཎ་དབུ་ལ་གསོལ་ནས། སངས་རྒྱས་ཀུན་གྱི་འཕྲིན་ལས་མཛད་དགོས་ཕྱིར། ཀ༷རྨ༷་པ༷་ཞེས་མཚན་གསོལ་ནས། དག་པ་ཟླ་འོད་གཞོན་ནུའི་དྲུང་དུ་གཏུགས་ནས་དབང་དང་གདམས་ངག་ཞུས་ཤིང༌། བཀའ་བརྒྱུད་ཆོས་ཀྱི་བསྟན་པ་སྤེལ་དགོས་པའི་ལུང་བསྟན་བྱུང་བཞིན་ཆོས་སྒོར་ཞུགས། ཡབ་མེས་ཀྱི་གདན་ས་སྐ༷མ་པོར་བྱོན་ནས་ཐབས་ལམ་གཏུམ་མོ་ལ་སྦྱངས་པས། ཞག་དགུ་ནས་རས་རྐྱང་ཐུབ། དེ་ནས་མཉམ་བཞག་གིས་ཕྱག་རྒྱ་དང་མ་བྲལ་བར་གཡོ་འགུལ་སྤང་བའི་ངང་ནས་ཟླ་བ་དགུ་ཡི་བར་དུ་བསྒོམས་པས་ཏིང་འཛིན་གྱི་ཡོན་ཏན་དཔག་ཏུ་མེད་པར་འཁྲུངས་པས་འཁོར་འདས་དབྱེར་མེད་དུ་འདྲེས། དགུང་ལོ་དོན་བཞིར་གླིང་ཐུས་ཀརྨ་གཙུག་ལག་ཁང་བཞེངས། དགོན་པ་བཏབས། དེ་ནས་ཡར་ཕེབས་དག་ལ་སྒམ་པོར་གླེགས་བམ་བརྒྱ་གསེར་བྲིས་སུ་བཞེངས། དོན་བདུན་དུ་སྟོད་ལུང་མཚུར་བུའི་དགོན་པ་བཏབ་ནས་གྱ་བཞི་བར་བཞུགས་ནས་དབྱིངས་སུ་གཤེགས། ཐུགས་ལྗགས་སྤྱན་གསུམ་ལ་སོགས་སྐུ་གདུང་རིང་བསྲེལ་མང་དུ་བྱོན། བླ་མ་དེའི་སྐུ་ཚབ་ནི། སྐམ་ནང་སོ་བསྟན་པའི་རྒྱལ་མཚན་བྱ་བ་[༤༩༡]མཐོང་ཐོས་ཐམས་ཅད་གྲོལ་ནུས་པ་ཞིག་བྱུང༌།" ཞེས་གསུངས་པས་འདི་ཉིད་"སྐམ་ཚང་"ཡིན་པས། གལ་ཏེ་"སྐམ་ཚང་"འདི་"གཤེན་ཚང་"ཡིན་ན་འདི་ཡང་"གཤེན་ཚང་"ཡིན་དགོས་པར་སྣང་ངོ༌། །
10 «རྒྱལ་གཤེན་ཡ་ངལ་གྱི་གདུང་རབས།» ཤོག་ངོས་[༡]ལས། "ཀུན་གྱི་ནང་ནས་དབང་པོ་མིག་ལྟར་སྔོན་དུ་བྱུང་བ་རྒྱ༷ལ་གཤེ༷ན་ཡ༷་ང༷ལ་བཀའ་རྒྱུད་ཀྱི་གདུང་རབས་ཨུན་ཆེན་ཚངས་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས།" ཞེས་དང༌། "རྒྱ༷ལ་གཤེ༷ན་ཡ༷་ང༷ལ་གདུང་རབས་འདིར་སྤྲོའོ།" །ཞེས་བྱུང་བས་སོ། །
11 «སྨན་རིའི་མཁན་པོ་སྒོ་སྟོན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རྣམ་ཐར།» ཤོག་ངོས་[༤༤༠]ལས། "དེས་རྗེས་རྗེ་ཀུན་འདུལ་ལ་བརྒྱུད། དེས་ཡ༷ང་[ཡ་]ང༷ལ་གྱི༷མ་གོ༷ང་བ༷་གཤེ༷ན་སྲ༷ས་ཀོ༷ང་ཚ༷་གཡུ༷ང་དྲུ༷ང་དབ༷ང་ལྡ༷ན་གྱི་གདུ༷ང་རྒྱུ༷ད་ཡང་སྟོན་ཤེས་རབ་རྒྱལ་མཚན་གང་དེ་ལ་བརྒྱུད་པས། གྲུབ་ཆེན་དེ་ཉིད་རྣམ་མཁྱེན་སྤྲུལ་པའི་སྐུ་མངོན་དུ་བསྟན་པ་ཡིན་ཕྱིར། ཕྱི་རབས་བསྟན་འགྲོའི་དོན་དུ་རྫོགས་པ་ཆེན་པོ་སྙན་རྒྱུད་རྒྱས་པའི་སྐོར་དང༌། འབྲིང་པོ་སོར་བཞག་དང༌། ཆུང་བ་འཐོར་བུ་བཅས་པའི་ཡིག་རིས་སུ་བསྟན་གཏན་ལ་ཕབས་ནས་འབྲི་བར་མཛད།" ཅེས་གསུངས་པས་སོ། །
12 «གཏེར་གྱི་ཁ་བྱང༌།» ཤོག་ངོས་[༣]པ་ལས་གསལ།
13 «མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ།» ཤོག་ངོས་[༤༣]ལས་གསལ་ལོ། །
14 «རྒྱལ་གཤེན་ཡ་ངལ་གྱི་གདུང་རབས།» ཤོག་ངོས་[༣༠]ལས། "གསེར་མི་འདི་ནི་ཡ་ངལ་སྲིད་པའི་གཤེན། ༼གྱིམ་གོང་སྲིད་པར་ཞིབ་དགོས། མཆན།༽ །ཐབ་གཞོབ་འཁོན་གསུམ་ཐུབ་པ་ལེགས།" །ཅེས་གསུངས་པས་ངེས་སོ། །
15 «སྡེ་དགེའི་མཆོད་གནས་ཐར་བདེའི་བླ་མ་གཡུང་དྲུང་རྒྱལ་མཚན་གྱིས་ཕུལ་བའི་ཞུ་ཡིག» དཔེ་ཚན་འདིའི་ཁ་བྱང་དུ་དེ་ལྟར་གསལ་འདུག་ཀྱང༌། ཞིབ་རྒྱས་སུ་བལྟས་ན་འདི་ཉིད་ཀུན་མཁྱེན་ཉི་མ་བསྟན་འཛིན་མཆོག་གི་རང་རྣམ་གྱི་དུམ་ཐོར་ཞིག་ཏུ་སྣང༌། ཤོག་ངོས་[༡༨༩]ལས། "ས་མོ་བྱ་ཡི་ལོར་སྟོད་ཡ༷ང་[ཡ་]ང༷ལ་གཤེ༷ན་གྱི༷་གད༷ན་ས༷་ཚ༷ར་ཁ༷་ཕུ༷ན་ཚོ༷གས་གླི༷ང་ནས་རྩ་བའི་བླ་མ་གྲུབ་དབང་རདཎ་ཝེར་ཞིའི་དྲུང་ནས་རིན་ཆེན་དངུལ་གྱི་མཎྜལ་རྒྱན་དང་ལྡན་པ་གནང་བསྐུར་འབྱོར་བྱུང༌།" ཞེས་གསུངས་པས་སོ། །
16 «རྒྱལ་གཤེན་ཡ་ངལ་གྱི་གདུང་རབས།» ཤོག་ངོས་[༣༠]ལས། "གསེར་མི་འདི་ནི་ཡ་ངལ་སྲིད་པའི་གཤེན། ༼གྱིམ་གོང་སྲིད་པར་ཞིབ་དགོས། མཆན།༽ །ཐབ་གཞོབ་འཁོན་གསུམ་ཐུབ་པ་ལེགས། །གཡུ་མི་འདི་ནི་མཚེ་མི་ལྷ་རབས་གཉན་གྱི་བུ། ༼དམུ་བོན་ཡེ་ཐན་རྒྱུད། མཆན།༽ །དུང་མི་འདི་ནི་བཅོ་མི་གྱེར་མཁས་ཁུ་བྱུག་གསུང༌། ༼ཕྱ་བོན་ཐེ་ལེགས་རྒྱུད། མཆན།༽" །ཞེས་དང༌། ཡང་ཤོག་ངོས་[༣༡]ལས། "ཡབ་ཀྱིས་ཞལ་ནས། གནམ་ལྷ་དོག་ལ་གཤེགས་ཙམ་ན། །མི་ཡུལ་བཙོག་དང་མནོལ་ཆེ་བས། །ཡ༷་ང༷ལ་གཤེ༷ན་གྱིས་སྣ་དྲོངས་ཤིག །བར་ཆད་ཧུར་པ་གྲངས་མང་བས། །མཚེ་མིས་སྐུ་ཡི་གཡས་རྟེན་ཞིག །སྣང་སྲིད་ལྷ་འདྲེ་ཡེ་འབྲོག་རྒོད། །བཅོ་མིས་སྐུ་ཡི་གཡོན་རྟེན་ཞིག །ཡ་ངལ་སེལ་དང་བསང་གྱིས་ཤིག །མཚེ་མིས་དབང་དང་བྱིན་རླབས་ཤིག །བཅོ་མིས་སྐུ་གླུད་ཐར་ཁྱེར་ཞིག" །ཅེས་གསུངས་པས་ངེས་སོ། །
17 «མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ།» ཤོང་ངོས་[༢༣༢]ལས། "འབྲིང་མོ་དྲེ་བཙུན་རྨུ་མོ་དང་མི་བོན་ལྷ་བོན་དང་རྒྱ་འབྲོང་ཏམ་ཆེན་པོ་བཤོས་པའི་སྲས་འཆི་མེད་གཤེན་གྱི་རྨུ་རྒྱལ་ཚ་དང༌། ཅེའུ་གཤེ༷ན་གྱི་ཕྱག་དཀར་ཚ་གཉིས་སོ།" ཞེས་གསལ་ལོ། །
18 «གཡུང་དྲུང་བོན་གྱི་རྒྱུད་འབུམ།» ཤོག་ངོས་[༡༨]ལས། "རྗེ་ཡབ་ལ་བདལ་དྲུག་གི་སྲས། ཁྲི་བར་ལ་བདུན་ཚིགས་ལགས། དེའི་སྲས་བར་ལ་སྲིད་མེད་ཏེ། མགོ་ནག་མིའི་རྗེ་རུ་གཤེགས་པ་ཡང༌། སྟོན་པས་བྱིན་གྱིས་བརླབས་ཏེ། འགྲོ་དོན་ལ་བཏང༌། རྗེ་དེ་གཤེགས་པའི་དུས་སུ་སྐུ་སྲུང་གི་བོན་པོ་ནམ་མཁའ་ལས་སྤྲུལ་པ་ནི། དམུ་བོན་ཡེ་ཐན་རྒྱུད་ལས་འཚེ་མི་རྒྱལ་དུ་སྤྲུལ། ཕྱ་བོན་ཐེ་ལེག་རྒྱུད་ལས་བཅོ་གཤེན་ཕྱག་དཀར་སྤྲུལ་ཏེ། བོན་པོ་དེ་གཉིས་ཀྱིས་རྗེའི་ཕྱག་གཡས་དང་གཡོན་བརྟེན་ནས། ཡར་ལུང་སོག་དཀར་གཤེགས་པས། བོན་པ་ལ་ལེ་གུ་ཞེས་བྱ་བའི་གཏན་ཚིགས་དང་པོ་དེ་ལྟར་ལགས་སོ། །མི་མང་པོས་བཏེགས་ཏེ་ཁྲི་ལ་བཞག་པས། རྗེའི་མཚན་ཡང་གཉའ་ཁྲི་བཙན་པོ་ལགས་སོ།" །ཞེས་གསལ་ལོ། །
19 «བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།» ཤོག་ངོས་[༡༣༦]ལས། "བོད་དུ་སྔ་བའི་རྒྱལ་པོ་དེ་གཉའ་ཁྲི་བཙན་པོའོ་ཞེས་བྱམས་མ་ལས་གསུངས། དེའི་སྐུ་གསུང་གི་གཤེན་གཉིས་བྱུང་སྟེ། མཚེ་མི་དམུ་རྒྱལ་དང༌། ཅོའུ་ཕྱག་དཀར་གཉིས་སོ།" ཞེས་གསལ་ལོ། །
20 «བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ།» ཤོག་ངོས་[༨༥]ལས། "རྒྱལ་པོ་གཉའ་ཁྲི་བཙན་པོ་དང༌། སྐུ་གཤེན་མཚེ་མི་གཅོའུ་གཉིས་འོད་ཀྱི་དམུ་ཐག་གི་བརྒྱུད་ནས་ལྷ་རི་གྱང་ཐོར་བབས་སོ།" །ཞེས་གསལ།
21 «སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ།» ཤོག་ངོས་[༢༧]ལས། "དེ་ནས་སྟོན་པ་བོད་ཡུལ་དུ་བྱོན་ནས། གཤེན་པོ་ཕ་བ་མཚེ་གཅོ་ལ། དཔོན་གསས་ལུང་གིས་བསྟན་ཅིང་བཞག" ཅེས་སོ། །
22 «གཡུང་དྲུང་བོན་གྱི་རྒྱུད་འབུམ།» ཤོག་ངོས་[༡༨]ལས། "དམུ་བོན་ཡེ་ཐན་རྒྱུད་ལས་འཚེ་མི་རྒྱལ་དུ་སྤྲུལ༌།" ཞེས་སོ། །
23 «རྒྱལ་གཤེན་ཡ་ངལ་གྱི་གདུང་རབས།» ཤོག་ངོས་[༣༠]ལས། "གཡུ་མི་འདི་ནི་མཚེ་མི་ལྷ་རབས་གཉན་གྱི་བུ། ༼དམུ་བོན་ཡེ་ཐན་རྒྱུད། མཆན།༽" །ཞེས་མཆན་དུ་བཀོད་པས་སོ། །
24 «སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ།» ཤོག་ངོས་[༥༢]ལས། "དམུ་རྗེ་ཐུམ་ཐུམ་བརྣལ་མེད་སྲས། །མུ་ཆོ་ལྡེམ་དྲུག་བྱ་བ་ཡིན། །དམུ་བོན་ཡེ་ཐན་གྱི་རྒྱུད་ལས། །མཚེ་མི་དམུ་རྒྱལ་བྱ་བ་སྲིད། །དེ་ལ་མཚེ་བོན་དགུ་རྒྱུད་སྲིད།" །ཅེས་སོ། །
25 «དམུ་གཤེན་ལྷ་ཡི་གདུང་རབས།» ཤོག་ངོས་[༢༦]ལས། "གཤེན་བུ་ཀོང་ཚ་ལ་སྲས་གསུམ་ཡོད་དེ། འོད་ཀྱི་རྒྱལ་པོ། ཐོག་གི་རྒྱལ་པོ། འབྲུག་གི་རྒྱལ་པོའོ། ་་་་་ཞེས་པ་ནས་་་་་་་ འབྲུག་གི་རྒྱལ་པོའི་སྲས་ལ་ཏ་ཟིག་དང་བོད་ཀྱི་དམུ་གཤེན་གྲོལ་ཏེ། དེའི་སྲས་དམུ༷་བོ༷ན་ཡེ༷འུ་ཐ༷ན།" ཞེས་གསལ་བས་སོ། །
26 «དར་རྒྱས་གསལ་བའི་སྒྲོན་མེ།» ཤོག་ངོས་[༡༣༦]ལས། "བོད་དུ་སྔ་བའི་རྒྱལ་པོ་དེ་གཉའ་ཁྲི་བཙན་པོའོ་ཞེས་བྱམས་མ་ལས་གསུངས། དེའི་སྐུ་གསུང་གི་གཤེན་གཉིས་བྱུང་སྟེ། མཚེ༷་མི༷་དམུ༷་རྒྱ༷ལ་དང༌། ཅོའུ་ཕྱག་དཀར་གཉིས་སོ།" ཞེས་གསལ་བའང་«སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ་»དང་མཐུན་ནོ། །
27 «དར་རྒྱས་གསལ་བའི་སྒྲོན་མེ།» ཤོག་ངོས་[༡༡༤]ལས། "ཀླུ་གྲུབ་ཀྱིས་འོག་ཀླུ་ཡུལ་དུ་གྲགས་པའི་སྐོར་བཟང་ཟ་ལ་ཞུས་ནས་ཆུ་མིག་བརྒྱད་ཅུ་རྩ་གཉིས་སུ་བསྒྲུབས་པས། ཐུན་མོང་ཆུ་ལ་བྱིང་བ་མེད་པ་དང༌། ནམ་མཁའ་ལ་མེ་ཏོག་གི་ཆར་འབེབས་ལ། མཆོག་སྐུ་ལུས་འོད་ཟེར་དུ་སྤྲོ་ཞིང་ཡི་དམ་ལྷ་དང་གཉིས་མེད་དོ། །དེ་ལ་དམུ་རྒྱལ་གསས་རྗེའི་སྲས་ནམ་མཁའ་སྣང་བའི་མདོག་ཅན་གྱིས་རྒྱུད་གསུམ་ཞུས་ནས་རི་རྒྱལ་ལྷུན་པོར་བསྒྲུབས་པས། ཐུན་མོང་ནམ་མཁའ་ལ་མེ་ཏོག་གི་ཆར་འབེབས་ཤིང༌། ལྷ་སྲིན་གདུག་པ་ཅན་དབང་དུ་བསྡུས་ཏེ་བྲན་དུ་འཁོལ་ལོ། །མཆོག་ཡེ་ཤེས་ལ་གཉིས་སུ་མེད་པར་འཕོ་བར་ནུས་སོ།" །ཞེས་གསལ་ལོ། །
28 «དམུ་གཤེན་ལྷ་ཡི་གདུང་རབས།» ཤོག་ངོས་[༢༦]ལས། "གཤེན་བུ་ཀོ༷ང་ཚ༷་ལ་སྲས་གསུམ་ཡོད་དེ། འོད་ཀྱི་རྒྱལ་པོ། ཐོག་གི་རྒྱལ་པོ། འབྲུག་གི་རྒྱལ་པོའོ། །འོ༷ད་ཀྱི༷་རྒྱ༷ལ་པོ༷འི་སྲས། དམུ་བོན་ཨ་པ་ཏ་སྟི་དང༌། དམུ་རྗེ་ཐུམ་ཐུབ་བསྣལ་མེད་དང༌། དམུ་རྒྱལ་གསས་རྗེ་སྟེ། གཤེ༷ན་ན༷མ་མཁ༷འ་སྣ༷ང་བ༷་མདོ༷ག་ཅ༷ན་ནས་རྫོགས།" ཞེས་གསལ་ལོ། །
29 «རྒྱལ་གཤེན་ཡ་ངལ་གྱི་གདུང་རབས།» ཤོག་ངོས་[༣༠]ལས། "གསེར་མི་འདི་ནི་ཡ་ངལ་སྲིད་པའི་གཤེན། ༼གྱིམ་གོང་སྲིད་པར་ཞིབ་དགོས། མཆན།༽ །ཐབ་གཞོབ་འཁོན་གསུམ་ཐུབ་པ་ལེགས།" །ཞེས་གསལ་ལོ། །
30 «གུ་རིབ་ཕ་རབས་ཀྱི་བྱུང་ཁུངས་མདོར་བསྡུས།» ཤོག་ངོས་[༤]ལས་གསལ་སོ། །
31 «གུ་རིབ་ཕ་རབས་ཀྱི་བྱུང་ཁུངས་མདོར་བསྡུས།» ཤོག་ངོས་[༥]ལས་གསལ་ལོ། །
32 «གུ་རིབ་ཕ་རབས་ཀྱི་བྱུང་ཁུངས་མདོར་བསྡུས།» ཤོག་ངོས་[༨]ལས་གསལ་ལོ། །
33 «གུ་རིབ་ཕ་རབས་ཀྱི་བྱུང་ཁུངས་མདོར་བསྡུས།» ཤོག་ངོས་[༨]ལས་གསལ་ལོ། །
34 «གུ་རིབ་ཕ་རབས་ཀྱི་བྱུང་ཁུངས་མདོར་བསྡུས།» ཤོག་ངོས་[༩]ལས་གསལ་ལོ། །
35 «གསོ་རིག་གི་མན་ངག་སྨན་ནུས་ཀྱི་ངོས་འཛིན་ཀུན་གསལ་ཉི་མའི་དབང་པོ།» ལྡེབ་གྲངས་[ཞེ་བརྒྱད་པ་]ཡི་སྲིབ་ངོས་ལས། "རྒྱུད་པ་རུས་ཀྱི་མིང༌། དཀར་པོ་སྒོ༷་ཡི་རིགས། དམུ༷་རྒྱལ་གཤེ༷ན་དང་རུས་མཐུན་པར་འདོགས་པ། དངོས་ཀྱི་རུས་མིང་ལྟ་བུ་སྐ༷མ་ཚ༷ང་བླ་མའི་གདུང་ལས་གྲོལ་བའི། རྗེ་སྨན་རི་བའི་གྲུབ་རྒྱུད་ཀྱི་རྗེས་འབྲིང་ཡོངས་ཀྱི་ཐ་མ་པ། གཡུང་དྲུང་ཉི་མའི་རྒྱལ་པོའམ། མིང་གཞན་དྲུང་མུ་ཙ་ཝེར།" ཞེས་གསུངས་པས་སོ། །
36 «སྨན་རིའི་མཁན་པོ་སྒོ་སྟོན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རྣམ་ཐར།» ཤོག་ངོས་[༨༣༠]ལས། "བྱེད་པ་པོ་གང་གིས་བཞེངས་ན། སྐམ་རིགས་ཤེས་རབ་ཕུན་ཚོགས་སམ། རྣམ་སྲས་དབང་པོ་བདག་སྟེ། དེ་ཡང་ཡུལ་རིས་ཀྱི་ཁྱད་པར་ལྟ་བུ། མདོ་གམ་མ་ཧ་བྷོ་ཊའི་མངའ་ཡུལ། མི་དབང་སྡེ་དགེ་ཚང་གི་ཡུལ་གྲུ་ནས། ཆེ་བ་རྒྱལ་རིགས་སུ་གཏོགས་ཤིང༌། རྒྱུད་པ་རུས་ཀྱི་མིང་ནི། འོད་གསལ་[༨༣༡]ལྷ་ཡི་གདུང་རྒྱུད། དཀར་པོ་སྒོ་ཡི་རིགས། དབང་ལྡན་ཞུ་ལས་ཆད་པས། ཞུ་ཡི་སྐམ་ཚང་ཞེས་བྱ་སྟེ། སྐམ་གྱི་ལྷ་བོན་ཐོད་དཀར་ནས། ཕྲན་བུ་རྣམ་སྲས་དབང་པོ་བདག་གི་བར་དུ་བླ་རབས་བཞི་བཅུ་རྩ་དྲུག་ལ་བསྟན་པ་དང་སེམས་ཅན་གྱི་དོན་ཁོ་ན་ལས་འབད་པར་བར་མ་ཆད་པ་གཅིག་ཡིན།" ཞེས་གསུངས་པས་སོ། །
37 «སྨན་རིའི་མཁན་པོ་སྒོ་སྟོན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རྣམ་ཐར།» ཤོག་ངོས་[༢༣༥]ལས། "རང་གི་ཨ་ཁུ་དམ་པ་བཀའ་དྲིན་སུམ་ལྡན་གྱི་དྲིན་ཆེན། བསྟན་པའི་གསལ་བྱེད་དུ་གྱུར་པའི་མཁས་གྲུབ། རྗེ་མཁན་ཆེན་བསོད་ནམས་བློ་གྲོས་དབང་གི་རྒྱལ་པོའི་བོན་བདག་ཐུགས་སྲས་ཀྱི་ཡང་ཕུད་དུ་གྱུར་པ། འཇམ་དཔལ་སྨྲ་བའི་སེང་གེ་མི་ཡི་ཟོལ་ལ་བསྟན་པའི་གཡུ༷ང་དྲུ༷ང་ཉི༷་མའི་རྒྱ༷ལ་པོ་ཞེས་མཚན་བརྗོད་པར་དཀའ་བ་དེ་ཉིད་ཀྱིས། བུ་ཁྱོད་རང་གཡུང་དྲུང་བོན་གྱི་གཙུག་རྒྱན་རྗེ་སྨན་རི་བའི་མཁན་པོ་རུ་ལྷ་དང་སྲུང་མའི་ལུང་གིས་བབ་པ་འདི་ཁྱད་པར་ཅན་ཞིག་ཡིན་པ་དང༌། རང་རེ་སྐམ་ཚང་བླ་མའི་གདུང་རྒྱུད་ལའང་མཁས་པ་པཎྜི་ཏའི་རྒྱུད་པ་ཟམ་མ་ཆད་པ་དང༌། རིག་འཛིན་སེམས་དཔའ་འགྲོ་བའི་དོན་ལ་བྱོན་པ་མང་དུ་ཡོད་ཅིང༌། རྗེ་སྨན་རི་བའི་གདན་ས་ལན་གཉིས་ཐོབ་པའི་དོན་གྱི་རྣམ་ཐར་ཞིག་བཀོད་དགོས་གསུངས་ནས། གདུང་རབས་ཀྱི་ལོ་རྒྱུས་ནས་ཁྲི་ལ་འཁོད་ཡན་གྱི་ཡིན་ཚུལ་ཐམས་ཅད་ཕྱག་བྲིས་ཐོ་ཙམ་བཀོད་ནས་བདག་ལ་གནང་སྟེ། འདི་རྣམ་ཐར་གྱི་ཁོག་དབུབ་མཛོད་ལ། དེའི་མུ་སུ་རིམ་གྱིས་བྲིས་གསུངས་པ་ལ། དེ་ལ་བདག་གིས་རྣམ་ཐར་བྲིས་པའི་ཆེ་འདོད་ལྟ་བུ་དགོས་པ་མེད། མི་ཡིས་ཀྱང་དད་པའི་ངེས་ཤེས་མི་བཞག་པས། དེ་བྲིས་པའི་དགོས་པ་མེད་ཞུས་ཀྱང༌། ཁྱོད་ལས་ངས་དཔེ་ཆ་ལ་ལྟ་རྒྱ་ཆེ་བ་གཅིག་ཡིན། དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ཟེར་བ་ནི། རྒྱལ་བ་གོང་མ་ཀུན་གྱི་རྗེས་སུ་བཟུང་ཚུལ་དང༌། ཕྱི་རབས་རྗེས་འཇུག་ཀུན་གྱི་དད་པའི་ངེས་ཤེས་བསྐྱེད་ཕྱིར་ཡིན་མ་གཏོགས། རང་འདོད་ཀྱི་ཆེ་བ་ག་ལ་ཡིན་པས་བྲི་དགོས་གསུངས་ནས་བཀའ་ནན་དྲག་པོ་ཕེབས་པ་དེ་གྱེན་དུ་ལྡོག་མ་ནུས་བྲིས་པའོ།" །ཞེས་གསུངས་པས་སོ། །
38 «སྨན་རིའི་མཁན་པོ་སྒོ་སྟོན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རྣམ་ཐར།» ཤོག་ངོས་[༤༧༩]ལས། "ས་བཅད་དང་པོ་རྒྱུད་པ་རུས་ཀྱི་ཆེ་བ་བཤད་པ་ནི། ཐོག་མར་བོན་ཉིད་ཀྱི་ཀློང་ནས། རྫོགས་སྐུ་གཤེན་ལྷ་འོད་དཀར་གྱི་ཐུགས་རྗེའི་འོད་ལས་སྤྲུལ་པའི་གནམ་ནས་ས་ལ་བྱོན་པའི་གདུང་རྒྱུད་ཁྱད་པར་ཅན་ཞིག་ཡིན་ཞེས་པས།ལྷ་ཆེན་གཤེན་ལྷ་འོད་དཀར་གྱིས་འགྲོ་དྲུག་ཐུག་རྗེས་འདྲེན་པའི་ཁྱད་པར་དུ་སྐུ་གསུང་ཐུགས་ཀྱི་ཀློང་ནས་འོད་ཟེར་སྣ་ཚོགས་སྣང་ཁམས་ཡོངས་ལ་སྤྲོས་ནས། ཁམས་གསུམ་རིས་དྲུག་གིས་སྡུག་བསྔལ་དང་སྡིག་སྒྲིབ་གསལ་ཞིང་སྦྱང་ནས། འདོ་ཟེར་སླར་འདུས་པའི་བཅུད་ལས་རིན་ཆེན་འོད་དུ་འབར་བའི་སྒོ་ང་ཕྱི་ནང་སྒྲིབ་མེད་དུ་གསལ་བ་གསུམ་དུ་གྱུར་ཏེ། སྐུ་ཡི་འོད་ལས་གྲུབ་པའི་སྒོ་ང་ནི། ནམ་མཁའ་དྭངས་པའི་དབྱིངས་རུམ་ལྷ་རི་འོད་དཀར་གྱི་རྩེ་མོར་བབས་ནས་བརྡོལ་བའི་ཕྱི་ཤུན་ལ་དགུ་ཁྲི་གླིང་མཁར་ལྷ་ཡི་མཁར་དུ་སྲིད། ནང་གི་སྙིང་པོ་ལ་རྫུ་འཕྲུལ་ཐུགས་དཀར་ལྷ་ཡི་རྒྱལ་པོར་སྲིད། གསུང་ལས་སྤྲུལ་པའི་སྒོ་ང་ནི། བར་སྣང་རི་རབ་ཁ་ཁྱེར་ཡོད་རི་དིའུ་དཀར་གྱི་རྩེ་མོར་བབས་ནས་བརྡོལ་བའི་ཕྱི་ཤུན་ལ་ཁྲོ་ཆུའི་དམུ་རྫོང་དགྲ་བླའི་མཁར་དུ་སྲིད། ནང་གི་སྙིང་པོ་ལ་ཡེ་མཁྱེན་མཐུ་ཆེན་སྒྲ་བླའི་རྒྱལ་པོར་སྲིད་དོ། །ཡང་ཐུགས་ཀྱི་འོད་ཟེར་ལས་གྲུབ་པའི་སྒོ་ང་ནི། ས་གཞི་འཛམ་གླིང་གནས་མཆོག་དམུ་རི་སྨུག་པོའི་རྩེ་མོར་བབས་ནས་བརྡོལ་བའི་ཕྱི་ཤུན་ལ། ལོ་ཕྲོམ་སྨུག་པོ་བསེ་ཡི་མཁར་དུ་སྲིད། ནང་གི་སྙིང་པོ་ལ་དམུ་རིགས་བཙུན་པོ་མི་ཡི་རྒྱལ་པོར་སྲིད་དོ། །རྒྱལ་པོ་དེ་གསུམ་ནང་ནས་ཡེ་ནས་མཁྱེན་པའི་ཡེ་ཤེས་དང་ལྡན་ཞིང་གསུང་གི་གདངས་དབྱངས་ཐོག་འབྲུག་ལ་སོགས་བར་སྣང་གིས་སྒྲ་ཆེན་སྒྲོག་པས་བརྟོལ་ཞིང༌། སྲིད་པ་གསུམ་གྱི་བླ་རུ་མཆོད་ཅིང་བཟང་དགུ་ལེགས་བཅུའི་བླ་རྟགས་སུ་ཤར་བའི་ཡེ་མཁྱེན་སྒྲ་བླའི་རྒྱལ་པོ་དང༌། འབྲུག་ལྕམ་དར་མ་ཀུན་གྲགས་མ་གཉིས་བཤོས་པའི་སྲས་ནི། སྒྲ་བླ་དགུ་རྒྱུད་སྤྲུལ་ཏེ། དེའི་དགུ་ཚིགས་ལ་ཡེ་ཤེས་ལྷ་ཡི་དབང་བཞི་རྫོགས་པར་བཀུར་ཞིང༌། སྒོ་བ་རྔམས་ཆེན་ཁྲོ་བོ་བཞི་ཡི་མཐུ་རྩལ་ཆེན་པོ་འདུས་པའི་དབལ་བོན་དེ་ནི། ཡེ་ཤེས་དབང་རྫོགས་སམ་སྲིད་པའི་སྒོ་བོན་མཐུ་ཆེན་ནམ། སྒོ་ལྷ་བོན་ལྷ་སྲས་ཡིན་ཏེ། དེ་དག་གི་ཡོད་ཁམས་ལྷ་དང་གཤེན་གྱི་ཁ་འཛིན། མེད་ཁམས་བདུད་དང་སྲིན་པོའི་གཉའ་གནོན་དུ་མཛད་ཅིང༌། སྔོན་ཚེ་ལྷ་སྲིན་འཁྲུག་པའི་སྐབས་སུ་ངམ་བདུད་ཟུ་ཟུ་མིག་དམར་སོགས་བཏུལ་ནས་ཡོད་ཁམས་ལྷ་མི་གཤེན་གསུམ་བདེ་ལ་བཀོད་པའི་ལོ་རྒྱུས་སོགས་རྒྱས་བཤད་ནི་ཐུགས་དཀར་རིན་པོ་ཆེའི་རྒྱུད་ལས་གསལ་བས་འདིར་མ་སྤྲོས། དེ་ཡང་ནས་སྲིད་པའི་སྒོ་བོན་མཐུ་ཆེན་དེས། སྒམ་པོ་ཕྱ་ཡི་ཡུལ་དུ་འགྲོ་དོན་རིང་པོར་མཛད་པའི་མཐར་ཡེ་ཤེས་ལྷ་ཡི་ལུང་བསྟན་ནས་གངས་ཅན་བོད་ཁམས་འདུལ་བའི་གཤེན་པོ་རུ་བསྐོས་ནས། ལྷ་སྲས་གཉའ་ཁྲི་བཙད་པོ་མང་པོའི་བཀུར་བའི་རྒྱལ་རྒྱུད་དབུ་ནག་བོད་ཀྱི་རྗེ་བོར་བཀུར་ན་ལེགས་ཞེས་པ་སོགས་ཀྱི་བོད་ལ་ལུང་བསྟན་མཛད་པའི་ཕྱིར་དུ་སྒོ་བོན་འདི་གནམ་ནས་ས་ལ་གཤེགས་ཤིང༌། ཡར་ལྷ་ཤམ་པོའི་མགུལ་དུ་བབས་པས། བོད་ཁམས་མི་རྣམས་འདུས་ནས་ཕྱག་དང་མཆོད་པས་བདུན་བསུས་པའི་སྐབས་སུ་ཁོང་གི་གོང་ལྟར་ལོ་རྒྱུས་རྣམས་གསུངས་པས། དེ་ཡི་དོན་ལས་སྦྱར་ནས་ཀུན་གྱིས་མཚན་གསོལ་བ་ནི། སྒོ་ལྷ་བོ་ལྷ་སྲས་སོ། །ལྷ་སྲས་དེ་ཡི་སྐུ་ལ་སྤྲུལ་པའི་སྲས་དང༌། ཐུགས་ལ་སྤྲུལ་པའི་སྲས་གཉིས་སོ། །སྐུ་ལ་སྤྲུལ་པ་ནི་དམུ་ལྕམ་ངང་རིང་མ་དང་བཤོས་པའི་སྲས་ནི། སྒོ་སྟོན་ལྷ་བོན་ནོ། །ཐུགས་ལས་སྤྲུལ་པ་ནི་གནམ་གདོང་དཀར་པོ་ལས་གྲོལ་བ་གཡས་བོན་ལྕགས་ཀྱི་བྱ་རུ་ཅན་ཞེས་པ་དབང་ལྡན་ཞུ་ཚང་གི་གྲོལ་ཕུགས་སོ། །དེ་ཡང་སྒོ་སྟོན་ལྷ་འབུམ་བོན་ནི། བོད་རྗེ་གཉའ་ཁྲི་སོགས་རྒྱལ་རབས་རྣམས་ཀྱི་གཙུག་གི་མཆོད་གནས་གསོལ་བ་འདེབས་པའི་རྟེན་བྱས་ནས། བོད་རྗེ་ཆེན་པོའི་སྐུ་གཤེན་དེ་ལ་ལྷ་ཡི་ན་བཟའ་དྲི་མ་མེད་པ་དར་ལ་སེང་དཀར་པོའི་དབུ་ཐོད་ཡུག་ཅིག་ཕུལ་ནས་སྐམ་པོ་གནས་ནང་དུ་གདན་ས་བཏབ་ནས་བཞུགས་སུ་གསོལ་བས། བོད་ཀྱི་སྐད་གསར་འགྱུར་གྱི་མཚན་གསོལ་བ་ནི། སྐམ་གྱི་ལྷ་བོན་ཐོད་དཀར་ཞེས་བྱ་བའོ།" །ཞེས་པས་སོ། །
39 «སྨན་རིའི་མཁན་པོ་སྒོ་སྟོན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རྣམ་ཐར།» ཤོག་ངོས་[༤༦༤]ལས་གསལ་ལོ། །
40 «དབུ་ནག་མིའུ་འདྲ་ཆགས།» ཤོག་ངོས་[༡༠༩]ལས་གསལ།
41 «དབུ་ནག་མིའུ་འདྲ་ཆགས།» ཤོག་ངོས་[༡༡༠]ལས་གསལ།
42 «སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ།» ཤོག་ངོས་[༩༨]དང་ཤོག་ངོས་[༣༥༤]ལས་སོ། །
43 «སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ།» ཤོག་ངོས་[༣༢༢]ལས། "དམུ་རིགས་སྒོ་རྒྱལ་གཤེན་གྱི་རྒྱུད། །གཤེན་སྒུར་ཀླུ་དགའ་བྱ་བ་ཡི།" །ཞེས་གསུངས་པས་སོ། །
44 «སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།» པོད་བཞི་པའི་ཤོག་ངོས་[༣༢༦]ནང་«སྨོན་རྒྱལ་གྱི་གདུང་རྒྱུད་ལ་དཔྱད་པའི་གཏམ་»ཞེས་པ་ལས་གསལ།
45 «བཤད་མཛོད་ཡིད་བཞིན་ནོར་བུ།» ཤོག་ངོས་[༡༧༩]ལས། "སྨུ་ལ་ཀོ་ལེའི་ཕྲ་བརྒྱད་ཟེར་ཙ་ན། །ཡུལ་ཅིག་ལྷ་ཡུལ་གུང་ཐང་ན། །ལྷ་ཆེན་ཁྲི་ཤེལ་དཀར་པོ་ཡི། །ཐུགས་ལས་སྤྲུལ་པའི་ཁྱེའུ་གཅིག །རྨུ་ཡི་ཡུལ་དུ་ཀོ་ལེ་ཆགས། །དེ་ཡིས་རྨུ་ཡི་རྗེ་མཛད་པས། །མཚན་ནི་རྨུ་རྗེ་ཀོལ་པོར་བཏགས། །རྨུ་རྗེ་ཀོལ་པོ་དེ། །མི་ཡི་ཡུལ་དུ་བྱོན་ནས་སུ། །དེ་དང་རྗེ་མོ་ཁུག་ཆོས་སྨན། །སྦྱར་མོ་གསིལ་དང་བཤོས་པའི་སྲས། །རྨུ་ལ་ཀོ་ལེ་ཕྲ་བརྒྱད་བྱུང༌། །ངམ་དང་སྣུབས་དང་གཞུང་དང་གསུམ། །འག༷ར་དང་དཀར་དང་སྨོ༷ན་དང་གསུམ། །སྙོས་དང་ངན་ལམ་གཉིས་ཏེ་བརྒྱད། །རྨུ་ལ་ཀོ་ལེ་ཕྲ་བརྒྱད་ཟེར་བ་ཡིན།" །ཞེས། ཆབ་མདོ་ཤེས་རབ་ཀྱིས་བརྩམས་པའི་«ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ་»དེབ་འཕྲེང་དང་པོའི་ཤོག་ངོས་[༢༢༣]ལས་བཏུས།
46 «ལྷ་རིགས་རླངས་ཀྱི་སྐྱེ་རྒྱུད།» ཤོག་ངོས་[༦]པ་ལས་གསལ།
47 «རྒྱ་བོད་ཆོས་འབྱུང་རྒྱས་པ།» ཤོང་ངོས་[༢༣༢]ལས། "ཞང་རྨུ་ཡུལ་གྱི་ཐང་ཐང་གི་སྲས་མོ་མཆེད་གསུམ་ལས། ཕུ་མོ་དྲེ་རྨུ༷་དྲེ༷་བཙ༷ན་མོ༷་དང་ཁྲི་གར་གྱི་བདུན་ཚིགས་བཤོས་པའི་སྲས་དེས་ཡུམ་གྱི་ལྷུམས་ནས་གསོལ་པ། ཀྱེ་ཡུམ་གཅིག་ཡར་གཤེགས་ན་ཡུམ་གྲོངས་འགྲོ། མར་གཤེགས་ན་ནི་སྲས་མནོལ་བས་སྒལ་པའི་མཁར་གཅིག་དབྱེ་བར་གསོལ་བྱས་ནས། སོག་ཕྲག་གཡས་པ་ནས་བྱོན་ནས་མའི་གཉའ་བ་ནས་བྱོན་པས། མཚན་ཡང་གཉའ་ཁྲི་བཙན་པོར་བཏགས་སོ།" །ཞེས་གསལ་ལོ། །
48 «རྒྱ་བོད་ཆོས་འབྱུང་རྒྱས་པ།» ཤོང་ངོས་[༢༣༣]ལས། "བར་སྣང་ནས་ལྷ་ཡི་སྒྲ་བསྒྲགས་པ། ཀ་ཡེ་བོད་འབངས་མགོ་ནག་གི་རྗེ་འདོད་ན། རྨུ་ཡུལ་ངམ་འབྲང་ལྕང་འབྲང་བྱ་བ་ན། གནམ་རིམ་པ་བདུན་གྱི་སྟེང་གསེར་མཁར་གཡུ་བད་ཅན་གྱི་ནང་ན་ལྷ༷འི་གདུ༷ང་རྨུ༷འི་ཚ༷་ལྷ་རྗེ་གཉའ་ཁྲི་བཙན་པོ་བྱ་བ་བཞུགས་ཀྱི་མགོ་ནག་གི་རྗེར་སྤྱན་དྲོངས་ཤིག་བྱ་བའི་སྒྲ་བྱུང་ངོ༌།་" །ཞེས་སོ།།
49 «ལྷ་རིགས་རླངས་ཀྱི་སྐྱེ་རྒྱུད།» ཤོག་ངོས་[༥]པ་ལས་གསལ།
50 «སྨན་རིའི་མཁན་པོ་སྒོ་སྟོན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རྣམ་ཐར།» ཤོག་ངོས་[༣༠༩]ལས་གསལ་ལོ། །
51 «ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ།» དེབ་འཕྲེང་དང་པོའི་ཤོག་ངོས་[༢༤༦]ལས་གསལ།
52 «རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མ།» ཤོག་ངོས་[༨༢]ལས་གསལ།
53 «ལ་དྭགས་རྒྱལ་རབས།» ཤོག་ངོས་[༥]ལས་གསལ།
54 «རུས་མཛོད་མེ་ཏོག་སྐྱེད་ཚལ།» ཤོག་ངོས་[༢]ལས། "དེ་ནས་རིགས་ཟང་པོ་རྣམས་ཀྱི་རང་ཤུགས་ཀྱི་ལས་རྣམས་བསྒྲུབ་ལ་དེའི་བོད་ཀྱི་ཡུལ་ལྷ་རྣམས་དྭངས་པ་ཆེན་པོའི་མཆོད་པས། དེ་དག་རྣམས་ལ་ཞིང་པོ་ཞེས་ཟེར་ལ། ཕྱིས་དེ་རྣམས་ཀྱི་རིགས་ལ་ཞིང་བོ་ལྷ་རིགས་རྒོ་ཡང་ཟེར་བར་མངོན་པས་ལྷ༷་རི༷གས་རྒོ༷་དང༌། བསེའི་ནང་གི་བཟང་པོ་གཙོ་བོ་རྣམས་ལ་བསེ༷་ཁྱུ༷ང་སྦྲ༷། དེ་བཞིན་དུ་དམུ་ཡི་ནང་གི་རིགས་བཟང་པོ་གཙོ་བོ་རྣམས་ལ་དམུ༷་ཚ༷་རྒ༷། ལྡོང་གི་ནང་གི་རིགས་གཙོ་བོ་བཟང་པོ་རྣམས་ལ་ཨ༷་སྤོ༷་ལྡོ༷ང༌། སྟོང་གི་ནང་གི་རིགས་བཟང་པོ་གཙོ་བོ་རྣམས་ལ་ཨ༷་ཐ༷ང་འབྲུ༷་ཞེས་བརྗོད་པ་འདིའོ།" །ཞེས་གསུངས་པ་ལྟར་རོ། །
55 «བླ་མ་གཤེན་གྱི་རྣམ་ཐར།» ཤོག་ངོས་[༢༣༩]ལས་གསལ།
56 «བཻ་རོ་ཙཱ་ནའི་ལུང་བསྟན།» ཤོག་ངོས་[༡༡༠]ལས་གསལ།
57 «དབུ་ནག་མིའུ་འདྲ་ཆགས།» ཤོག་ངོས་[༡༡༢]ལས་གསལ།
58 «དར་རྒྱས་གསལ་བའི་སྒྲོན་མེ།» ཤོག་ངོས་[༢༠༥]ལས། "དང་པོ་གཤེན་གྱི་ལོ་རྒྱུས་ནི། བླ་མ་གཤེ༷ན་གྱི་གདུང་རྒྱུད། སྒ༷་ཚ༷་དམུ༷་རིགས། མེས་བཀྲ་གསལ་རྒྱལ་པོ་དང༌། ཕྱི་མོ་ལྷ་བཙན་བཙུན་མོ་གཉིས། ཁམས་ཀྱི་གཙང་ཁ་ནས་ཅོག་རོ་འབྲི་མཚམས་སུ་ཆད།" ཅེས་གསལ་ལོ། །
59 «ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།» ཤོག་ངོས་[༢༥༠]ལས་གསལ། འོན་ཀྱང༌། «སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ།» ཤོག་ངོས་[༣༢༢]ལས། "དམུ་རིགས་སྒོ་རྒྱལ་གཤེན་གྱི་རྒྱུད། །གཤེན་སྒུར་ཀླུ་དགའ་བྱ་བ་ཡི།" ཞེས་"དམུ་རིགས་སྒོ་རྒྱལ་"བྱ་བ་ཞིག་ལས་"དམུ་རིགས་སྒ་ཚ་གཤེན་གྱི་རྒྱུད་"ཅེས་པ་ཞིག་མ་རྙེད་དོ། །
60 «བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ།» ཤོག་ངོས་[༡༢༧]ལས། "དམུ་རིགས་རྒྱལ་བ་གཤེན་རབ་ཀྱི་སྲས་གཤེན་བུ་ཀོང་ཚ་དབང་ལྡན་གྱི་གདུང་རྒྱུད་བོད་དུ་ལྷགས་པ་ལ། བོན་ཆོས་དར་ནུབ་ཀྱི་དུས་སུ་བན་དེ་རྙིང་མའི་ཆོས་བརྒྱུད་ཅན་དུ་གྱུར་ནས་མདོ་སྨད་ཧོར་གྱི་ཡུལ་དུ་ཆད། གཤེན་ཚང་དང་གཤེན་ཚ་སྟེ་མི་སྡེ་གཉིས་སུ་གྱེས་ཀྱང་ཟེར།" ཞེས་སོ། །
61 «ལྡོང་གི་རུས་མཛོད།» འབྲི་ཤོག་ལག་བཤུས་མའི་ཤོག་ངོས་[༡༣]ལས་གསལ་ཞེས་ཆབ་མདོ་ཤེས་རབ་ཀྱིས་བརྩམས་པའི་«ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ་»དེབ་འཕྲེང་དང་པོའི་ཤོག་ངོས་[༢༢༩]ལས་གསལ་ལོ། །
དཔྱད་ཁུངས་ཡིག་ཆ།
«མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ།» མདོ་འདུས། ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་༢༠༠༤ལོར་སི་ཁྲོན་ནས་དཔར་དུ་བསྐྲུན་པའི་དཔེ་གཟུགས། པོད་ཨང་སུམ་ཅུ་པ།
«འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ།» དྲི་མེད་གཟི་བརྗིད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་དེབ་འཕྲེང༌།
«སྲིད་པ་ལས་ཀྱི་གཏིང་ཟློག་རྩ་རྒྱུད་ཀུན་གསལ་ཉི་ཟེར་སྒྲོན་མ།» གྲུབ་ཐོབ་ཆེན་པོ་བྲ་བོ་སྒོམ་ཉག་རྒྱལ་བ་གྲགས་པས་ཕྱི་ལོ་༡༣༡༠ཡས་མས་སུ་གཏེར་ནས་བཏོན། བོན་གཞིས་ཐོབ་རྒྱལ་གསར་པའི་དཔར་མའི་དཔེ་གཟུགས།
«གཡུང་དྲུང་བོན་གྱི་རྒྱུད་འབུམ།» ཡོངས་འཛིན་བསྟན་རྣམ་གྱིས་ཕྱོགས་བསྒྲིགས་མཛད་ཅིང་(Tibetan Bonpo Monastic Centre)གྱིས་༡༩༧༢ལོར་དཔར་དུ་བསྐྲུན་པའི་(SOURCES FOR A HISTORY OF BON - A collection of rare manuscripts from Bsam-gling monastery in Dolpo) ཞེས་པའི་དཔེ་གཟུགས་དེབ་ཅན།
«བཻ་རོ་ཙཱ་ནའི་ལུང་བསྟན།» བཻ་རོའི་ལྡེ་མིག་ཆུང་བའང་ཟེར། ཡོངས་འཛིན་བསྟན་རྣམ་གྱིས་ཕྱོགས་བསྒྲིགས་མཛད་ཅིང་(Tibetan Bonpo Monastic Centre)གྱིས་༡༩༧༢ལོར་དཔར་དུ་བསྐྲུན་པའི་(SOURCES FOR A HISTORY OF BON - A collection of rare manuscripts from Bsam-gling monastery in Dolpo) ཞེས་པའི་དཔེ་གཟུགས་དེབ་ཅན།
«བླ་མ་གཤེན་གྱི་རྣམ་ཐར།» ཡོངས་འཛིན་བསྟན་རྣམ་གྱིས་ཕྱོགས་བསྒྲིགས་མཛད་ཅིང་(Tibetan Bonpo Monastic Centre)གྱིས་༡༩༧༢ལོར་དཔར་དུ་བསྐྲུན་པའི་ (SOURCES FOR A HISTORY OF BON - A collection of rare manuscripts from Bsam-gling monastery in Dolpo) ཞེས་པའི་དཔེ་གཟུགས་དེབ་ཅན།
«སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ།» ཁོད་པོ་བློ་གྲོས་ཐོགས་མེད་ཀྱིས་མཛད། ཡོངས་འཛིན་བསྟན་རྣམ་གྱིས་ཕྱོགས་བསྒྲིགས་མཛད་ཅིང་(Tibetan Bonpo Monastic Centre)གྱིས་༡༩༧༦ལོར་དཔར་དུ་བསྐྲུན་པའི་དཔེ་གཟུགས་དེབ་ཅན།
«གཏེར་གྱི་ཁ་བྱང༌།» སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཀྱིས་བསྒྲིགས་པའི་དེབ་གཟུགས་དཔར་སློག་ཅན།
«བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།» སྤ་བསྟན་རྒྱལ་བཟང་པོ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན་པའི་དེབ་གཟུགས།
«རྒྱལ་གཤེན་ཡ་ངལ་གྱི་གདུང་རབས་ཨུན་ཆེན་ཚངས་པའི་སྒྲ་དབྱངས།» རྒྱལ་གཤེན་ཡ་ངལ་གྱི་གདུང་རབས། ཡང་སྒོམ་མི་འགྱུར་རྒྱལ་མཚན་གྱིས་མཛད། དོལ་པོའི་གསུང་རབ་ཉམས་གསོ་ཁང་གིས་བསྐྲུན་པའི་དེབ་གཟུགས།
«གསོ་རིག་གི་མན་ངག་སྨན་ནུས་ཀྱི་ངོས་འཛིན་ཀུན་གསལ་ཉི་མའི་དབང་པོ།» སྐམ་ཚང་བླ་མ་གཡུང་དྲུང་ཉི་མའི་རྒྱལ་པོས་མཛད། དགེ་བཤེས་ཤེས་རབ་རིན་ཆེན་གྱི་སྒེར་དཔེ་བྲིས་མ།
«དཔལ་གཤེན་བསྟན་སྨན་རིའི་མཁན་པོ་སྒོ་སྟོན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རྣམ་ཐར་ལེགས་བཤད་ཉི་མ་འབུམ་གྱི་འོད་ཅན་འགྲོ་ཀུན་བློ་མུན་སེལ་བའི་སྒྲོན་མེ།» ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད། གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ། སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མས་༡༩༩༨ལོར་ལྷ་ས་ནས་དཔར་དུ་བསྐྲུན་པའི་དཔེ་གཟུགས། པོད་ཨང་དགུ་བཅུ་པ།
«སྡེ་དགེའི་མཆོད་གནས་ཐར་བདེའི་བླ་མ་གཡུང་དྲུང་རྒྱལ་མཚན་གྱིས་ཕུལ་བའི་ཞུ་ཡིག» དཔེ་ཚན་འདིའི་ཁ་བྱང་དུ་དེ་ལྟར་གསལ་འདུག་ཀྱང༌། ཞིབ་རྒྱས་སུ་བལྟས་ན་འདི་ཉིད་ཀུན་མཁྱེན་ཉི་མ་བསྟན་འཛིན་མཆོག་གི་རང་རྣམ་«འགྲོ་ཀུན་བློ་མུན་སེལ་བའི་སྒྲོན་མེ་»ཡི་དུམ་ཐོར་ཞིག་ཏུ་སྣང༌། གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ། སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མས་༡༩༩༨ལོར་ལྷ་ས་ནས་དཔར་དུ་བསྐྲུན་པའི་དཔེ་གཟུགས། པོད་ཨང་དགུ་བཅུ་པ།
«ཐུན་མོང་སྡུད་གྲྭའི་རྣམ་བཤད།» ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དཔར་མའི་དེབ་གཟུགས།
«ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དཔྱོད་ལྡན་དགའ་བའི་ཆར།» ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་དེབ་གཟུགས།
«ཀུན་གྱི་ནང་ནས་སྤྱི་རྗེའི་གཙུག་གི་ནོར་བུ་ལྟར་ཡོངས་སུ་དཔགས་པའི་དམུ་གཤེན་ལྷ་ཡི་གདུང་རབས་དབྱར་གྱི་རྔ་གསང་ལྡིར་བའི་སྒྲ་དབྱངས།» གཤེན་གྱི་དྲང་སྲོང་གཡུང་དྲུང་རིན་ཆེན་རྒྱལ་མཚན་གྱིས་སྦྱར་ཞེས་གསལ་བ། གཤེན་སྲས་ནོར་བུ་དབང་རྒྱལ་མཆོག་ནས་དཔེ་རྙིང་མཁོ་འདོན་གནང་སྟེ། ཞང་ཞུང་རིག་གནས་དར་རྒྱས་ཚོགས་པས་བཏོན་པའི་«ཞང་ཞུང་རིག་གནས་»༢༠༠༧ལོའི་དེབ་དང་པོ།
«བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ།» མཁས་གྲུབ་ལུང་རྟོགས་རྒྱ་མཚོས་མཛད། ཧྤ་རན་སིའི་རྒྱལ་ཁབ་ཀྱི་(INSTITUTS D' ASIE - Centre d' Etudes Tibetaines)ཞེས་པར་བཞུགས་པའི་དཔེ་གཟུགས།
«སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།» པོད་བཞི་པ། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཀྱི་དཔར་མའི་དེབ་གཟུགས།
«དབུ་ནག་མིའུ་འདྲ་ཆགས།» ཆེ་དགུ་རིང་བཅུ་འཛོམས་ཏེ་གཏན་ལ་ཕབ། (National Museum of Ethnology, Osaka, Japan)གྱིས་དཔར་དུ་བསྐྲུན་པའི་དེབ་གཟུགས་<<The Call of the Blue Cuckoo>>ཞེས་པའི་ཚན་པ་གསུམ་པ།
«བཤད་མཛོད་ཡིད་བཞིན་ནོར་བུ།» དོན་དམ་སྨྲ་བའི་སེང་གེས་མཛད། དཔེ་གཟུགས་བྲིས་མ།
«ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན།» ལྡེའུ་ཇོ་སྲས་ཀྱིས་བརྩམས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གི་དེབ་གཟུགས།
«མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ།» གངས་ཅན་རིག་མཛོད། དེབ་འཕྲེང་གསུམ་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དེབ་གཟུགས།
«ལ་དྭགས་རྒྱལ་རབས།» བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དེབ་གཟུགས།
«གུ་རིབ་ཕ་རབས་ཀྱི་བྱུང་ཁུངས་མདོར་བསྡུས།» དོལ་པོའི་བླ་མ་བསྟན་འཛིན་ནོར་བུའི་སྒེར་དཔེ་ལས་དོལ་པོའི་མཁན་པོ་དགེ་བཤེས་སྨན་ལྷ་ཕུན་ཚོགས་ཀྱིས་བཤུས་བསྒྲིགས་བྱས་པའི་དཔེ་གཟུགས་མ།
«ལྡོང་གི་རུས་མཛོད།» འབྲི་ཤོག་ལག་བཤུས་མ།
«ལྷ་རིགས་རླངས་ཀྱི་སྐྱེ་རྒྱུད།» ཨ་ཉེ་བྱང་ཆུབ་འདྲེ་བཀོལ་གྱི་གསུང༌། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་དེབ་གཟུགས།
«བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ།» གྱི་ལུང་བཀྲ་ཤིས་རྒྱ་མཚོ་དང་གྱི་ལུང་ཐུགས་མཆོག་རྡོ་རྗེ་ཟུང་གིས་བརྩམས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་དེབ་གཟུགས།
«ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ།» ཆབ་མདོ་ཤེས་རབ། དེབ་འཕྲེང་དང་པོ།
༼འདི་ག་གཙོ་སྒྲིག་པས་གསལ་བཤད། ཆོས་འཁོར་ཚང་ཉི་མ་འོད་ཟེར་ལགས་ངེད་དྲ་བའི་ནང་ལ་མཚམས་སྦྱོར་གནང་བ་དང་ལྷན་དྲ་གྲོགས་གང་མང་ཞིག་གིས་ཁོང་གིས་རྩོམ་ཡིག་འདི་ཉིད་ནང་ལ་བོན་རང་གཞུང་དང་མི་མཐུན་པའི་དཔྱད་པ་བྱས་ཡོད་ཚུལ་དཔྱད་གཏམ་སྤེལ་བ་ལ་ཆེད་དུ་འདིར་བཀོད་པ་ཡིན།༽